བཀླགས་གྲངས། 1115
བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས།
___རྒྱལ་མཆོག་ཡེ་ཤེས་ནོར་བུའི་ཞབས་ཟུང་མཚན་དཔེ་གསལ་རྫོགས་ཅུང་ཟད་སྙུང་བའི་ཚུལ་མཛད་པ་ལས་འཕྲོས་པའི་སྙན་ངག་གི་སྨོན་ཚིག
ཕ་ཡུལ་གངས་ཀྱི་རྒྱལ་ཁམས་དགྲ་ལག་ལ་ཤོར་ཞིང་། །
ཕ་ལོ་གངས་ཀྱི་ལྷུན་པོར་གཏན་བྲལ་དུ་སོང་བའི། །
ཕ་མེད་གངས་ཀྱི་བུ་ལོའི་སེམས་ནང་གི་གངས་རི། །
ཕ་གཅིག་གངས་ཀྱི་མགོན་པོ་སྙན་ངག་གིས་མཆོད་དོ། །
ཆོས་ལ་བྱིན་རླབས་ཆེ་ཡང་རྨོངས་དད་ཀྱིས་བཏུམ་ཉེན། །
སྲིད་ལ་དབང་གྲགས་ཆེ་ཡང་དམ་ཚིག་དེ་གས་ཉེན། །
ཕྱི་གཙང་ནང་གཙང་པད་མའི་སྦུབས་ལས་ཀྱང་གཙང་བ། །
སྙན་ཚིག་ངག་གི་དཔལ་མཆོག་མཆོད་པ་ཡི་མཆོག་ཡིན། །
འཆར་ཡན་བང་རིམ་མཐོ་བ་སྤྲིན་དཀར་གྱི་ཟླ་བོ། །
ཚིག་ལ་ཤོམ་པ་ཆེ་བ་གཤིན་རྗེ་ཡི་ངར་སྐད། །
ངག་དབང་དབྱངས་ལྡན་ལྷ་མོའི་ཡེ་ཤེས་ཀྱི་སྤྲུལ་གཟུགས། །
བདག་གི་སྙན་ངག་དམ་པ་ཁྱེད་ཉིད་ལ་འབུལ་ལོ། །
བདག་གི་གངས་རི་ཡེ་ཤེས་རང་སྣང་གི་ལྷ་མཆོག །
ལྷ་གཟུགས་མི་གཟུགས་གཟུགས་མེད་སུ་ཞིག་ལ་མི་བཅོལ། །
ལྷ་འབངས་ཁ་བ་ཅན་གྱི་་བསོད་ནམས་ཀྱིས་ཐེག་ན། །
སྐྱེ་རྒ་ན་བའི་གདོན་གཟུགས་གང་ཞིག་གིས་གནོད་ཨང་། །
རྒྱལ་དབང་སྐུ་རབས་ཀུན་གྱི་རྟག་བརྟན་གྱི་མ་མ། །
བསྟན་སྲུང་ཀུན་གྱི་གཙོ་མོས་མིག་འབྲས་བཞིན་འཚོས་ཤིང་། །
མྱུར་མཛད་ཡེ་ཤེས་མགོན་པོས་གཡེལ་མེད་དུ་གཉོར་བའི། །
ལྷ་ཕྲུག་ལྷ་མོ་དོན་འགྲུབ་ལས་སྐལ་གྱི་ལྷ་ཡིན། །
ལྷ་དེ་ཁ་བ་ཅན་གྱི་བསོད་ནམས་ལས་འཁྲུངས་ཤིང་། །
ཐུགས་བསྐྱེད་གངས་རི་གནམ་གྱི་ཀ་བ་རུ་བསླངས་པས། །
ཞབས་ཟུང་གསེར་གྱི་འཁོར་ལོ་སྙུང་ཚུལ་རེ་མཛད་ཀྱང་། །
ཞབས་ཟུང་མཚན་དཔེ་གསལ་རྫོགས་ཡེ་ཤེས་ཀྱི་སྣང་བ། །
རྒྱལ་བའི་ཞབས་བརྟན་ཞེས་ཀྱང་ཁྱབ་བསྒྲགས་ལ་མ་འབད། །
སྨན་གཟུངས་ལྷ་གཟུངས་ཕྲེང་སྐོར་གཅིག་གཉིས་རེ་བསགས་ཀྱང་། །
རང་རང་བསོད་ནམས་བསག་པར་དགའ་མོས་རེ་སྒོམས་དང་། །
རྒྱལ་མཆོག་བརྩེ་བའི་བདག་ཉིད་གཞན་དོན་དུ་ལོས་བཞུགས། །
འཁོར་བ་མ་སྟོངས་བར་དུ་འཁོར་བ་རུ་བཞུགས་ཤིང་། །
སེམས་ཅན་རེ་རེའི་ཕྱིར་དུ་དམྱལ་ཁམས་ཚུན་འགྲིམས་ལ། །
ཤིང་དང་ཟམ་པའི་གཟུགས་སུའང་གཞན་དོན་ལ་གཞོལ་བའི། །
ཐུགས་བསྐྱེད་དམ་བཅའ་ཅན་གྱི་དཔའ་རྒོད་དེ་ཁོང་ཡིན། །
གོམས་པ་སྙོམས་དང་སྐུ་ལ་གཞོན་ཉམས་ཀྱང་རྒྱས་པ། །
དཔེ་བྱེད་བརྒྱད་ཅུའི་གྲལ་ལས་རྒྱང་ཕུད་དུ་སུས་གཏོང་་། །
ཁྱེད་ཀྱི་ཐུགས་བསྐྱེད་དམ་བཅའི་མཐོ་ཚད་ལ་དཔགས་ན། །
དགུང་གྲངས་དགུ་བཅུ་ཐམ་པ་གཞོན་རབས་ཀྱི་ལོ་ཟླ། །
བོད་ཀྱི་བདེན་མཐའ་གསལ་བར་དུས་རབས་གཅིག་འགོར་ན། །
སེམས་ཅན་སྡུག་བསྔལ་སེལ་བར་བསྐལ་བའང་དགོས་ཚོད། །
རྒྱལ་སྲས་སྙིང་སྟོབས་ཆེན་པོ་དམ་བཅའ་ལས་མ་གཡེལ། །
ལས་ངན་རྗེས་སུ་འཛིན་པའི་འཛུམ་དཀར་ཡང་མ་གཟིམ། །
མི་རུ་བྱོན་ཡང་མི་ཡི་མཛད་པ་དེ་མ་མཛད། །
གླིང་ལྔའི་ཁྱོན་ལ་ཟབ་རྒྱས་ཆོས་འཁོར་ཡང་བསྐོར་སོང་། །
ད་ནི་རྒ་་དང་ན་བའི་མཛད་པ་ཡང་མ་བཞེས། །
མི་རྣམས་ངོ་མཚར་སྐྱེ་བའི་གཟིགས་མོ་ཞིག་སྟོན་རོགས། །
བསྐལ་བ་ཐོགས་མེད་དུས་ནས་ད་ལྟ་ལ་ཐུག་བར། །
རྨོངས་ནས་རྨོངས་པར་འཁྱམས་པའི་སོ་སྐྱེས་ཀྱི་རིགས་ལ། །
རྒ་དང་ན་བའི་མཛད་པ་བརྒྱ་ཚར་རེ་བསྟན་ཡང་། །
གཞན་དོན་ཏིལ་འབྲུ་ཙམ་གྱི་དགོས་ཕན་ཡང་དཀའ་ཚོད། །
གཞོམ་ཞིག་ཡོངས་བྲལ་མི་འགྱུར་རྡོ་རྗེ་ཡི་སྐུ་ལ། །
གཞོན་ནུའི་གཟུགས་འཆང་འཛུམ་དཀར་རྟག་བརྟན་དུ་དགོད་དང་། །
དད་འབངས་ཉམ་ཐག་ཁ་བའི་རྒྱལ་ཁམས་ལ་མཚོན་ན། །
རང་དབང་རང་བཙན་ལས་ཀྱང་བདེ་སྐྱིད་དེ་གཙོ་འོ། །
སྔོན་ཚེ་ཨ་རིག་གླེན་པའི་ཇོ་བོ་ལ་བཀའ་བསྩལ། །
དེང་འདིར་སྙན་ངག་སྨྲ་བས་རྒྱལ་བར་ཡང་བཀའ་སྩོལ། །
ལུགས་མིན་ལུགས་ལྡོག་་ལས་འདི་ལྷག་བསམ་གྱིས་ཐེག་པས། །
རྒྱལ་བུ་སྙིང་རྗེ་ཅན་གྱིས་བརྩེ་སེམས་ཀྱིས་མ་གློད། །
ཐོགས་མེད་དུས་ནས་མ་རིག་སྨག་ཆེན་ལ་འཁྱམས་ཤིང་། །
སངས་རྒྱས་གྲངས་མེད་བྱོན་ཡང་ཐབས་མཁས་ཀྱིས་མ་ཐུལ། །
བདག་བདེ་འབའ་ཞིག་གཉེར་བའི་ཚེ་རབས་ཀྱི་འཁོར་ལོ། །
མཚམས་དང་མུ་མེད་བསྐོར་བའི་སེམས་ཅན་རྣམས་སྙིང་རྗེ། །
སྐྱེ་བའི་འཁོར་ལོ་བར་མེད་ཐུག་མེད་དུ་བསྐོར་བཞིན། །
སྐྱེ་བ་སྔ་ཕྱི་ཡོད་མེད་ཐེ་ཚོམ་ལ་གནས་པའི། །
བླུན་པོ་བླུན་ནག་མིག་ཤེལ་དགུ་བརྩེགས་ཤིག་གྱོན་ཏེ། །
འབུམ་རམས་ལྷ་རམས་བླངས་ཀྱང་སྙིང་བོ་ཞིག་མ་ཚོར། །
