Back To Top

ཏང་ཀྲུང་དབྱང་གི་བཀའ་རྒྱའི་འོག་གི་བོད་ཀྱི་ཆོས་དང་རིག་གཞུང་།

བཀླགས་གྲངས། 1483

ཤེད་བུས། 


      ལོ་ངོ་དྲུག་ཅུའི་རིང་རྒྱ་དམར་གཞུང་གིས་བོད་ཀྱི་ངོ་བོ་ནག་བསུབ་ཀྱི་དམིགས་ཡུལ་དང་སྦྱོར་བ་མཚམས་བཞག་མྱོང་མེད་ནའང་། རིག་གསར་གྱི་རྗེས་ནས་མངོན་གསལ་སྲིད་བྱུས་དང་ཡང་ན་ཏང་ཀྲུང་དབྱང་གི་བཀའ་རྒྱའི་ངོ་བོར་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གྱི་བཀའ་རྒྱ་བཏང་མྱོང་མེད་པ་མ་ཟད། དགོས་པའི་དབང་གིས་བོད་ཀྱི་ཆོས་རིག་དར་སྤེལ་རང་དབང་གི་ཡིག་རྡོག་འགའ་རེའང་ཡིག་ཆའི་ངོ་བོར་བཞག་ཡོད། གཞིས་ཀྱི་སྤུན་ཟླ་ཚོས་གོ་སྐབས་དེ་དམ་འཛིན་གྱིས་བོད་ཀྱི་ཆོས་དང་རིག་གནས་ཀྱི་རྒྱུན་བཟུང་བ་མ་ཟད། ཤེས་བྱ་གསར་བ་ནང་འདྲེན་སོགས་བོད་ཀྱི་ཆོས་རིག་དར་རྒྱས་ཀྱི་རྩེ་མོར་བསྐྱལ་ཡོད། དེའང་ཕུགས་དེད་ན། པན་ཆེན་རྒྱ་སྟག་ངར་མའི་སྙིང་སྟོབས་དང་རྣམ་དཔྱོད་ལྡན་པའི་ལམ་སྟོན་བཀའ་སློབ་ཀྱི་རིག་པའི་གཞུང་ལུགས་ལས་བྱུང་ཡོད། དེར་བརྟེན། སྐབས་འདིར་པཎ་ཆེན་སྣང་བ་མཐའ་ཡས་ཅི་འདྲའི་དྲན་ཨང་། ཁ་སང་གཞིས་ཀྱི་ཤེས་ཡོན་པ་ཞིག་གིས། ནམ་གུང་ཇ་སྦང་བ་ནི་ངའི་སྲོལ་རྒྱུན་ཡིན། པཎ་ཆེན་རིན་པོ་ཆེ་དྲན་པའང་ངའི་སྲོལ་རྒྱུན་ཡིན་ཞེས་བྲིས་གནང་འདུག དངོས་གནས་པན་ཆེན་སྣང་བ་མཐའ་ཡས་ཁ་སང་བཞུགས་ཡོད་ན་རྒྱ་ཅོག་ག་ཚོད་ཅིག་ཁུ་ཚུར་གྱིས་བསྣུབས་ཡོད་ཨང་། ཐད་ཀར་གནམ་གྲུར་བཞུགས་ཏེ་མགོ་ལོག་ར་རྒྱར་ཕེབས་ཡོད་ཨང་། ངས་དེ་ལྟར་བསམས་ཤིང་བྲང་ཁོག་ནས་དམར་ཆུང་སྲོག་གི་འཕྱོ་འཇགས་མ་ཆད།
རྒྱ་དམར་གཞུང་གིས་སྤྱི་ལོ་ ༡༩༩༨ ལོའི་ཟླ་ ༡༠ ཚེས་ ༢༧ ཉིན་རྒྱལ་སྤྱིའི་སྤྱི་དམངས་ཀྱི་ཁེ་དབང་དང་ཆབ་སྲིད་ཀྱི་ཁེ་དབང་གི་སྤྱི་ཆིངས་ལ་མིང་རྟགས་བཀོད་ཡོད། སྤྱི་ལོ་ ༢༠༠༢ ལོའི་ཟླ་ ༠༣ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་གི་སྤྱི་ཆིངས་ལའང་མོས་མཐུན་བྱས་ཡོད། ཁ་སང་སྤྱི་ལོ་ ༢༠༢༤ ལོའི་ཟླ་  ༠༧ ཚེས་ ༡༢ ནས་བཟུང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་དམངས་ཀྱི་ཁེ་དབང་དང་ཆབ་སྲིད་ཀྱི་ཁེ་དབང་གི་སྤྱི་ཆིངས་དང་རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་གི་སྤྱི་ཆིངས་ཀྱི་འོས་འགན་ཡོད་ཚད་ལག་བསྟར་བྱ་རྒྱུར་སྐུལ་འདེད་བྱེད་དགོས། ཞེས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་བོད་མི་མང་གིས་རང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་རིག་གནས། ཆོས་ལུགས་དང་སྐད་ཡིག་གི་ངོ་བོའི་མངོན་འདོད་བསྒྲུབ་རྒྱུར་སྐུལ་འདེད་བྱ་དགོས་ཞེས་པའི་ཚན་པ་འདི་གཉིས་ཨ་རིའི་སྲིད་ཇུས་ཀྱི་བསྒྲགས་གཏམ་ཞེས་པའི་ཚན་པར་ཨ་རིའི་སྲིད་ཇུས་ལ་གཏན་འབེབས་བྱས་པ་རེད། ཉིན་དེ་ག་རང་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆའི་དགོངས་དོན་ལྟར་བསྒྲུབ་མཚམས་བཞག་པ་རེད། ཨ་རིའི་སྲིད་ཇུས་ལ་ཨ་རིས་བདག་གང་འདྲ་ཞིག་རྒྱག་ཨང་། ཡང་ན་བོད་པ་བཙན་བྱོལ་བ་ཚོས་ཨ་རིའི་སྲིད་ཇུས་ཀྱི་དབང་ཚད་རྒྱབ་རིར་ཤེར་ཐུབ་བམ། དོན་ངོ་མས་ཨ་རིའི་སྲིད་ཇུས་ཞེས་པ་དེའང་ཤོག་བུའི་སྟག་རྒོད་ཅིག་ཡིན་ནམ།
རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༢༡ལོར་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་། རྨ་ཆེན་རྫོང་གཅེས་ཕྲུག་སློབ་གྲྭ་སྒོ་བརྒྱབ་ཡོད། སྤྱི་ལོ་ ༢༠༢༢ལོར་དཀར་མཛེས་ཁུལ་བྲག་མགོ་རྫོང་དགེ་ལྡན་ནང་བསྟན་སློབ་གྲྭ་དང་། རྫ་སེར་ཤུལ་རྫོང་ནས་ཕན་བདེ་གཅེས་སྐྱོང་སློབ་གྲྭ ཕྱག་ཚྭ་ལྟེ་བའི་སྒེར་གཉེར་སློབ་ཆུང་། གཞན་ཡང་དཀར་མཛེས་ཁུལ་ཏྲེ་ཧོར་དར་རྒྱས་རོང་པ་ཚ་ཡུལ་ཚོའི་རྒྱལ་བསྟན་དགེ་རྩ་སློབ་གྲྭ་སོགས་སྒོ་བརྒྱབ་ཡོད་འདུག 
སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་རྒྱག་སྐབས་སློབ་གཙོས་སློབ་གྲྭ་འདི་ལ་དང་པོར་ཏང་གིས་མཆོག་མཆན་བསྩལ། བར་དུ་ཏང་གིས་རོགས་རམ་བྱས། ཐ་མར་ཏང་གིས་མཇུག་ཀྱང་བསྡུས་པ་རེད་ཅེས་ཁ་གསལ་བོས་བསྒྲགས་ཡོད། ཤེས་རིག་ནོར་བུའི་སློབ་གླིང་སྒོ་རྒྱག་སྐབས་ཀྱང་ཏང་གི་ཡིག་ཆའི་དགོངས་དོན་ལྟར་སྒོ་བརྒྱབ་པར་བསྒྲགས་ཡོད། ཚེ་སྲོག་དཔང་ལ་བཞག་པའི་སྐད་ཆ་འདི་དག་འུ་ཚོས་ཤེས་དགོས་པ་མ་རེད་དམ།
ད་ལྟའི་གནས་སྐབས་སུ། དགོན་སྡེ་མ་ཡིན་པའི་བོད་ཀྱི་ཤེས་རིག་གི་འབྱུང་གནས་གཅིག་འཚོལ་དགོས་ན། བོད་ཡུལ་ཆོལ་ཁ་གསུམ་མམ་ཞིང་ལྗོངས་ལྔ་བོ་གང་དུའང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལས་གཞན་མེད། འདི་སྒོ་བརྒྱབ་པ་ལ་བོད་ཀྱི་བཀའ་སྤྱི་གཉིས་གྲགས་འགུལ་མེད་དོན་ཅི་རེད། ཚོགས་པ་གཞན་དག་གྲགས་འགུལ་མེད་དོན་ཅི་རེད། མ་མཐའ་ཡང་བསྒྲགས་གཏམ་རེ་སྤེལ་དགོས་པ་མ་ཡིན་ནམ། ཞུ་གཏུག་ངར་པོ་རེ་མགོ་རྩོམ་དགོས་པ་མ་ཡིན་ནམ། འདི་ལ་བླ་མ་ཕྱུག་པོ་ཞིག་ཤི་བའི་སྦིར་གྲགས་ཙམ་ཡང་མེད་དོན་ཅི་རེད། འོས་མི་ཐེབ་ཆག་རེའི་ཆེད་དུའང་བསྒྲགས་གཏམ་གྱི་ཆར་བ་འབེབས་པའི་ཚོར་བ་རྣོན་པོ་ཅན་གྱི་བོད་པ་བཙན་བྱོལ་བ་དག་གང་དུ་ཡོད། ངས་ངོ་མ་བསམ་བློ་ཐོངས་ཀི་མི་འདུག རྒྱ་དམར་གཞུང་ལོ་རེ་ནས་ལོ་རེ་བཞིན་ཇེ་བཙན་རེད། མི་རིང་བར་བོད་ཀྱི་དགོན་སྡེ་ཁག་ཀྱང་འདི་ལྟར་ཏང་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་ལྟར་སྒོ་བརྒྱབ་ནས་ཡོང་ན་ཅི་བྱ། ལོ་ཤས་གོང་ནས་བཟུང་། རྒྱ་གཞུང་གི་སྲིད་ཇུས་ཇེ་བཙན་ཇེ་གནག་ལ་གྱུར་ཏེ། སློབ་གