བཀླགས་གྲངས། 698
འོས་སྦྱོར་སྙན་ཚོམས།
༄༅། །གཟུགས་ཅན་གྱི་རྒྱན་གྱིས་བསྟོད་པར་འོས་པ་ལ་བསྟོད་པ་དགེས་བྱེད་མཆོད་པའི་སྤྲིན་ཞེས་བྱ་བ་བཞུགས་སོ།།
ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན་རྒྱ་མཚོ།
གང་སྐུ་མཛེས་སྡུག་རྐང་འཐུང་བརྗིད་ལྡན་པར།།
ཐུན་མཚམས་བླ་གོས་ལོ་འདབ་རབ་རྫོགས་ཤིང་།།
སྡོམ་གསུམ་རྣམ་དག་དྲི་བསུང་ཕྱོགས་འཐུལ་བ།།
རྒྱལ་དབང་དཔག་བསམ་ལྗོན་པ་རྒྱལ་གྱུར་ཅིག །
རབ་དཀར་ཕྱག་གི་ཡལ་འདབ་བརྐྱངས་པ་ལ།།
འཇམ་མཉེན་མཛུབ་མོའི་ལྗང་ལོ་རྒྱས་པའི་རྩེར།།
གསེར་མདོག་ཕྲེང་བའི་ཡིད་དགའ་རབ་བཀྲ་བ།།
རྒྱལ་བའི་དཔྱིད་དཔལ་མཇལ་བ་ཨེ་མ་མཚར།།
མཐོང་ན་བྱིན་སྟེར་མཛེས་ཞལ་འདབ་བརྒྱ་བ།།
ཟོལ་མེད་འཛུམ་པའི་འོད་ཀྱིས་རབ་འཁྱུད་ཅིང་།།
དོན་ལྡན་གསུང་གི་བུང་བའི་མགྲིན་དབྱངས་ཅན།།
སྐྱབས་གཅིག་གསེར་ཤིང་དད་པའི་ཡུལ་དུ་སོན།།
ངུར་སྨྲིག་ཆོས་གོས་འོད་རིས་མདངས་བཀྲ་ཞིང་།།
དྲི་མེད་ཚངས་སྤྱོད་དྲི་བསུང་ཕྱོགས་བརྒྱར་འཐུལ།།
ཀུན་ཁྱབ་བྱམས་བརྩེ་འབྲས་བཟང་གཡུར་དུ་ཟ།།
མགོན་ཁྱོད་ཡོངས་འདུ་སྐྱེ་རྒུའི་ཉེར་འཚོའི་གཞི།།
འདི་ཕྱིའི་འདྲེན་ཁྱོད་བརྩེ་བའི་གཞན་དབང་གིས།།
བྱིན་ལྡན་ཞབས་འདབ་ཡུལ་གཞན་ཉེར་བཀོད་དེ།།
བཞེས་བྱེད་ཞལ་པད་འདབ་སྟོང་གྲོལ་ཉིད་ནས།།
ཞི་བདེ་འབྲས་ཁུར་ཕང་ཕུང་གཡོ་འདི་མཚར།།
ཞལ་རས་ཟླ་བར་ཁྲོ་ཉམས་ཡོངས་བྲལ་ཞིང་།།
རྒྱལ་ལུགས་བཀའ་མོལ་ཡེ་ནས་བྲལ་བ་དང་།།
པཎ་ལུགས་བཀའ་རྩད་ལྷུག་པོར་ཕེབས་པ་འདི།།
མ་བརྗོད་ན་ཡང་བསྟན་ལ་གཅེས་པའི་རྟགས།།
བལྟ་སྡུག་ཞལ་མདངས་ཇི་འདྲའི་དཀར་ཞིང་མཛེས།།
སྤྱན་ཟུང་འོད་ཞགས་བརྩེ་བའི་ཤུགས་ཀྱིས་གཡོ།།
ཉམས་རྟོགས་ཀློང་དུ་བརྡོལ་བའི་བཀའ་སློབ་ཀྱིས།།
འཛམ་གླིང་ཡོད་དོའི་སྡུག་བསྔལ་ལྷག་མེད་བྱས།།
སྐྱབས་མཆོག་ས་བརྟོལ་འཛམ་གླིང་རྒྱན་དུ་བརྗིད།།
མཛད་འཕྲིན་ཡལ་གའི་ཁོ་ལག་ཕྱོགས་སུ་རྫོགས།།
སྔོན་མེད་གཟི་བྱིན་འདབ་སྟོང་སྦྲང་དཀར་ཅན།།
གདུལ་བྱའི་བུང་བས་བསྐོར་བའི་མཐའ་མི་མངོན།།
ཉམས་རྟོགས་ཟླ་གཞོན་ཆ་ཤས་ཡོངས་སུ་རྫོགས།།
ཀུན་ཁྱབ་འཕྲིན་ལས་དར་དཀར་རིང་དུ་བརྐྱངས།།
རྟོགས་དཀའི་ཟབ་གསུང་རྒྱུད་མངས་སྒྲ་སྙན་ཅན།།
དངོས་གྲུབ་བདུད་རྩིའི་བཅུད་སྟེར་ཁྱོད་གཞན་སུ།།
གཡོ་སྒྱུས་མ་བསླད་བཞད་འཛུམ་བལྟ་ན་སྡུག །
གསུང་གསང་དབྱར་སྐྱེས་སྒྲ་བརྒྱ་ལྡིར་བ་ཅན།།
གངས་ཅན་སྟོན་མཆོག་རྒྱལ་དབང་ལྷ་ཡི་ལྷས།།
ཞི་བདེ་མ་བསྐྲུན་སྐལ་བཟང་ཅང་མཆིས་སམ།།
རྒྱལ་ཀུན་བརྩེ་གཏེར་ཞབས་ཟུང་ནོར་བུའི་ཏོག །
ཁྱད་འཕགས་ཡུལ་གྱི་རྒྱལ་མཚན་རྩེར་བཙུགས་ཚེ།།
གནའ་སྲོལ་མཆོག་ཏུ་འཛིན་རྣམས་དོགས་བྲལ་ཞིང་།།
སྔོན་མེད་དེང་སྲོལ་དགའ་སྟོན་མཁའ་ལ་བསྙེགས།།
གནས་མཆོག་ལིམྦིའི་ཚལ་དུ་མ་འཁྲུངས་ཤིང་།།
བྱང་ཆུབ་ཤིང་དབང་དྲུང་དུ་མ་གཤེགས་པ།།
སྐུ་བཞི་རབ་བརྙེས་རྒྱལ་དབང་སངས་རྒྱས་གང་།།
མཆོག་ཐུན་དངོས་གྲུབ་མ་ལུས་འབྱུང་བའི་གཏེར།།
ཁྱོད་ཐུགས་བྱམས་བརྩེས་བཟུང་ཕྱིར་འོད་དཀར་ཅན།།
གཞན་ཕན་ཀུན་ནས་སྙོམས་པས་སྤྲིན་བཅུད་དེ།།
མཁས་ཡོན་གཟི་བྱིན་རྒྱས་པས་བཅུ་གཉིས་བདག།།
བླང་དོར་གནད་རྣམས་སྟོན་པས་སངས་རྒྱས་དངོས།།
འདྲེན་མཆོག་ཁྱོད་གསུང་སྔོ་མེར་འཁྱིལ་བའི་ཀློང་།།
ཕྱོགས་ཀྱི་གཉིས་སྐྱེས་དག་གིས་རོལ་བའི་གནས།།
གདོད་ནས་མ་བརྙོགས་རབ་ཏུ་གསལ་བའི་དཔལ།།
མཁའ་ལྡིང་དཀར་པོས་སྤྱོད་པའི་དགའ་སྟོན་རྨད།།
རིགས་དྲུག་སྤྱི་དང་ཁྱད་པར་ཉམ་ཐག་འགྲོར།།
རྗེས་བརྩེ་རྒྱལ་དབང་ཕྱག་ན་པད་དཀར་འཆང་།།
མངོན་མཐོ་ངེས་ལེགས་མཆོག་གི་དཔལ་སྩོལ་བ།།
ལྷག་ལྷ་གྲུ་འཛིན་བདག་པོར་ཀུན་ནས་མཚུངས།།
མཚན་མོའི་མགོན་པོས་ཆུ་སྐྱེས་སྟོང་ལྡན་མཚོ།།
བླ་མེད་འདྲེན་པས་རྒྱལ་བསྟན་པད་མཚོ་སྤེལ།།
གང་གི་འཕེལ་བ་འབྱུང་བའི་སྟོབས་ལས་གྲུབ།།
ཐུབ་བསྟན་དར་རྒྱས་བཤད་སྒྲུབ་བྱ་བར་ལྟོས།།
བསྐལ་པ་དུ་མར་ཚོགས་གཉིས་གོམས་པའི་མཐུས།།
གཞན་དོན་མཐར་ཕྱིན་ཟླ་མེད་དེད་དཔོན་འདིས།།
སྡུག་བསྔལ་ཀུན་སེལ་གཏན་བདེར་ཉེར་འགོད་པས།།
གདོས་པ་འཛིན་དུ་གཏན་ཚིགས་གང་གིས་འགྲུབ།།
མགོན་ཁྱོད་ཡོན་ཏན་གཙུག་ལྡན་སྒྲོ་མདོངས་ཀྱིས།།
རང་སེམས་འཕྲོགས་འདི་གང་གི་གསང་གསུམ་ལ།།
འཕགས་ཆོས་ལྷུན་རྫོགས་མ་ཟད་སྐལ་ཆད་བདག།།
ཤེས་ནས་དད་པའི་གཞན་དབང་གྱུར་འདིས་ཀྱང་།།
ཆོས་ཀྱི་འདུན་སའི་དགའ་ཚལ་མཚོ་གླིང་དུ།།
སྐྱབས་ཁྱོད་རི་སྐྱེས་ངང་པའི་རྒྱལ་པོ་ཡིས།།
མདོ་སྔགས་སྐད་སྙན་མགྲིན་སྒྲ་སྒྲོགས་པ་ན།།
སྐལ་ལྡན་མགྲོན་པོ་གར་མཁན་དགའ་བས་མྱོས།།
ལྷམ་མེར་བཞུགས་འདི་རྒྱལ་བའི་དབང་མིན་པར།།
