Back To Top

མ་ཧེ་རྔ་གཡག་གསུམ་གྱི་བཀའ་བར་བ་མཚན་ཉིད་མེད་ལའི་མདོ་བཞུགས་སོ། །

བཀླགས་གྲངས། 1167

ཤེད་བུས།

འདི་སྐད་བདག་གིས་ཐོས་པ་དུས་གཅིག ཧྥ་རན་སིའི་བྱང་ཕྱོགས་བྷོ་ཝེ་ལ་བྷོ་ཞེ་རུ་ལས་བཟོ་བ་རྐང་ལོ་དང་ཐབས་གཅིག་ཏུ་བཞུགས་སོ། དེའི་ཚེ་ཤེད་ཀྱི་བུ་ཤུགས་ལས་གཙུབ་བརྡར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ཡང་དེའི་ཚེ། །རྒྱ་གར་ལྷོ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དབྱངས་བཤད་སྒྲུབ་ཀྱིས། ཤེད་ཀྱི་བུ། རྔ་མོང་ལ་སྤུ་མེད་པ་ནི་གཡག་ལ་གཡར་ནས་བོད་ལ་སོང་རྗེས། རྩྭ་ཆུ་འཛོམས་པ། མཁའ་དབུགས་དྭངས་པ། སྤང་ལྗོངས་ཡངས་པ། རྫ་རི་བརྗིད་པ། རྩྭ་ཆུ་འཛོམས་པ། བཟང་འཛོམས་བཅུད་ལྡན་གྱི་སྨན་རྩྭར་དུས་ཚིགས་བཞི་བོར་རོལ་ཆོག་པ། དབྱར་གྱི་དུས་སུ་མེ་ཏོག་གི་ཚལ་དུ་ཧིར་ལྡིར་བྱས་ཏེ། ར་རྩེ་བྲག་ལ་བརྡར་ན་གློག་དམར་འཁྱུག་པ། ས་ལ་བརྡར་ན་རླུང་ནག་འཚུབ་པ། དགུན་གྱི་དུས་སུ་ཆུ་བོ་ཐམས་ཅད་ཀྱིས་དར་དཀར་གྱི་ན་བཟའ་གྱོན་པ། སྟོན་གྱི་དུས་སུ་རྩྭི་ཤིང་ཐམས་ཅད་ཀྱི་སྟེང་དུ་སིལ་བ་དཀར་པོའི་མེ་ཏོག་ཁྲོམ་པ། དཔྱིད་ཀྱི་དུས་སུ། སྔོ་རྩེ་དམར་གྱིས་ཡིད་ཀྱི་དྲན་པ་རྐུ་བ། ཆུ་དྭངས་གཙང་གིས་ཁོག་པའི་སྐོམ་པ་སོད་པ་སོགས་ཀྱི་ལོངས་སྤྱོད་བློས་གཏོང་མ་ཐུབ་པར་བོད་ནས་ལྷག་པས། རྔ་མོང་གིས་ནམ་རྒྱུན་བྱེ་ཐང་སྐེ་ཐུ་གནམ་ལ་བསྲིངས་ནས་བོད་ལ་བལྟས་ཏེ། གཡག་ཡོང་བར་སྒུག་གིན་པ་མ་ཟད། གཡག་འགྲོ་ཁར་རྒྱབ་ཀྱི་གླང་སྒའང་རྔ་མོང་ལ་བསྟད་དེ་ཕྱིན་པས། རྔ་མོང་གི་རྒྱབ་ན་གླང་སྒ་རང་བྱོན་གྱི་ཤ་རྡོག་གཉིས་འབུར་ཡོད་པ་རེད་་ཅེས་ཐོས་པ་ལགས་ན། ཤེད་ཀྱི་བུས་བདེན་པའི་ལུང་སྩོལ་བར་ཞུ། དཔྱོད་པའི་སྒོ་སྟོན་པར་ཞུ། རིགས་པའི་ལམ་ལ་ཁྲིད་པར་མཛོད་ཅེས་བླ་གོས་ཀྱི་སྣེ་མོ་ཕྲག་པ་གཡས་པ་ནས་གཡོན་པ་ལ་བསག་འཕེན་གཡག་གི་ར་ཀོག་འདྲ་བ་ཞིག་བྱས་ཏེ། རྣ་བ་བླགས་ནས་བསྡད།
    ཡང་དེའི་ཚེ་ཤེད་ཀྱི་བུའི་མཐུས། རྒྱ་གར་བྱང་ཕྱོགས་ནས་དགྲ་བཅོམ་པ་ལུགས་ལྡོག་གིས་། ཤེད་ཀྱི་བུ། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། རྒྱ་གར་ལྷོ་ཡི་ཕྱོགས། རྒྱ་མཚོ་དང་ཆེས་ཁ་ཐག་ཉེ་བའི་ཡུལ། ཚ་བའི་ཞིང་ཁམས་ཆེན་པོ། དུས་བཞིར་ལྗན་ལྗིན་སྔོ་ལྗང་གི་ཁ་དོག་གཅིག་གིས་ས་གཞི་ཁྱབ་པ། ནགས་ཚལ་དང་འདམ་འབག་འཁོར་བའི་ཡུལ་དུ་མ་ཧེ་དང་ལྷན་དུ་གཡག་གིས་ཀྱང་འཚོ་བ་རོལ་མགོ་བརྩམས་མོད། ཉིན་མཚན་དབྱེར་མེད་དུ་ལྕི་སྦྲང་གིས་གཡེང་ཞིང་། དུག་སྦྲང་གིས་གཟན་ནས་སྡོད་མ་ནུས་པ་དང་། ཚ་གདུག་གི་ནང་དུ་ཁྲུས་ལ་རོལ་བསམ་ནའང་། དྭངས་གཙང་གི་རྫ་ཆུ་དང་གངས་ཆུ་ཉིན་གྱི་སྐར་མ་བཞིན་དཀོན་པ། བསིལ་རླུང་གི་གཡབ་མོ་ཙམ་ཡང་མཚན་དཀྱིལ་གྱི་ཡུན་ཐུང་ཙམ་ལས་རྙེད་པར་དཀའ་བའི་ཡུལ་དེར་སུན་སྣང་གིས་གཙེས། སྡུག་བསྔལ་གྱིས་གཟིར། ལྷག་པར་རྒྱ་གར་བ་ཚོས་མ་ཧེའི་ཐོད་ཁ་དང་ར་ཅོ་ལ་མཚོན་གྱིས་བྱུགས། གཅིན་པ་ཁ་ལ་རག་ནས་མཆོད་བཀུར་གྱི་ཡུལ་དུ་བྱེད་ནའང་།  གཡག་ལ་སྒོ་ཕྱུགས་བཟང་པོ་ཞིག་གི་མིང་ཙམ་ཡང་མ་སྤྲད་པར་བརྟེན། ཨ་ཕ་འབྲོང་དང་ཕ་ས་སྤང་ཡིན་པའི་གཡག་རོག་པོ། ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་ཏེ། མ་ཧེའི་རྒྱབ་ཀྱི་ཁུལ་རྩིད་ཐམས་ཅད་བཀོག་ནས་ཧུར་སྒྲ་སིང་སིང་སེང་གེ་ཁ་འབབ་ཀྱི་གཙང་འགྲམ་བརྒྱུད། ཧི་མ་ལའི་གངས་ཆེན་བརྒལ་ཏེ། བོད་ཡུལ་དུ་སོང་བར་ཐོས་པ་ལགས་ན། དེ་དེ་བཞིན་དུ་ཡིན་ནམ། ལྷ་ཡི་ཡུལ་ནས་དམ་ཚིག་ཉམས་པ། དགོན་པའི་གནས་སུ་སྡོམ་པ་ཤོར་བ། ལྷ་ཆེན་པོ་དབང་ཕྱུག་གི་ཚུལ་དུ་ཁམས་འདིའི་བདག་པོ་མཆོག་ཏུ་དགའ་བའི་གཟུགས་འཆང་བ། ཤིན་ཏུ་རྣོ་བའི་གསེར་གྱི་སྨྱུ་གུའི་མདུང་མོ་ཆེ་བསྣམས་པ། གང་གིས་ལེགས་པར་རྣམ་པར་ཕྱེ་བ། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་གྱི་གསུང་གི་གད་རྒྱངས་བསྒྲག་པར་བྱ་ཞེས་རྐང་བ་གསུམ་གྱི་སླ་ང་ནམ་མཁའི་དབྱིངས་སུ་གཏད་ཅིང་། གནག་ཅིང་སྣུམ་པའི་ཐོར་ཅོག་གིས་གདོད་ཕྱེད་བཀབས། ཁྲ་ལ་སྒོར་བའི་མིག་ཡ་གཅིག་འབྱེད་བཙུམ་མེད་པར་ཤེད་བུ་ལ་ཕྱོགས་ནས་བསྡད། དགྲ་མ་བཅོམ་པ། སངས་མ་རྒྱས་པ། ཤེད་ཀྱི་བུ་གཙབ་བརྡར་གྱི་ཏིང་ངེ་འཛིན་ལས་བཞེངས་ཏེ། 
གོ་ལོ་ཐོས་ལོ་གཏམ་གྱི་བརྒྱུད་པ་ལས། །
འདྲ་ལོ་ཆགས་པོའི་སྒྲུང་ཞིག་ཁོ་བོས་ཐོས། །
སུ་ལ་བཤད་ཀྱང་རྣ་བར་མི་འགྲོ་བས། །
མི་སྨྲ་ངལ་བའི་ལས་སུ་འཇུག་པར་བྱ། །
ཞེས་སླར་ཡང་ཤུགས་ལས་གཙུབ་བརྡར་གྱི་ཏིང་ངེ་འཛིན་ལས་ཆུ་ཚོད་བདུན་གྱི་རིང་མ་ལྡང་བར་སྙོམས་པར་ཞུགས་སོ། །
སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༦ ཚེས་ ༠༦ ཉིན།

2024-07-01 123

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།