ངེས་འབྱུང་བྱང་ཆུབ་སེམས་ལ་ཡིད་སྨོན་གྱིས་བཟི་ཤིང་། །
མཐའ་བྲལ་རྟེན་འབྱུང་ལྟ་བར་ངོ་མཚར་གྱིས་ཧད་དེ། །
ངག་རིག་འཆར་ཡན་བདུད་རྩི་ཧམ་ཤེད་ཀྱིས་འཐུང་བའི། །
ཨ་ཕོ་ཤེད་བུ་རྒོད་པོ་ཨེ་མ་ཧོ་ངོ་མཚར། །
ས་ལ་བྱོན་པའི་སངས་རྒྱས་མངོན་སུམ་དུ་མཇལ་ཡོད། །
ཟབ་རྒྱས་གསུང་གི་སྒྲ་དབྱངས་རྣ་ལམ་ན་འཇགས་མེད། །
རྒྱལ་མཆོག་སྐུ་མཛེས་མིག་གི་ལོངས་སྤྱོད་ལས་མ་ཤོར། །
རང་དོན་རྟ་ཀོ་སྟོབས་ཀྱིས་མཉེད་ན་ཡང་སྐྱིད་ཨང་། །
ཁྲི་གདུགས་ཉི་མས་མི་སེལ་མ་རིག་པའི་སྨག་ཆེན། །
རྡུལ་ཕྲན་མཚོན་གྱིས་མི་གཏོར་དུག་གསུམ་གྱི་འཐབ་ར། །
བླ་མེད་བྱང་ཆུབ་སེམས་ཀྱི་ཆལ་ཆོལ་དུ་གཏོང་ན། །
བྱང་ཆུབ་སེམས་ལ་དབང་བསྒྱུར་སྐྱེས་བུ་ཁྱེད་དགོས་ཨང་། །
དྲེགས་པ་ལྷ་བརྒྱད་ཕེབས་ཀྱང་ཐལ་བ་རུ་མ་ཐོངས། །
ཕྱི་ནང་མུ་སྟེགས་སྟོན་པ་སྣ་ཚོགས་ཤིག་བྱོན་ཡང་། །
མཐའ་མེད་འཁོར་བའི་གནས་ལས་སོར་ཐེའུ་གང་མ་ཁྲིད། །་
སྙིགས་མ་འགྲོ་བ་འདྲེན་མཁན་ཁྱེད་ལས་གཞན་སུ་ཡོད། །
ཇི་སྲིད་འཁོར་བ་མ་སྟོངས་དེ་སྲིད་ཀྱི་བར་དུ། །
བདག་ཀྱང་གནས་པའི་ཐུགས་བསྐྱེད་སྨོན་ལམ་དེ་་རྫོགས་ན། །
ཉམ་ཐག་དད་འབངས་ཡང་ཡང་སེམས་ཁྲལ་ལ་མ་གཏོད། །
ཞབས་ཟུང་མཚན་དཔེའི་གཟི་བྱིན་ད་ལྟ་རང་འཕྲོས་ཤོག །
བོད་འབངས་ལྕགས་ཀྱི་དྲ་བར་མིག་ཟུང་དེ་ཧྲིག་ཧྲིག །
སུ་ལ་བསྒུགས་པ་རྒྱལ་བུ་སྙིང་རྗེ་ཅན་དགོངས་ཚོད། །
བཙིར་རྨ་ཁབ་རྩེ་ཙམ་ཡང་མ་བཞེས་པར་བཞུགས་རོགས། །
བོད་པའི་སྙིང་སྟོབས་གྲོག་མའི་གདུག་རྩུབ་ཀྱིས་མི་སོད། །
དད་པ་རྨོངས་པ་འཆར་ཡན་སུམ་སྒྲིལ་ཞིག་བྱས་ན། །
རེ་བའི་གངས་རི་འདི་ལས་མཐོ་བ་ཞིག་ཡོད་ཀྱང་། །
ལྷ་དབང་གངས་རི་དཀར་པོའི་ཐུགས་སྤོབས་ཀྱི་དཔའ་དམ། །
ཐོས་པ་ཙམ་གྱིས་བདག་སེམས་བདེ་དྲོད་ཀྱིས་ཁྱབ་ཡོད། །
གྲོག་མ་སྔོན་པོའི་གདུག་རྩུབ་བར་མེད་དུ་མྱངས་ཤིང་། །
རྒྱལ་སྤྱིའི་སྙིང་རྗེའི་མིག་ལས་སབ་སིབ་ལ་གྱུར་བའི། །
ལྷ་འབངས་ཁ་བ་ཅན་པ་ཐུགས་འོག་ནས་མ་འདོར། །
ཐུགས་བསྐྱེད་གངས་རི་གངས་སྣེ་གསུམ་པ་རུ་བརྗིད་ཅིག །
སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༦ ཚེས་ ༢༨ ཉིན།