མགྱོགས་འགྲོ་བདུན་གྱིས་དྲངས་པའི་འོད་སྟོང་ལྡན།།
སྙན་ཞིང་འཇེབས་འདི་སྐྱབས་མགོན་གསུང་མིན་ཏེ།།
དབྱར་སྐྱེས་རྔ་གསང་ལྷང་ལྷང་ལྡིར་བའི་དབྱངས།།
སློབ་དཔོན་དབྱུག་ཅན་ངག་རིག་སོར་མོ་ཡིས།།
མགོན་ཁྱོད་སྐུ་ཡོན་ཡིད་དགའ་བཏུས་པའི་ཕོན།།
ཤེས་ནས་དད་པའི་ལྷ་རེག་ལྕིབས་རས་བཅས།།
ཚོགས་གསོག་དགའ་སྟོན་རྟེན་འབྲེལ་སླད་དུ་བཏེགས།།
ཞེས་གཟུགས་ཅན་གྱི་རྒྱན་གྱིས་བསྟོད་པར་འོས་པ་ལ་བསྟོད་པ་དགེས་བྱེད་མཆོད་པའི་སྤྲིན་ཞེས་པ་འདི་ནི། རང་ཉིད་ཀྱིས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་པ་དང་། བོད་རབ་གནས་ཤིང་ཕོ་འབྲུག་གི་ལོ་འདིར་རིགས་གསུམ་ཀུན་འདུས་ཀྱི་ངོ་བོ་༸འཇམ་མགོན་རྒྱལ་བ་ཙོང་ཁ་པ་ཆེན་པོ་གང་ཉིད་སླར་ཡང་ལྷ་སྐུ་བཞིན་ལག་གི་རྣམ་པར་བྱོན་པ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་སྤྱི་ནོར་༸གོང་ས་༸རྒྱལ་བའི་དབང་པོ་བཅུ་བཞི་པ་ཆེན་པོ་མཆོག་བོད་ལུགས་ལྟར་ན་༸དགུང་ལོ་དགུ་བཅུ་ལ་ཕེབས་པའི་དགའ་སྟོན་དང་། ད་དུང་ཡང་༸དགུང་ལོ་བརྒྱ་དང་བཅུ་གསུམ་བར་དུ་༸སྐུ་འཚོ་ཞིང་གཞེས་པའི་རྟེན་འབྲེལ་མ་འཆུགས་པ་དང་ད་ལན་༸ཞབས་པུས་ཀྱི་འཕྲོད་བཞེས་ཀྱང་ལམ་དུ་ལྷོངས་པའི་སླད་དུ། སྤྱན་རས་གཟིགས་༸མགོན་༸རྒྱལ་བའི་དབང་པོ་གང་ཉིད་དང་ཉམས་རྟོགས་ཀློང་བརྡོལ་༸གྲུབ་དབང་ཉི་མ་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས་ཀྱིས་༸ཕྱག་རྟགས་རིན་པོ་ཆེ་སྔ་རྗེས་སུ་སྩལ་ཏེ། མ་ཧཱ་པཎྜི་ཏ་༸རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ་མི་ཕམ་དབྱངས་ཅན་དགེས་པའི་རྡོ་རྗེའི་ལོ་ངོ་ཉེར་གསུམ་རིང་གི་༸མཚན་ཞབས་དང་རྩོམ་ཞབས་༸དྲུང་ཡིག་ཆེན་མོ། དཔྱི་སའི་པཎྜི་ཏ་༸དཔྱི་ས་དྲུང་ཆེན་དཀོན་མཆོག་བློ་གྲོས་རྒྱ་མཚོ་ཟླ་མཛེས་དཔལ་གྱི་སྙེ་མ་ཀུན་ཕན་ཡིད་བཞིན་དབང་པོའི་སྐྱེ་བར་བཏགས་པ། དགའ་ལྡན་བྱང་རྩེ་ཀླུ་འབུམ་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤྲུལ་མིང་པ་དཀོན་མཆོག་བསྟན་འཛིན་རྒྱ་མཚོས། ༸ཡོངས་འཛིན་སྟག་བྲག་༸གསུང་གི་ཆོག་བསྡུས་ཀྱི་སྟེང་ནས་ཚེ་དཔག་མེད་དང་སྒྲོལ་དཀར་གྱི་གཟུངས་སྦྲགས་པ་འབུམ་ཉིས་བརྒྱ་བཅུ་གསུམ་བཟླས་པའི་བསྔོ་བའི་རྒྱས་བཏབ་ཅིང་། བོད་ཟླ་༥་པའི་ཚེས་༤་དང་ཕྱི་ལོ་༢༠༢༤་ལོའི་ཟླ་བ་༦་པའི་ཚེས་༡༠་ཉིན་བྲིས་ཏེ་གུས་པ་བླ་ན་མེད་པས་མཐོ་བར་བཏེགས་ན། འདིས་ཀྱང་ཚེ་ཚེ་རབས་རབས་ཐམས་ཅད་དུ་༸བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་གང་གིས་མཉེས་བཞིན་དུ་རྗེས་སུ་འཛིན་པའི་རྟེན་འབྲེལ་འགྲིགས་པར་གྱུར་ཅིག་གུ།། །།
ང་ཡི་བླ་མ།
དབུ་གོང་འཛིན་གྲྭ། མཁན་སྤྲུལ་བསྟན་འཛིན་དགེ་འདུན་བློ་བཟང་།
ཀ་དག་ཆོས་སྐུའི་ཀློང་ལས་མ་གཡོས་པར།།
ཁ་བའི་ལྗོངས་སུ་སྤྲུལ་པའི་རོལ་གར་གྱིས།།
ག་ལེར་རྒྱལ་བསྟན་ཕྱོགས་སུ་སྤེལ་མཛད་པ།།
ང་ཡི་བླ་མ་རྒྱལ་བའི་དབང་པོ་རྒྱལ།།
ཅ་ག་བྱེད་འོས་སྙན་པའི་གླུ་དབྱངས་དང་།།
ཆ་བྱད་མཛེས་པ་གཟབ་མཆོར་རྒྱན་གོས་དང་།།
ཇ་ཟས་ཞིམ་པོ་དཀར་གསུམ་མངར་གསུམ་གྱིས།།
ཉ་རྒྱས་རྒྱལ་བའི་དབང་པོའི་འཁྲུངས་སྐར་བསུ།།
ཏ་ཐཱ་ག་ཏ་སྤྱན་རས་གཟིགས་དངོས་གང་།།
ཐ་སྐར་སྐྱེས་ཀྱི་སྨན་བཅོས་འཕྲོད་གྱུར་ཏེ།།
ད་ར་ཁ་ཆེ་ཐང་སྟོང་རྒྱལ་པོ་ལྟར།།
ན་ཚོད་རིང་དུ་འཚོ་ཞིང་གཞེས་གྱུར་ཅིག།
ཅེས་དགའ་ཀླུ་མཁན་སྤྲུལ་བསྟན་འཛིན་དགེ་འདུན་བློ་བཟང་ནས་ཕྱི་ལོ་2024་ལོའི་ཟླ་བ་6་པའི་ཚེས་17་ལ།
༄༅། །ཁྱབ་བདག་རྡོ་རྗེ་འཆང་འཛམ་གླིང་ཆོས་ཀྱི་རྒྱལ་པོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་དབང་ཙོང་ཁ་པ་ཆེན་པོ་ལ་དད་པའི་བསྟོད་སྨོན་པད་དཀར་ཕྲེང་བ་ཞེས་བྱ་བ།
ལྷ་རམས་པ་རྒན་དགེ་འདུན་ཆོས་འཕེལ།
ཨོཾ་སྭ་སྟི། །ཐབས་ཤེས་ཟུང་འཇུག་ཚོགས་གཉིས་ས་བོན་ལས། །
རྒྱལ་བའི་འབྲས་བཟང་སྨིན་པ་ཡོངས་འདུའི་ལྗོན། །
སྐལ་ལྡན་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །
གོང་ས་སྐྱབས་མགོན་ཆེན་པོར་མགོས་ཕྱག་འཚལ། །
གཟུར་གནས་བློ་ལྡན་རིན་ཆེན་ཟ་མ་ཏོག །
གཉིས་ཕན་ལམ་བཟང་བདུད་རྩིས་བཀང་མཛད་པའི། །
རིགས་གསུམ་ཀུན་འདུས་ངུར་སྨྲིག་རྣམ་རོལ་བ། །
རྒྱལ་དབང་བསྟན་འཛིན་རྒྱ་མཚོར་གུས་ཕྱག་འཚལ། །
རྨད་བྱུང་མཛད་བཟང་འོད་བརྒྱའི་སྣང་བ་ཡིས། །
བདེ་འདོད་སྡུག་བསྔལ་ཉིད་ལ་མངོན་རྒྱུགས་པའི།
།མཐུན་གྲོགས་ཕྱོགས་རིས་མུན་པ་སེལ་མཛད་པའི། །
ཞི་བདེའི་དེད་དཔོན་ཆེན་པོར་དུས་ཀུན་འདུད། །
འཆད་པའི་གསུང་སྙན་འཛམ་གླིང་ཡོངས་ན་གྲགས། །
རྩོད་པའི་རྣམ་དཔྱོད་མཁས་མང་དབུས་ན་མཛེས། །
རྩོམ་པའི་ལེགས་བཤད་སྐད་རིགས་སྣ་མང་འགྱུར། །
འཛམ་གླིང་འདི་ན་སྟོན་པ་གཉིས་པར་ངེས། །
གནའ་དེང་ཤེས་བྱ་མཐའ་དག་སྦྱངས་པས་མཁས། །
སྡོམ་པ་གསུམ་གྱི་ཚུལ་ཁྲིམས་དག་པས་བཙུན། །
རིས་མེད་སྐྱེ་འགྲོར་ཀུན་ནས་བརྩེ་བས་བཟང་། །
ཀླུ་སྒྲུབ་ཞབས་ཀྱི་རྣམ་པར་ཐར་ལ་ཁུམས། །
མདོ་སྔགས་གཞུང་བརྒྱའི་གནས་ལ་མང་དུ་ཐོས། །
ཐོས་དོན་ཞིབ་མོར་དཔྱོད་པས་རྣམ་པར་བསམས། །
བསམ་པའི་དོན་ལ་ངེས་པ་རྙེད་དེ་བསྒོམས། །
འཇམ་མགོན་ཙོང་ཁ་པ་ལས་གཞན་དུ་ཅི། །
བདག་གཞན་བརྗེ་པའི་ལྷག་བསམ་སྙིང་སྟོབས་ལྡན། །
ཤེས་བྱའི་གནས་ཀུན་གཟིགས་པའི་རྣམ་དཔྱོད་ཡངས། །
ཆགས་སྡང་བདུད་དཔུང་འཇོམས་པའི་མཐུ་སྟོབས་ཅན། །
རིགས་གསུམ་མགོན་པོ་དངོས་སུ་གྲུབ་མིན་ནམ། །
དུས་གསུམ་བདེ་བར་གཤེགས་པ་ཀུན་གྱི་དངོས། །
དངོས་གྲུབ་ཀུན་གྱི་འབྱུང་གནས་བླ་མ་མཆོག །
མཆོག་ཏུ་བསྔགས་འོས་རྟོགས་པ་བརྗོད་པའི་ཚིག །
ཚིག་གི་འཕྲེང་བར་ཅུང་ཟད་སྤེལ་འདི་རྨད། །
ཨ་སྔོན་དབྱིངས་སུ་རྒྱུ་བའི་ཟླ་གཟུགས་ཉིད། །
དྭངས་གཙང་རྫིང་བུ་བྱེ་བར་ཤར་བ་ལྟར། །
གདུལ་བྱའི་ཁམས་དང་མོས་པར་རབ་འཚམ་པའི། །
ཕུན་ཚོགས་བཀོད་པའི་མཛད་བཟང་བསམ་མི་ཁྱབ། །
ཁྱད་པར་འཛམ་གླིང་ཡངས་པའི་རྒྱལ་ཁམས་སུ། །
རྒྱལ་བསྟན་སྙིང་པོ་བྱམས་བརྩེ་སྤེལ་བའི་ཕྱིར། །
མཁས་བཙུན་བཟང་པོའི་མཛད་པ་མཐའ་ཡས་པ། །
བསྐལ་བརྒྱར་བརྗོད་ཀྱང་རྫོགས་པར་ག་ལ་ནུས། །
འོན་ཀྱང་མཐུན་སྣང་གྲུབ་པའི་མཛད་བཟང་འགའ། །
དགའ་དད་ཟུང་གིས་ངག་ཏུ་རབ་དྲངས་ནས། །
གོ་སླའི་སྡེབ་སྦྱོར་ཚིག་ཏུ་རང་དབང་དུ། །
སྤེལ་བའི་གོ་སྐབས་བྱུང་འདི་ཨེ་མ་རྨད། །
དེ་ལྟར་སྐྱབས་མགོན་རྒྱལ་མཆོག་བཅུ་བཞི་བའི། །
རྣམ་པར་ཐར་བ་ཆུ་གཏེར་ཆེན་པོ་ལས། །
རང་བློར་ཤར་བའི་མཛད་བཟང་ཆུ་ཐིགས་ཙམ། །
བརྗོད་པའི་དགེ་འདིས་བྱིན་རླབས་འཇུག་པར་ཤོག །
སྐྱེ་བ་ཀུན་ཏུ་རྗེ་བཙུན་བླ་མ་ཡིས། །
ནམ་ཡང་འབྲལ་མེད་བརྩེ་བས་རྗེས་བཟུང་སྟེ། །
རྟེན་འདིར་ཐར་བའི་ལམ་སྣ་ཟིན་པ་དང་། །
བདག་གཞན་མཉམ་བརྗེའི་བློ་ལ་གོམས་པར་ཤོག །
ཅེས་པའི་བསྟོད་སྨོན་པད་དཀར་ཕྲེང་བ་ཞེས་བྱ་བ་འདི་འཇམ་མགོན་བླ་མའི་གདན་ས་དགའ་ལྡན་བྱང་རྩེ་རྗེ་ཀླུ་འབུམ་ཁང་ཚན་དུ་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༧ ཚེས་ ༦ གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་བོ་མཆོག་གི་སྐུའི་འཁྲུངས་སྐར་བསུ་བའི་ཉིན་མོར་མཆོད་པའི་མེ་ཏོག་གི་ཚུལ་དུ་ཕུལ་བ་ཡིན། །
དད་པའི་མཆོད་དབྱངས།
དགེ་བཤེས་དཔལ་བཟང་རྒྱ་མཚོ།
༄༅།།རབ་མཛེས་སྐུ་ལ་ཆོས་གོས་རྣམ་གསུམ་མཛེས།།
རབ་སྙན་གསུང་གིས་སྐྱེ་འགྲོ་ཞི་བདེར་འགོད།།
རབ་གསལ་ཐུགས་ལ་གཞུང་ལུགས་རྒྱ་མཚོས་གཏམས།།
རབ་གུས་གངས་རིའི་མགོན་པོའི་འཁྲུངས་སྐར་བསུ།།
སྐུའི་འཁྲུངས་སྐར་ལ་རྗེ་ཀླུ་འབུམ་ཁམས་ཚན་གྱི་དགེ་བཤེས་དཔལ་བཟང་རྒྱ་མཚོ་ནས་གུས་པས་ཕུལ།
དད་མོས་ཀྱི་འགྱུར་ཁུགས།
ལྷ་རམས་པ་རྒན་དགེ་འདུན་ཐོགས་མེད།
ཀ་དག་སྤྲོས་པ་བྲལ་བའི་གཞི་དབྱིངས་ན།།
ཡེ་ཤེས་འོད་ལྔ་འབར་བའི་གཞལ་ཡས་སུ།།
མཚན་དཔེ་ལྷུན་གྱིས་གྲུབ་པ་བརྩེ་བའི་མདངས།།
འཇིག་རྟེན་དབང་ཕྱུག་ཕྱག་ན་པད་མོར་འདུད།།
གངས་དཀར་ལྷུན་པོའི་མུ་འཁྱུད་འཛིན་པ་ཡི།།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་འགྲོ་རྣམས་ལ།།
བྱམས་བརྩེ་འི་བྱིན་རླབས་གཟིགས་པ་མ་ལྷོད་པའི།།
རྒྱལ་མཆོག་གསེར་རིའི་ལྷུན་པོ་རྒྱལ་གྱུར་ཅིག།
ཐུགས་བསྐྱེད་འབིགས་བྱེད་རི་བོའི་ཤེད་མོང་གིས།།
རླབས་ཆེན་ཚོགས་གཉིས་མཚོ་མོ་བསྲུབས་པའི་བཅུད། །
ཐུབ་བསྟན་དྲི་མས་དག་པ་ཟླ་བའི་ཁམས།།
འགྲོ་བའི་ཡིད་ཀྱི་མཁའ་ལ་ཁྱེད་ཀྱིས་དྲངས།།
སྤྲ་དང་སྤྲེལ་འུའི་གཤིས་ཀ་མ་དོར་བའི།།
སྲིན་པོ་གདོང་དམར་བོད་ཀྱི་རྒྱལ་ཁམས་འདིར།།
ཆོས་རྒྱལ་རིམ་པར་བྱོན་པའི་རྣམ་ཐར་གྱིས།།
རྒྱལ་བསྟན་སྲོག་གི་ཀ་བ་ཁྱེད་ཀྱིས་བཙུགས།།
འཕྲལ་ཕུགས་ཀུན་ཏུ་དགེ་བའི་ཐབས་ཀྱི་མཆོག།
བྱམས་བརྩེ་བྱིན་རླབས་རིགས་ཀྱི་ས་བོན་དུ།།
བསྐྲུན་པའི་བྱེད་པོ་མཁན་སློབ་རྣམ་གཉིས་དང་།།
ཁྱད་པར་ཁྲི་སྲོང་ལྡེའུ་བཙན་རྒྱལ་གྱུར་ཅིག།
ཆོས་དང་ཆོས་མིན་བསྲེས་པའི་སྤྲིན་ནག་གིས།།
གངས་ལྗོངས་གནམ་སའི་འོད་སྣང་སྒྲིབ་པ་ན།།
ཡང་དག་ལམ་གྱི་སྲོལ་འབྱེད་ཇོ་ངོག་དང་།
ཁྱད་པར་འབྲོམ་སྟོན་ཆེན་པོ་རྒྱལ་གྱུར་ཅིག།
རྒྱལ་བའི་བསྟན་ལ་སྟོན་པའི་རྣམ་ཐར་ཅན།།
རིགས་གསུམ་གཅིས་བསྡུས་རྒྱལ་བ་བློ་བཟང་གྲགས།།
སླར་ཡང་ཙོང་ཁའི་རི་ལས་བཞད་པ་ཡི།།
འཛམ་གླིང་ཞི་བདེ་སྟོན་པ་རྒྱལ་གྱུར་ཅིག།
རྟེན་འབྱུང་ལྟ་བ་ཀླུ་སྒྲུབ་ཞབས་ཀྱིས་བཞེངས།།
བྱམས་བརྩེ་སྣང་བ་མི་ཕམ་མགོན་གྱིས་བསྐྲུན། །
མཛད་པའི་འཕྲིན་ལས་ནམ་མཁའི་མཐའ་ལས་འགོངས།།
གོང་ས་ལྷ་མིའི་འདྲེན་མཆོག་རྒྱལ་གྱུར་ཅིག།
ཚན་རྩལ་རིག་པས་འབྱུང་བཞིའི་གསང་བ་གཏོར།།
རྫས་རིག་འཕྲུལ་གྱིས་གོ་ལའི་སྲོག་རྩ་བཟུང་།།
མི་ཡི་སེམས་ཁམས་དབང་དང་འབྱོར་བས་དཀྲུགས།།
འཇིག་རྟེན་ཡོམ་ཡོམ་དགུལ་བའི་དུས་རབས་འདིར། །
རྟེན་འབྱུང་རིགས་པའི་རྡོ་རྗེ་ར་གུར་ལས།།
བྱམས་བརྩེ་བྱིན་རླབས་ཞི་བདེ་དགེ་མཚན་གྱི།།
གནས་ལུགས་སྨྲ་བའི་ངག་གི་དཔལ་གྲུབ་པ།།
དུས་ཀྱི་སྟོན་པ་ཆེན་པོ་རྒྱལ་གྱུར་ཅིག།
དམ་པའི་འཁྲུངས་རབས་རྣམ་ཐར་གླེགས་བམ་དུ།།
བཞེངས་པའི་ངོ་མཚར་གངས་ཀྱི་ལྷུན་པོའི་རྩེར།།
འོད་ཀྱིས་འཁྱུད་པ་ཁྱེད་ཀྱི་མཛད་པའི་རླབས།།
ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་མིག་ཏུ་གྲུབ།།
རྒྱལ་ཀུན་མཁྱེན་བརྩེ་རི་མོར་ཕབ་པ་ཡི། །
ཁྱེད་ཀྱི་སྐུ་གསུང་མཛད་པའི་ཆ་ཙམ་ཡང།།
མཐོང་ཐོས་དྲན་པ་གཏན་གྱི་མཛའ་ན་མོར།།
བསུ་བའི་དགའ་འབོད་དཔྱོད་ལྡན་མཁས་པའི་ངག།
མདའ་མཚོན་གོ་ཆ་མ་བཟུང་བར། །
རང་ཉིད་གཅིག་པུས་བྱེ་བའི་བདུད། །
མ་ལུས་ཕམ་མཛད་གཡུལ་གྱི་ལས། །
ཁྱོད་ལས་གཞན་པ་སུ་ཡིས་ཤེས། །
དེ་ལྟར་ཁྱོད་ཀྱི་བྱམས་པའི་མེས། །
འདོད་ལྷའི་སྙིང་ནི་རབ་གདུངས་ཀྱང༌། །
བརྩེ་བའི་གཏེར་ཁྱོད་ལུས་ཅན་ལ། །
རིས་སུ་ཆད་པར་གྱུར་པ་མེད། །
ཁྱོད་ནི་འགྲོ་བའི་དོན་གྱི་སླད། །
ཅུང་ཟད་ཙམ་ཡང་མི་ངལ་ཞིང༌། །
འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །
ཡོན་ཏན་བརྗོད་ལ་ངལ་མ་གྱུར། །
འཇམ་མགོན་བླ་མའི་ངག་རིག་གི།
སྒྱུ་རྩལ་འདི་ཡང་མགོན་ཁྱེད་ཀྱི། །
གསང་བ་གསུམ་གྱི་རྣམ་ཐར་ལ།།
ཆེད་དུ་བརྗོད་པའི་ལུང་བསྟན་ཞིག།
ས་ཡ་དྲུག་གི་སེམས་ཀྱི་དད་པའི་རྟེན།།
ཡེ་ཤེས་ལྔ་ཡི་བདག་ཉིད་བཅོམ་ལྡན་འདས།།
གླིང་ཆེན་བཞི་ཡི་རེ་བ་ཁྱེད་ལགས་ན།།
ཚེ་ལྷ་རྣམ་གསུམ་ངོ་བོར་ཞབས་བརྟན་གསོལ།།
ཞེས་རྒྱལ་བ་དོན་གྱི་བདག་པོའི་འཁྲུངས་སྐར་བསུ་བའི་ཤིས་ཚིག་ཏུ་དགེ་བཤེས་ལྷ་རམས་ཀྱི་མིང་ཙམ་ཐོབ་པ་དགའ་ཀླུ་དགེ་འདུན་ཐོགས་མེད་ནས་ཕྱི་ལོ་2024 ལོའི་ཕྱི་ཟླ་བདུན་པའི་ཚེས་7ཉིན་དད་པའི་གུས་ཕྱག་བཅས།
ཡིད་བཞིན་དབང་གི་ནོར་བུ།
དགེ་བཤེས་ཆོས་འཕེལ་རྒྱལ་མཚན།
སྐུ་ཡི་མེ་ཏོག་མཚན་དཔེ་སྟོང་གིས་བརྒྱན།།
གསུང་གི་ཡན་ལག་འགག་མེད་དྲུག་ཅུས་ཁྱབ།།
ཐུགས་ཀྱི་བདེ་སྟོང་དབྱེར་མེད་དཔལ་གྱིས་ཕྱུག།
གསུམ་ལྡན་བླ་མ་སྤྱན་རས་གཟིགས་ལ་འདུད།།
མ་རུང་གདུལ་དཀའ་སྙིགས་མའི་འགྲོ་བ་ལ།།
ཆོས་ཀྱི་སྙིང་བོ་བྱང་ཆུབ་སེམས་མཆོག་དང་།།
ཟབ་མོ་སྟོང་ཉིད་རྟོགས་པའི་ཤེས་རབ་ཟུང་།
སྟོན་མཛད་བླ་མ་ཁྱེད་ཀྱི་འཁྲུངས་སྐར་བསུ།།
སྲིད་གསུམ་ཀློང་ན་རྨོངས་པའི་སེམས་ཅན་ལ།།
སྙིང་རྗེ་སྤྱན་ཟུང་དཀར་པོ་གཡོ་མེད་པར།།
ཐར་བའི་ལམ་མཆོག་གསལ་བར་སྟོན་མཛད་པ།།
གསུམ་ལྡན་བླ་མ་ཁྱེད་ཀྱི་འཁྲུངས་སྐར་བསུ།།
རིན་ཐང་གཞལ་མཐའ་བྲལ་བའི་ཡིད་བཞིན་ལྟར།།
མ་གྱུར་སེམས་ཅན་ཡོངས་ཀྱི་མགོན་གཅིག་པུ།།
འོད་སྟོང་འབར་བའི་རིན་ཆེན་ལྷུན་པོའི་སྐུ།།
བསྐལ་བ་མ་སྟོང་བར་དུ་བརྟན་གྱུར་ཅིག།
ཤེས་རབ་ཀྱི་སྟོན་པ་ཆེན་པོ།
ལྷ་རམས་དང་པོ། འཇམ་དབྱངས་འོད་ཟེར།
མཐོ་ལ་གངས་ཀྱི་རི་བོས་མཐའ་བཞི་བསྐྱོར།།
གངས་རིའི་དབུས་ལ་ཡི་གེ་དྲུག་མ་འཁྲུངས།།
སྨད་ན་མཚོ་དང་མཚེའུ་དལ་གྱིས་འབབ།།
དེ་ཡི་རླབས་སྒྲ་ཡིག་དྲུག་དབྱངས་ལ་འདྲེས།།
ངག་ལ་མ་ནི་དབྱངས་ཀྱི་གདངས་གསལ་བ།།
ཡིད་ལ་རིགས་དྲུག་ཀུན་གྱི་དྲིན་བསམ་པའི།།
སྲིད་པའི་ཡང་རྩེར་ཡོད་པའི་ཁ་བའི་ལྗོངས།།
འཕགས་མཆོག་སྤྱན་རས་གཟུགས་ཀྱི་གདུལ་ཞིང་ཉིད།།
ཨེ་མ་རྒྱལ་བ་ཀུན་གྱི་བརྩེ་བའི་ཐུགས།།
གཟུགས་སུ་ཤར་བ་འཕགས་མཆོག་སྤྱན་རས་གཟིགས།།
སྤྲུལ་བ་ཡང་སྤྲུལ་གང་གི་ཚུལ་འཛིན་པ།།
ནམ་མཁའི་གར་ཁྱབ་ཕ་མཐའ་སུ་ཡིས་གཞལ།།
དེ་ལྟ་ན་ཡང་ཙོང་ཁའི་འདབས་བརྒྱུད་ནས།།
ཡབ་རྗེ་ཙོང་ཁ་པ་ཡི་རྣམ་སྤྲུལ་དུ།།
མར་མེ་གཅིག་ལས་རང་འདྲ་ཆད་པ་བཞིན།།
ཁྱེད་སྐུ་གཞོན་ནུ་འཛུམ་པ་ངོ་མཚར་ཆེ།།
སྙན་བརྒྱུད་གདམས་ངག་མ་འདྲེས་མཚོ་ཆེན་གྱི།།
དབང་ལུང་ཁྲིད་གསུམ་མན་ངག་རླབས་ཀྱི་རྒྱུན།།
གདུལ་བྱའི་མགོན་དུ་བསྩལ་བའི་བཀའ་དྲིན་ནི།།
སྟོང་གསུམ་གསེར་གྱིས་བཀང་ཡང་གཞན་ཐབས་ཅི།།
དབུ་ཚད་རིགས་པའི་གསང་པ་ཕྲ་མོའི་གནད།།
མཁྱེན་པའི་ཐུགས་ཀྱིས་དཔྱད་པ་ཡོངས་གཏམ་ཞིང་།།
ངོ་མཚར་རིགས་ལམ་སྟོང་གིས་འཆད་པ་དེས།།
རྩོད་དུས་པཎ་ཆེན་ཞེས་པ་ཁྱོད་གཞན་སུ།།
