བཀླགས་གྲངས། 987
བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས།
དེ་རིང་རྟེན་འབྱུང་ལྟ་བའི་བདག་པོ་སྟོན་མཆོག་ཤཱཀྱ་་ཐུབ་པ་མཆོད། །
དེ་རིང་རྟེན་འབྱུང་རིགས་པའི་མེས་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོད། །
དེ་རིང་རྟེན་འབྱུང་ལུང་རིགས་གསལ་མཛད་རྒྱལ་བ་བློ་བཟང་གྲགས་པ་མཆོད། །
དེ་རིང་རྒྱལ་བའི་འཁྲུངས་སྐར་རྟེན་འབྱུང་ཟབ་མོའི་བཀྲ་ཤིས་དང་པོ་འོ། །
དེ་རིང་བྱང་ཆུབ་སེམས་ལ་དབང་བསྒྱུར་སྲས་གཙང་ལྷ་ཡི་སྲས་པོ་མཆོད། །
དེ་རིང་སྦས་དོན་མངོན་རྟོགས་གསལ་མཛད་རྗེ་བཙུན་བྱམས་པ་མགོན་པོ་མཆོད། །
དེ་རིང་བྱང་ཆུབ་སེམས་ཀྱི་མེས་པོ་རྒྱལ་སྲས་ཞི་བ་ལྷའང་མཆོད། །
དེ་རིང་རྒྱལ་བའི་འཁྲུངས་སྐར་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་དང་པོ་འོ། །
ཚེ་ཡི་དངོས་གྲུབ་ཆར་ལྟར་བསྙིལ་བའི་སྒྲོལ་མ་དཀར་དམར་ལྗང་གསུམ་དང་། །
རྐྱེན་ངན་བར་ཆད་ཐམས་ཅད་ཞི་མཛད་མྱུར་མཛད་ཡེ་ཤེས་མགོན་པོ་དང་། །
ཁ་བའི་བུ་་ཡི་ཁ་འཛིན་དཔུང་གྲོགས་མ་ཅིག་དཔལ་ལྡན་ལྷ་མོ་ཕེབས། །
དེ་རིང་རྒྱལ་བའི་འཁྲུངས་སྐར་སངས་རྒྱས་བསྟན་པའི་བཀྲ་ཤིས་དང་པོ་འོ། །
བདེ་འབྱུང་སྤྲིན་ལ་ཞོན་སོགས་འཇིག་རྟེན་ཁམས་ཀྱི་དྲེགས་པ་ལྷ་བརྒྱད་དང་། །
སྐྱབས་མགོན་ཡེ་ཤུ་མ་ཤཱི་ཨ་ལཱ་མོ་ཧན་མ་དྷི་ལ་སོགས་ཕེབས། །
འཇིག་རྟེན་ཁམས་འདི་བརྩེ་བས་སྐྱོང་རྣམས་དེ་རིང་དགའ་དགའ་སྤྲོ་སྤྲོ་གྱིས། །
དེ་རིང་རྒྱལ་བའི་འཁྲུངས་སྐར་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་འོ། །
བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཐ་མ་ལྷ་སྲས་ཨུ་དུམ་བཙན། །
ཁ་བའི་རྒྱལ་ཁམས་འོད་ཀྱིས་བསྐྲུན་པའི་བོད་ཀྱི་མེས་པོ་ཐམས་ཅད་ཕེབས། །
དེ་རིང་དབུ་རྨོག་སྤྲིན་ལ་ཟུག་བཞིན་དགའ་བའི་ཡོ་ལང་འཁྲུག་པོ་གནོངས། །
དེ་རིང་རྒྱལ་བའི་འཁྲུངས་སྐར་གངས་ལྗོངས་དགེ་བའི་བཀྲ་ཤིས་དང་པོ་འོ། །
གཟུགས་མེད་མཐུ་སྟོབས་གཟུགས་སུ་ཤར་བ་སྲུང་མ་དམར་ནག་གཉིས་ཀ་ཕེབས། །
ཁ་བའི་བུ་ཡི་ཚེ་རབས་ལས་ལྷ་ལྷ་ཆེན་རྨ་ཆེན་སྦོམ་ར་ཕེབས། །
དེ་རིང་བསང་དུད་སྔོན་མོའི་རྩེ་ནས་རྩེད་དགའི་དཔལ་ལ་སྟོབས་ཀྱིས་རོལ། །
དེ་རིང་རྒྱལ་བའི་འཁྲུངས་སྐར་ཁ་བ་ཅན་གྱི་བཀྲ་ཤིས་དང་པོ་འོ། །
དབུས་གཙང་དམ་པ་ཆོས་ཀྱི་ཞིང་ནས་ཆོས་གླུ་སྙན་མོས་རི་ལུང་ཁོད། །
མདོ་སྟོད་ཕོ་རབས་མི་ཡི་ཁམས་ནས་གླུ་གར་རླབས་ཕྲེང་དགུང་དུ་སྐྱོམ། །
མདོ་སྨད་ཅང་ཤེས་རྟ་ཡི་ཞིང་ནས་རྟ་རྒྱུགས་མདའ་འཕེན་སྟོབས་ཀྱིས་བྱོས། །
དེ་རིང་རྒྱལ་བའི་འཁྲུངས་སྐར་ཆོལ་གསུམ་སྤུན་ཟླའི་བཀྲ་ཤིས་དང་པོ་འོ། །
གར་བ་ཡིན་ན་་གར་ཉམས་དོད་པོ་གསེར་ཉ་མཚོ་ལ་འཁྱུག་འཁྱུག་བྱོས། །
གླུ་བ་ཡིན་ན་གྲེ་འགྱུར་སྙན་མོ་ཁུ་ཡུག་སྟོང་སྟོང་གྲགས་གྲགས་བྱོས། །
མཁས་པ་ཡིན་ན་བཀྲ་ཤིས་སྙན་ཚིག་མཁའ་ལ་གློག་དམར་འཚུབ་འཚུབ་བྱོས། །
དེ་རིང་རྒྱལ་བའི་འཁྲུངས་སྐར་སྒྱུ་རྩལ་རིག་པའི་བཀྲ་ཤིས་དག་པོ་འོ། །
མཛེས་མ་ཡིན་ན་སྒེག་ཉམས་རྫོགས་པ་མེ་ཏོག་གངས་ལྷ་གད་གད་བྱོས། །
ཕོ་སར་ཡིན་ན་ཕོ་ཉམས་དོད་པ་གེ་སར་གླིང་ནས་འཁོར་འཁོར་བྱོས། །
ཤ་ཆང་ཟས་མངར་ཅི་ཞིག་འཛོམས་ཀྱང་དེ་རིང་རྒྱས་ཟ་རྒྱས་འཐུང་གནོང་། །
དེ་རིང་རྒྱལ་བའི་འཁྲུངས་སྐར་སྐྱེ་འགྲོ་མི་ཡི་བཀྲ་ཤིས་དང་པོ་འོ། །
དེ་རིང་ལྷ་མོ་བླ་མཚོའི་ངོས་སུ་ཨ་ཀ་མ་ཡི་སྐར་ཚོགས་བཀྲ། །
དེ་རིང་གངས་དཀར་རི་བོའི་ཁོང་ནས་འོད་ཟེར་འདོམ་གང་གནམ་ལ་འཕགས། །
དེ་རིང་ས་ཡི་གོ་ལ་དྲོ་བའི་ཁྲི་གདུགས་གསེར་གྱི་ཉི་མ་ཤར། །
དེ་རིང་རྒྱལ་བའི་འཁྲུངས་སྐར་བྱམས་དང་བརྩེ་བའི་བཀྲ་ཤིས་དང་པོ་འོ། །
ད་ནང་གཉིད་ལས་སད་པ་དང་རྒྱལ་མཆོག་ཡིད་བཞིན་ནོར་བུས་གཞིས་བྱེས་བོད་མི་ཡོངས་དང་ཧི་མ་ལའི་རི་བརྒྱུད་དང་བཅས་པའི་འགྲོ་བ་ཡོངས་ལ། ཉེ་བའི་ཆར་མཚན་དཔེ་གསལ་རྫོགས་ཀྱི་་ཞབས་ཟུང་གསེར་གྱི་འཁོར་ལོ་ཅུང་ཟད་སྙུང་བའི་ཚུལ་མཛད་པ་ལ་རྐྱེན་བྱས་ནས། རྒྱལ་བ་རིན་པོ་ཆེ་སྨན་ཁང་ནང་ལྷག་པ་རེད་ཅེས་པའི་ཁ་ཡམས་སོགས་ལ་མགོ་མ་འཁོར་བར་བློ་བདེ་བོ་གྱིས། སྨན་བཅོས་ཕྲན་བུ་རེ་བྱས་ནའང་བརྩེ་སེམས་ལྡན་པ་དང་ཧུར་ཐག་གིས་སྨན་བཅོས་བྱས་སོང་ཐུགས་རྗེ་ཆེ། ངའི་གཞི་རྩའི་གཟུགས་པོ་ཡག་ཐག་ཆོད་ཡོད། བློ་བདེ་བོ་གྱིས་ཞེས་པའི་ཞལ་གསུང་དངོས་སུ་ཐོས། སྐུ་མཛེས་དངོས་སུ་མཇལ་བས་གནོན་མ་ཐུབ་པའི་དགའ་བའི་རླབས་ཕྲེང་དགུང་དུ་མཆེད་པའི་ཚུལ་ཡི་གེར་ཕབས་ཤིང་ངག་གི་དཔལ་དུ་བསྐྲུན།
ཧྥ་རན་སའི་གྲོང་སྡེ་བྷོ་ཝེ་ལཱ་བྷོ་སེ་ནས།
སྤྱི་ལོ་ ༢༠༢༤ ། ༠༧ ། ༠༦ ཉིན།