མདོ་སྔགས་གཞུང་ལུགས་ཀུན་གྱི་ཟབ་པའི་གནད།།
ལྟ་སྒོམ་ཕྲོ་མོའི་སྲོལ་ཡང་མ་ཉམས་པར།།
སོ་སོ་ཕྱེ་བའི་མཁྱེན་དཔྱོད་འདི་འདྲ་ལ།།
ཡབ་རྗེ་ཙོང་ཁ་པ་ཡང་འཛུམ་པར་འགྱུར།།
ཆོས་དང་རིགས་ཀྱི་དབྱེ་བ་མ་མཆིས་པར།།
ཤར་དང་ནུབ་ཀྱི་ས་ཚིགས་མི་རྩོད་པར།།
གོ་ལ་རིགས་པས་སྐོར་བའི་མཁྱེན་དཔྱོད་ཀྱིས།།
འཛམ་གླིང་ས་ཆེན་གླིང་བཞིར་ཡང་ཡང་སྒུལ།།
དད་པ་རྣམ་དག་ཞིག་གི་ཡིད་དྲངས་ནས།།
སྨོན་ལམ་དྭངས་པ་ཞིག་གིས་མཚམས་སྦྱར་ཏེ།།
ཁྱེད་ཀྱི་འཁྲུངས་སྐར་བསུ་བའི་ཚིགས་བཅད་འགའ།།
མིག་ཆུའི་ཕྲེང་བ་འགའ་དང་ལྷན་དུ་བཞུར།།
༢༠༢༤/༧/༦ཉིན་འབྲོག་རིའི་མེ་འོད་ཀྱིས།
བཀྲ་ཤིས་རྟེན་འབྱུང་གི་ཉིན་མོ།
སློབ་གཉིས། བློ་བཟང་ཡེ་ཤེས།
དེ་རིང་གནམ་ས་གཉིས་ལ་དགེ་བཅུ་འཛོམས་པས་གླིང་འདིར་སངས་རྒྱས་དངོས་སུ་བྱོན།།
དེ་རིང་ཕྱོགས་བཞིར་བདེ་ལེགས་འབྱུང་ཞིང་འཚམས་བརྒྱད་བཀྲ་ཤིས་རྒྱ་མཚོ་ལྟེམ་ལྟེམ་འཁྱིལ།།
དེ་རིང་སྒང་བ་བོད་དང་ཧི་མ་ལ་ཡ་འཛམ་གླིང་གོ་ལའི་ལྷ་མི་ཡོངས།།
དེ་རིང་འཛམ་གླིང་སྙིང་རྗེའི་ཉིན་མོ་༧ཁོང་གི་འཁྲུངས་སྐར་དགའ་བ་འབུམ་གྱིས་བསུ།
༄༅།། ཁམས་གསུམ་འགྲོ་བའི་བླ་མ་ཤར་༧རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྣམ་པར་སྤྲུལ་བའི་སྐུ་༧རྒྱལ་མཆོག་བཅུ་བཞི་བ་ཆེན་པོའི་བསླབ་ཁྲིམས་གསུམ་གྱི་མཛད་པ་དང་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་རྒྱ་མཚོ་ཆེན་པོའི་ཆུ་ཐིག་ཙམ་གྱི་ཆེ་བ་རྗེས་སུ་དྲན་པ་དད་པའི་ཚོམས།
སློབ་དཔོན་གཉིས་པ།སེང་གཤོང་དགེ་འདུན་བསྟན་འཛིན།
༄༅།།ཟབ་སྟོང་སྙིང་རྗེའི་རང་གཟུགས་བྱོན་པ་ཟབ་སྟོང་ཆོས་ཀྱི་འཁོར་ལོ་བསྐོར་མཛད་ཁྱོད།།
ཚུལ་ཁྲིམས་བསླབ་པའི་ཕྱག་ལེན་མཐར་ཕྱིན་ཚུལ་ཁྲིམས་དྭངས་མའི་གཟི་བྱིན་འོད་དུ་འཚེར།།
ཏིང་འཛིན་བསླབ་པར་རྩེ་གཅིག་གཞོལ་བས་ཏིང་ངེ་འཛིན་གྱི་གཡུ་མཚོ་ལྷིང་ཞིང་འཇགས།།
ཤེས་རབ་བསླབ་པའི་ཟབ་དོན་བསྒོམས་པའི་ཤེས་རབ་ཡང་རྩེར་ཁྱོད་ཀྱིས་ཤིས་པ་སྩོལ།།
པད་དཀར་འཆང་བ་ཉིན་བྱེད་དབང་པོ་ཁྱོད།།
མ་ལུས་མཛད་པ་བསྟུན་མར་བྱོན་པ་ནི།།
ཁ་བ་ཅན་གྱི་གཏུམ་པོའི་ཚོགས་རྣམས་ལ།།
ཉི་མས་གདུངས་པའི་གླང་ཆེན་པད་མཚོར་བཞིན།།
སྟོན་དུས་དག་པའི་མཁའ་ལ་ཟླ་འོད་བཞིན།།
དཀར་བའི་འོད་བརྒྱ་རྒྱས་པ་ཁྱོད་ཀྱི་སྐུ།།
དཀར་ནག་མཁས་བླུན་ཇི་འདྲས་མཇལ་ན་ཡང་།།
ཞི་དུལ་མཁས་མཛངས་ལྟ་བས་ངོམས་པ་མེད།།
སྟོང་དང་རྟེན་འབྱུང་ཟུང་དུ་འཇུག་པའི་ལམ།།
བརྗོད་པ་གང་དེ་སྨྲ་བ་ཟླ་མེད་དུ།།
གྲགས་པ་བཞིན་དུ་མཁྱེན་བཟང་ཁྱེད་ཉིད་ཀྱིས།།
རྟག་ཏུ་གང་གསུང་རྟེན་འབྱུང་རིགས་པས་ཟིན།།
དོན་དམ་ཉམས་རྟོགས་མཐར་ཕྱིན་ཁྱོད་ཀྱི་ཐུགས།།
སྙིགས་ལྔའི་འདམ་དུ་བྱིང་བའི་སྐྱེ་བོའི་སླད།།
ཚུལ་རོལ་མཐོང་བའི་རྒྱལ་སྲས་ཚུལ་འཛིན་ཏེ།།
བྱང་ཆུབ་སེམས་ཀྱིས་འགྲོ་དོན་བསྐྱང་ལ་གཞོལ།།
ཞེས་པ་འདི་བཞིན་ཕྱི་ལོ་2024ཟླ་7ཚེས་6་རྒྱལ་བའི་འཁྲུངས་སྐར་སྐལ་བཟང་སྟོང་གི་ཚེས་བཟང་ཉིན་དགའ་ཀླུ་སེང་གཤོང་བ་རྒྱལ་ཚང་མངོན་འཇོམས་པས་སྤྲོ་བརྟས་ཀྱིས་ཤར་མར་བྲིས།
ཁ་བའི་ལྷ་མཆོག
སློབ་དཔོན་གཉིས་པ། སྒོ་བློ་བཟང་དཔལ་ལྡན།
འདབ་སྟོང་སྙིང་རྗེའི་འོད་སྣང་དཀར་པོ་ཡིས།།
སྐྱེ་རྒུ་རྒུད་པའི་མུན་པ་ཡོངས་སེལ་བའི། །
ཞི་བདེའི་དེད་དཔོན་ཆེན་པོའི་འཁྲུངས་སྐར་ལ།།
ཀུན་དགའི་དགའ་སྟོན་བཀྲ་ཤིས་དཔལ་གྱིས་བསུ། །
ཁ་བའི་ལྷ་མཆོག་སྙིང་རྗེའི་རང་གཟུགས་ཀྱིས། །
གངས་རིའི་ལྗོངས་སུ་མི་ཡི་རྣམ་རོལ་ནས།།
བོད་ཡུལ་བདེན་དོན་འཛམ་གླིང་ཡོངས་སུ་བསྒྲགས། །
བསིལ་ལྡན་ལྗོངས་འདིར་ཞི་བདེའི་འོད་སྣང་ཁྱབ།།
ཕྱོགས་བཞི་གླིང་དྲུག་བསྐོར་བའི་མཛད་འཕྲིན་གྱིས།།
མཐའ་མེད་སྐྱེ་འགྲོའི་གདོང་བ་འཛུམ་ལ་བཞུས།།
མི་ཚེའི་བཟང་སྤྱོད་ལམ་ཆེན་སྲོལ་མཛད་པའི།།
དུས་ཀྱི་སྟོན་པ་ཆེན་པོའི་ཞབས་ལ་འདུད།།
སྐྱོན་བྲལ་མཚན་དཔེའི་ལང་ཚོ་བཞད་པའི་སྐུ།།
མ་འདྲེས་ཚངས་དབྱངས་དྲུག་ཅུ་ལྡན་པའི་གསུང་།།
ཤེས་བྱ་མ་ལུས་ཀུན་གསལ་གཟིགས་པའི་ཐུགས།།
གངས་ཅན་མགོན་པོའི་སྐུ་ཚེ་རྟག་བརྟན་ཤོག།
ཞེས་༧དགའ་བྱང་ཀླུ་སློབ་དཔོན་གཉིས་པ་འཛིན་གྲྭའི་སྒོ་བློ་བཟང་དཔལ་ལྡན་ནས་ཕྱི་ལོ་༢༠༢༤ སྤྱི་ཟླ་ ༧ ཚེས་ ༦ ལ་བྲིས་པ་དགེའོ།
གངས་ལ་འཁོར་བའི་དཔའ་རྟུལ།
སློབ་དཔོན་གཉིས་པ། དཔྱི་ས་དགེ་འདུན་ཡོན་ཏན།
གནའ་མིའི་འབྲོག་ལམ་གཤགས་པའི་གཏམ་རྒྱུད་ཀྱིས།།
གླིང་བཞིའི་མི་ཚོགས་སྒུལ་བའི་མཐུ་རྩལ་ཅན།།
བོད་འབངས་བྱེ་བ་འཁོར་བའི་གཏན་གྱི་སྐྱབས།།
གངས་ཀྱི་མཐོ་ཚད་འཁྱེར་བ་སྤྱན་རས་གཟིགས།།
གནམ་གྱི་ཁྲི་བདུན་ཁྲི་ལ་བཞེངས་པ་ནས།།
གངས་ཀྱི་འཁྱགས་རོམ་གས་ཆག་མ་ཤོར་བར།།
བོད་འདི་གནམ་ལ་འཕྱར་བའི་སྙིང་ཁམས་ཅན། །
ཁྱེད་ཉིད་ཁོ་ནར་ཟད་དོ་ཡིད་བཞིན་ནོར།།
འཕགས་བོད་མཁས་པའི་དྲི་མེད་རིགས་པའི་ལམ།།
བཀའ་བསྟན་གཞུང་གི་བདེན་ཚིག་འོ་མའི་རླབས།།
ས་ཡིས་མ་ནུས་གང་གིས་མ་ཐེག་པ། །
ཁྱེད་ཀྱི་འཕྲིན་ལས་དཀར་པོས་ཕྱོགས་མཐར་བསྲིངས།།
གུང་ཁྲན་ཏང་གི་གོ་མཚོན་དམར་པོ་དང་།།
སྡེ་བ་གཞུང་གི་སྡེ་མི་ནག་པོ་ཡི།།
ཧམ་སེམས་མཆེ་བར་མ་ཟིན་ལྷ་ཡི་སྲས།།
ཁྱེད་སྐུ་ཉི་གཞོན་ད་དུང་མཛེས་འདི་མཚར།།
སྙིང་རྗེའི་སྤྱན་ཟུང་འགྲོ་བའི་ཁམས་ལ་ཟུག།
ཤེས་རབ་འོད་ཕུང་གླིང་བཞིའི་ཁྱོན་ལ་འཚེར།།
ཏཱ་ལའི་བླ་མ་ཞེས་གྲགས་སྙན་པ་ཅན།།
གངས་ཀྱི་རྒྱལ་མཚན་བསྒྲེངས་ཁྱེད་རྒྱལ་གྱུར་ཅིག།
སྐུ་དྲག་བཙན་པོའི་རྐང་ལམ་དམར་པོ་ནས།།
ཤར་ནུབ་སྐྱེ་བོའི་བསམ་སྦྱོར་ནག་པོའི་བར།།
མི་སྲིན་སྐྱེ་བོའི་སྙིང་གི་མུན་པའི་གཟུགས།།
ཁྱེད་ཐུགས་དག་པས་ཞིབ་མོའི་རྡུལ་ལ་འཐག།
ཕྱི་ནང་རིག་པའི་དཀྱིལ་འཁོར་དཀར་པོ་ན།།
གཏམ་གྱི་རྒྱལ་བོ་སྨྲ་ལ་ཐོགས་མེད་པ།།
མི་འཇིགས་གདོང་ལྔའི་ཁྲི་ལ་འགྱིང་བའི་ལྷ།།
ཁྱེད་སྐུ་གསེར་གྱི་ལྷུན་པོ་རྟག་བརྟན་ཤོག།
ལོ་གསུམ་བྱིས་པའི་གསོལ་འདེབས་ཡན་ཆད་ནས།།
འཆི་ཁའི་རྒན་པོའི་སྨོན་ཚིག་དྭངས་མའི་བར།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཞེས།།
ལྷང་ལྷང་སྒྲོགས་འདི་ཁ་བ་ཅན་པ་ལགས།།
འཇིག་རྟེན་འདི་ཡི་བསླུ་མེད་བདེན་པ་དང་།།
ཕྱོགས་སུ་མ་ཆད་ཁྱེད་ཀྱི་བྱམས་བརྩེ་ཡིས།།
དཀར་ནག་འདྲེས་མའི་མི་ཚེ་ཟད་པོ་ལ།།
རེ་བའི་རྨི་ལམ་འཐུ་བའི་གྲོགས་མཛོད་ཅིག།
2024 ལོའི་ཟླ་7ཚེས་6་ཉིན་དཔྱི་ས་བ་དགེ་འདུན་ཡོན་ཏན་དུ་འབོད་པས་བྲིས།
དུས་ཀྱི་སྟོན་པའི་འཁྲུངས་སྐར་བསུ།
སློབ་དཔོན་གཉིས་པ། འཇིགས་མེད་ལེགས་བཟང་།
ཨ་ཆེན་གངས་ཀྱི་རི་བོའི་ཉེ་འདབས་སུ་ཆགས་པའི།།
ལུམ་བིའི་ཚལ་གཉིས་གྲགས་པ་སྟག་འཚེར་གྱི་ཁབ་དུ། །
ལྟས་བཟང་རྨད་བྱུང་དཔལ་ལྡན་ལྷ་མོ་ཡི་ལུང་བཞིན།།�
ངོ་མཚར་བལྟམས་པའི་སྐུ་ལ་སྒོ་གསུམ་གྱིས་འདུད་དོ། །
རྒྱལ་ཀུན་མཁྱེན་བརྩེའི་ནུས་པ་གཅིག་བསྡུས་ཀྱི་ཕུང་པོ།།
འཕགས་མཆོག་ལཱོ་ཀི་ཤྭ་ར་མིའི་གཟུགས་ཀྱི་རྣམ་རོལ།།
དབུས་འགྱུར་གངས་རིའི་ལྗོངས་ནས་འཛམ་གླིང་དུ་ཤར་བའི།།
འཇིག་རྟེན་དེད་དཔོན་ཉིད་ལ་སྒོ་གསུམ་གྱིས་འདུད་དོ།།
རབ་འབྱམ་རྒྱལ་བའི་གསང་གསུམ་ཐུགས་བསྐྱེད་ཀྱི་འོད་གུར།།
འཇིག་རྟེན་ཧྲིལ་བོར་འཕྲོས་པའི་མུན་སེལ་གྱི་སྒྲོན་མེ།།
སྐལ་ལྡན་གདུལ་བྱ་འདྲེན་པའི་སྲིད་གསུམ་གྱི་སྟོན་པ།།
མཉམ་མེད་ཐུབ་པ་གཉིས་པར་སྒོ་གསུམ་གྱིས་འདུད་དོ།།
གང་གི་སྐུ་གསུང་ཐུགས་ཀྱི་མཛད་རྣམ་གྱི་ཉིང་བཅུད།།
སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལམ་མཆོག་གི་བཅུད་ལེན།།
གདུལ་བྱའི་བུང་བ་ཚོགས་ཀྱིས་ལོངས་སྤྱོད་ཀྱི་སྐལ་བ།།
མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་དེ་ཞུའོ།།
༢༠༢༤\༧\༦ཚེས་བཟང་ལ།
༄༅།།འཇིག་རྟེན་ཞི་བདེའི་དེད་དཔོན་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བ་ལ་དད་པའི་བྱིས་སེམས་ཀྱི་སྙིམ་པ།
བཀའ་རམས་གཉིས་པ།སེང་གཤོང་བློ་བཟང་བཟོད་པ།
༄༅།།བདེར་གཤེགས་ལྷུན་པོའི་ཐུགས་ཀྱི་ཀློང་ནས་ཟབ་རྒྱ་ཆེ་བའི་བདུད་རྩི་འཁྲུངས།།
གཏན་ཚིགས་རིགས་པའི་རླབས་ཕྲེང་ཚོགས་ཀྱིས་ནོར་འཛིན་ཀུན་ཏུ་ཁྱབ་མཛད་ཀྱང་།།
སྙིགས་ལྔའི་དུས་ཀྱི་ཆགས་སྒོའི་གཤིན་རྗེས་ཐལ་རྡུལ་ཁྲོད་དུ་ཡལ་བའི་ཚེས།།
ཤར་ཕྱོགས་ཡུལ་ནས་སྐུ་འཁྲུངས་ཁྱོད་ཀྱིས་མཐུ་སྨོན་བཙན་པོས་མྱུར་ཁྱབ་མཛད།
བདག་ཉིད་ཆེན་པོ་ཉིད་ཀྱི་སྐུ་ནི་སྟོན་ཟླ་བཞིན་དུ་འོད་གསལ་ཞིང་།།
གསུང་གི་རླབས་རྒྱུན་ཉི་འོད་གསལ་བ་གདུལ་བྱའི་རྨོངས་སེལ་སྒྲོན་མེ་བཞིན།།
འབྱམས་ཞིང་ཀླས་པའི་ཞི་བདེའི་ཐུགས་ནི་རྒྱ་མཚོ་བཞིན་དུ་གཏིང་དཔོག་དཀའ།།
མི་མཇེད་ལོང་བའི་འཇིགས་ཚོགས་འདི་ཡི་ལམ་སྟོན་ཆེན་པོའི་ཞབས་བརྟན་ཤོག།
སྐྱེ་བ་འབུམ་གྱི་དགེ་སྒྲུབ་ཕུང་པོས་བདག་བློ་ཁྱོད་ལ་ཕྱོགས་པ་དེ།།
བསྐལ་བཟང་སངས་རྒྱས་སྟོང་དང་མཇལ་བའི་བསོད་ནམས་འབྲུ་རིས་ཕུང་པོ་བཞིན།།
རྙེད་པར་དཀའ་ལ་དོན་ཆེན་ལྡན་པ་སེམས་ཀྱི་མཐིལ་དུ་གཅེས་འཛིན་ཏེ།།
མི་རུས་ཕྲ་མོའི་རྐང་གི་ཁུངས་ནས་གསོལ་བ་ཕུར་ཚུགས་བཏབ་པ་ལགས།།
ཞེས་པ་འདི་ནི་ཕྱི་ལོ་2024ཟླ་7ཚེས་6་རྒྱལ་བའི་འཁྲུངས་སྐར་གྱི་དུས་བཟང་ཉིན་དགའ་ཀླུ་སེང་གཤོང་བ་བཀའ་གཉིས་བློ་བཟང་བཟོད་པས་དགའ་དད་སྤྲོ་གསུམ་གྱིས་གུས་པ་ཆེན་པོས་བྲིས་པ་དགེའོ།།
ཤིས་ཚིག་དྲང་སྲོང་དགྱེས་གླུ།
འདུལ་གསུམ་འཛིན་གྲྭ། སློབ་དགེ་བློ་བཟང་སྙན་གྲགས།
སྟོང་ཆེན་མི་འབྱེད་ཞིང་གི་བྱེ་བྲག་གངས་དཀར་གནམ་གྱི་ཀ་བའི་མུ་ཁྱུད་ཟླུམ། །
དབང་ཕྱོགས་གཡུ་ལོ་བཀོད་པས་རབ་མཛེས་རིན་ཆེན་རྡུལ་མང་བརྩེགས་པ་ཚར་དུ་མངར། །
ཙོང་ཁ་ཞེས་གྲགས་ས་ཡི་ལྟེ་བར་ཁྱེད་སྐུའི་ལང་ཚོ་ཐོག་མ་འཛུམ་པ་ན། །
ད་ནི་བསྟན་འགྲོའི་དཔུང་གཉེན་ཡོད་ཅེས་དགའ་བའི་ཤིས་ཚིག་འོག་མིན་ཞིང་དུ་སྒྲོག །
སྲིད་འབྱོར་བདུད་མོའི་འཛུམ་བག་གིས་བསླུས་ལུས་ཅན་ས་ཡི་རྡུལ་ལ་ཆགས་པ་དེས། །
ངེས་འབྱུང་གསེར་གྱི་ལ་ཐོད་ལེགས་བཅིངས་ངུར་སྨྲིག་ཐུན་མཚམས་གསར་བའི་བླ་གོས་ཀྱིས། །
ཚངས་ཆེན་ཕྱག་གི་འོད་ལྔ་ཕམ་བྱས་དགེ་མཚན་སྲིད་ཞིའི་བླ་ནས་བླར་འཕགས་པའི། །
ཕན་བདེའི་རྩ་བ་ཀུན་ནས་རབ་བརླིང་གཞན་དོན་ཐུགས་བསྐྱེད་གོ་ཆ་མ་ལུས་བགོས། །
ཤེས་རིག་ཀུན་གསལ་ཡངས་པའི་ཕ་མཐར་ཐོས་བརྩོན་འདབ་ཟུང་ལྷོད་ཀྱིས་བསྐྱངས་བྱས་པས། །
བཅུ་ཕྲག་སྒེག་མོ་མཛུམ་པའི་འགྲམ་ཆང་ལེགས་བཤད་རྒྱ་མཚོའི་རོ་བཅུད་ཧུབ་ཀྱིས་དྲངས། །
ན་ཚོད་ཆེས་ཕྲ་ལག་བྲིས་གཞོན་ནུར་རྣམ་དཔྱོད་རིག་པའི་མཛེས་སྡུག་ཡོངས་རྫོགས་པ། །
དེ་ཚེ་མཁས་རྒུའི་ཡིད་ཀྱི་བརྟན་པ་འདོད་ལྡན་མ་ཡི་གཤིས་སུ་ཡང་དག་བཀོད། །
ཚོགས་གཉིས་བསྐལ་བའི་རླུང་གིས་ཉེར་དྲངས་སོ་གཉིས་མཚན་དང་བརྒྱད་ཅུའི་དཔེ་བྱད་ཀྱི།
རྨད་བྱུང་རེ་ཁ་རིང་ནས་རྫོགས་ཀྱང་ཐ་མལ་གདུལ་བྱའི་ཁམས་དང་ཉེར་འཇུག་པ། །
སོ་སྐྱེས་གཟུགས་ཀྱི་སྤྲུལ་བའི་རབས་བཟུང་སྣ་ཚོགས་ཐབས་དང་ཤེས་རབ་རྣོན་པོ་ཡིས། །
འདི་ན་འཛམ་གླིང་ཆེ་རྒུའི་མགོ་བོ་ཁྱེད་དྲུང་ཁོ་ནར་སྙེ་མ་དུད་པ་བཞིན། །
བཅུ་ཕྲག་གསུམ་ཟུང་དབྱངས་ཀྱི་སྙན་པས་མཐའ་དག་རིགས་ཀྱི་རྣ་བ་ཡོན་པོར་སྒྲུབ། །
རྡོ་རྗེའི་ཚིག་གི་དབང་ཕྱུག་རབ་བརྗིད་སྲིད་ན་དྲེགས་ལྡན་ཁྱེད་དྲུང་བྲན་ལྟར་རྒྱུ། །
ལྷག་པར་རྟེན་འབྱུང་གཏམ་གྱི་བགྲོ་བས་ས་སྟེང་མཁས་གྲུབ་འཚང་ཀས་མདུན་ས་ཁེངས། །
དེ་ལྟར་བསམས་པའི་སེམས་ཡོད་སུ་ཞིག་ཡིད་རབ་མ་འཕྲོག་མིང་གི་ལྷག་མར་བྱས། །
བརྩེ་ཆེན་སྙིང་རྗེའི་ཕ་མཐའ་དཔོག་མིན་རྟེན་འབྱུང་ཟབ་མོའི་གནས་ལུགས་ཡངས་པའི་མཁའ། །
ཇི་སྲིད་གནམ་གྱི་རྒྱལ་མོ་མ་འཇིག་དེ་སྲིད་འགྲོ་འདིའི་གསོས་སུ་ཟུང་འཇུག་ཅིང་། །
འཆར་སྣང་རྟོག་པས་ཡོད་པ་རབ་སེལ་ཀུན་ནས་མེད་དགག་བཀག་པས་སྟོང་བའི་མཐའ། །
སེལ་མཛད་དབུ་མ་བ་ཡི་བྱེད་པོར་ཁྱེད་ཉིད་དུས་ཀྱི་སྟོན་པར་ཆེད་དུ་བཞེངས། །
བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག།
དྲང་ངེས་འཛིན་གྲྭ། བློ་བཟང་བསྟན་འཛིན།
བདེ་སྐྱིད་དོན་དམ་རྙེད་པའི་རྒྱལ་བའི་དབང་པོ་མཆོག།།
བྱམས་བརྩེ་སྟོབས་ཀྱིས་གདུལ་བྱའི་མི་འདོད་སྡུག་བསྔལ་རྣམས།།
མར་ངོས་ཟླ་བཞིན་བཅད་ཅིང་ལུང་རྟོགས་ཆོས་ཉིད་ཀྱིས།།
གཞན་དོན་བྱང་ཆུབ་སྤྱོད་པའི་ལམ་སྟོན་གསལ་བར་མཛད།།
བསྟན་པ་རིན་ཆེན་དྲི་སྐྱོན་མེད་པར་འཛིན་པ་པོ།།
ཡངདག་ལམ་གྱིས་བླང་དོར་གནད་རྣམས་འགྲོ་བར་སྟོན།།
དྲང་དོན་ལེགས་པར་འཇིག་རྟེན་ཀུན་ཏུ་དཔལ་རྩལ་བས།།
ཀུན་ཁྱབ་བདེ་བ་སྤྲིན་དཀར་ཕྱོགས་བཅུར་དོར་མེད་བརྐྱངས།
མགོན་པོ་ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ཟབ་རྒྱས་དེས།།
འཇིག་རྟེན་ཡོད་དོའི་ཞེ་སྡང་དམག་འཁྲུག་ཀུན་བཅོམ་ནས།།
ནམ་མཁར་ཁྱབ་པའི་འབྲུག་སྒྲ་ཇི་བཞིན་ཞི་བདེ་སྤེལ།།
པདྨའི་འདབ་ལྟར་མཛད་འཕྲིན་རྒྱས་པར་ཨེ་མ་མཚར།།
ཚོགས་གཉིས་བསླུ་མེད་རྟོགས་པའི་གཟི་བརྗིད་ཉི་འོད་ལྟར།།
འགྲོ་བའི་མ་རྟོགས་ལོག་རྟོག་བློ་གྲོས་ཡོངས་སུ་གསལ།།
ཤིན་ཏུ་རྙེད་དཀའ་བྱམས་པ་སྙིང་རྗེ་རྟག་ཏུ་སྩལ།།
རྒྱལ་བའི་མཁྱེན་བརྩེ་འོད་འབར་ཕྱོགས་དུས་ཀུན་ཏུ་ཁྱབ།།
སྐྱབས་མགོན་ཁྱོད་ཀྱི་ལམ་བསྟན་འཇིག་རྟེན་ཀུན་ལ་རྒྱས།།
གསུང་གི་བདུད་རྩིས་འགྲོ་བར་བརྩེ་སེམས་ཁོ་ན་བརྗོད།།
ཆོས་རིགས་ཀུན་གྱི་མཐུན་མོང་ལམ་བསྟན་སངས་རྒྱས་དངོས།།
བསྐལ་བརྒྱ་བསྟན་ཅིང་མཛད་འཕྲིན་དབྱར་ཆུ་ཇི་བཞིན་རྒྱས།།
གསེར་གྱི་ལྗོན་དབང་།
རྟེན་འབྲེལ་འཛིན་གྲྭ། དགེ་འདུན་བསྟན་འཛིན།
ཁ་བའི་རྡུལ་མང་བརྩེགས་པའི་ཀེ་ལ་ཤ།།
ཚར་དུ་དངར་བ་འོད་ཀྱི་གཟུགས་བརྙན་གྱིས།།
སྲིད་པའི་ཁྱོན་ན་གྲུ་འཛིན་གཉིས་པ་ཞེས།།
ལྗོངས་དེའི་ཡུལ་གྱི་བཀོད་པ་གསལ་བར་ཕྱེས།།
གང་གི་ས་འཛིན་རི་བོའི་གཙུག་རྒྱན་དུ།།
འཇིག་རྟེན་མེས་པོས་བསམ་བཞིན་བཀོད་འདྲ་བའི།།
མཐོ་རིས་སྐྱེད་ཚལ་དཔལ་ལ་འགྲན་བཟོད་པ།།
བསོད་ནམས་ཞིང་གི་ཕོ་བྲང་བླ་རུ་འཕགས།།
དེ་གར་ཙན་དན་གཡོ་བའི་ནགས་ཀློང་ན།།
ཏིང་འཛིན་བདེ་བས་ལྷག་པར་རབ་མྱོས་པའི།།
ཤཱཀྱའི་བསྟན་པ་འཛིན་པའི་དགེ་སྦྱོང་ཞིག།
གཞན་དོན་མཛད་པའི་ངལ་བ་ཁུར་དུ་ལྕི།།
ཟབ་མོ་སྤྲོས་བྲལ་གཏམ་གྱི་ཏམྦུ་རའི།།
རྒྱུད་མང་དབྱངས་སྙན་མཛེས་པའི་རོལ་བའི་མཚོར།།
ཤར་ནུབ་ཀུན་རིག་སྟོང་གི་ངང་མོའི་ཁྱུ།།
གཤོག་ཟུང་ཤེད་ཀྱིས་འཇུག་པ་ཨེ་མ་མཚར།།
སྙིང་རྗེ་གཟུགས་སུ་སྤུངས་པའི་སྤྲིན་རུམ་ལས།།
གསུང་དབྱངས་བདུད་རྩིའི་ཟེགས་མ་འབབ་པའི་རྒྱུན།།
འགྲོ་ཁམས་མོས་པའི་རྒྱ་མཚོར་འཁྱིལ་བ་ཡིས།།
ས་ཆེན་སྐོམ་པའི་གདུང་བ་ཞི་བར་མཛད།།
ཕྱི་ལོ་༢༠༢༤/༧/༦/ལ་རེབ་གོང་ལྗང་མྱུག་ནས།
ཞི་བདེའི་དེད་དཔོན།
རྟེན་འབྲེལ། བསྟན་འཛིན་ནོར་བུ།
བོད་སྤྱིའི་བདག་པོ་ཞི་བའི་དེད་དཔོན་ཁྱོད།།
བྱམས་དང་སྙིང་རྗེ་ལྡན་པའི་བླ་མ་ཁྱོད།།
ས་ཕྱོགས་གང་ནས་གང་དུ་ཕེབས་ན་ཡང་།།
སེམས་བཟང་དགོས་པའི་བཀའ་སློབ་ཡང་ཡང་གནང་།།
སངས་རྒྱས་བསྟན་པ་ཁྱོད་ཀྱིས་བསྐྱངས་བྱས་ནས།།
ཁྱོད་ཀྱི་གསུང་རབ་འདུལ་བྱ་ཀུན་ལ་ཁྱབ།།
ཁྱོད་ལ་སྟོད་པའི་ཚིག་གསུམ་འབུལ་བ་འདི་།།
བུ་ངའི་ལས་ཀྱིས་བསགས་པའི་བསོད་ནམས་ཡིན།།
གངས་ཅན་མགོན་པོ་སྤྱན་རས་གཟིགས་དབང་ལ།།
བདག་གི་པུས་མོ་ས་ལ་གཙུགས་ནས་ནི།།
ཐལ་མོ་སྦྱར་ནས་ཁྱོད་ལ་གསོལ་འདེབས་གྱིས།།
རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།
མི་ཤེས་རྨོངས་པ་སེལ་བའི་སྤྱན་རས་གཟུགས།།
འཛམ་གླིང་ཞི་བདེ་དེད་དཔོན་བླ་མ་ཁྱོད།།
སྐྱེ་འགྲོ་མཐའ་དག་སྡུག་བསྔལ་གནས་ལས་བསྐྱབས།།
སངས་རྒྱས་ལམ་དུ་བཀོད་ནས་དབུགས་དབྱུངས་མཛད།
ཞི་བདེའི་དེད་དཔོན།
སྐབས་བཞི། དགེ་འདུན་རབ་རྒྱས།
མཚན་དཔེའི་ལང་ཚོ་འབར་བའི་སྐུ་མངའ་ཞིང་། །
བྱམས་བརྩེའི་མཚོ་མོའི་རྦ་རླབས་རབ་འཁྲིགས་པའི། །
རྣམ་པར་མི་རྟོག་ཡེ་ཤེས་ཐུགས་ཟབ་པ། །
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ལ་ཕྱག་འཚལ། །
སྤྱན་རས་གཟིགས་དབང་བསྙེན་ཅིང་རིང་མོ་ནས། །
དབུ་མ་ཕར་ཕྱིན་གཞུང་ལ་རབ་གོམས་ཏེ།།
ཐབས་ཤེས་ཟུང་དུ་འབྲེལ་བའི་མཛད་པ་ཡིས། །
འཛིན་མའི་གོ་ལའི་ཁྱོན་ལ་ཞི་བདེ་བསྐྲུན། །
མོས་ཁམས་འཚམས་པའི་ཁྱོད་གསུང་ཐོས་ཙམ་གྱིས། །
ཚུལ་མིན་རྣམ་རྟོག་སྤྲོས་པ་ཀུན་ཞི་ཞིང་། །
ལེགས་ཉེས་འབྱེད་པའི་གསུང་གི་རོ་མྱངས་ནས། །
སེམས་དཔའ་ཆེན་པོའི་སྤྱོད་ལ་དད་པས་དྲངས། །
ཆུ་སྐྱེས་འདབ་མ་རྒྱས་པའི་གདན་སྟེང་ན། །
བཅུ་དྲུག་ལང་ཚོ་ལྡན་པའི་འཛུམ་དཀར་ཅན། །
གངས་རིའི་མགོན་པོ་བསྟན་འཛིན་རྒྱ་མཚོ་ཞེས། །
ས་སྟེང་གྲགས་པ་མཆོག་གི་འཁྲུངས་སྐར་བསུ། །
རྒྱལ་བའི་མཁྱེན་བརྩེ།
སྐབས་བཞི། བློ་བཟང་སྒྲ་དབྱངས།
པད་དཀར་འཆང་བའི་མཁྱེན་བརྩེ་མཛད་པ་ཀུན།།
ཀུན་གསལ་ཉི་མའི་གུར་ཁྱིམ་བཞིན་གྱུར་པ།།
བརྩེ་ཆེན་སྙིང་རྗེས་ཁེངས་པའི་ཤེས་རབ་ཀྱིས།།
རྣམ་པར་རོལ་པའི་མགོན་ཁྱོད་སྙིང་ནས་འདུད།།
སུ་དང་མཇལ་ན་བག་འཁུམས་མེད་པའི་སྐུ།།
དམན་པ་མེད་པར་ཡང་དག་ཁོ་ནའི་གསུང་།།
ཅི་སྟེ་དོགས་བྲེལ་འགྱུར་མེད་རྡོ་རྗེའི་ཐུགས།།
དང་བ་སྐྱེད་པའི་གྲུ་འཛིན་མགོན་གྱི་གཙོ།།
རྣམ་དཀར་རིན་ཆེན་གསེར་གྱི་སྙིང་པོ་ལ།།
རྣམ་དཔྱོད་ཤེས་རབ་མ་ཡི་དུང་བ་ཅན།།
རྣམ་དག་གེ་སར་བཞད་པའི་ཉིན་དེ་ནས།།
རྣམ་ཀུན་བརྩོན་པའི་བྱམས་བརྩེ་ཀུན་ཁྱབ་ཤོག།
ཡིད་ཀྱི་རྨོངས་པ་འཇོམས་པའི་སྣང་གསལ་ཉིད།།
ཡོངས་རྫོགས་ལུང་རྟོགས་བསྟན་པའི་གཙུག་གི་རྒྱན།།
མཁྱེན་པའི་བྱིན་རླབས་དཔལ་འབར་རྟེན་འབྲེལ་གྱིས།།
ཡིད་ཀྱི་འདོད་དོན་འཛུམ་དཀར་རྒྱས་གྱུར་ཅིག། །
ཞེས་པ་འདི་ནི་༧ སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་དགུང་གྲངས་གྱ་དགུ་བཞེས་པའི་སྐུའི་འཁྲུངས་སྐར་ལ་ཕྱི་ལོ་༢༠༢༤/༧/༦ཉིན་བློ་བཟང་སྒྲ་དབྱངས་ནས།
བྱམས་བརྩེ་ལྡན་པའི་བླ་མའི་མཛད་པ།
སྐབས་བཞི། བསྟན་འཛིན་ཚུལ་ཁྲིམས།
དང་པོར་མདོ་སྨད་ཡུལ་ནས་འཁྲུངས།།
གཉིས་པར་ལྷ་ལྡན་དམ་བཞག་མཛད།།
གསུམ་པར་འཕགས་པའི་ཞིང་ནས་འཚོ།།
བཞི་པ་མཛད་འཕྲིན་གླིང་ལ་ཁྱབ།།
འཛམ་གླིང་ཡོངས་ཀྱི་དེད་དཔོན་ཁྱོད།།
ཤཱཀྱའི་རིགས་ཀྱི་རྗེས་འཛིན་པ།།
ནང་པའི་དགེ་སློང་ངུར་སྨྲིག་ཅན།།
སྐྱེས་བུ་ཁྱོད་ནི་གཞན་དུ་དཀོན།།
འཕགས་པའི་ཡུལ་དུ་མཛད་འཕྲིན་བསྐྱངས།།
ཆོས་ལུགས་ཀུན་གྱི་ཆོས་ལ་གུས།།
བཟང་སྤྱོད་འོད་ཟེར་ཕྱོགས་དུས་ཁྱབ།།
འཇིག་རྟེན་ཀུན་ལ་བདེ་སྐྱིད་སྤེལ།།
འཇིག་རྟེན་འགྲོ་བའི་ཞིང་ཁམས་འདིར།།
མཁྱེན་བརྩེ་ནུས་གསུམ་ཡོན་ཏན་གྱིས།།
སྐྱེས་བུ་ཀུན་ལ་ལམ་མཆོག་མཛད།།
སྒོ་གསུམ་མཛད་འཕྲིན་ཁྲི་ལོར་བརྟན།།
སྐུའི་འཁྲུངས་སྐར་ལ་བསྟན་འཛིན་ཚུལ་ཁྲིམས་ནས།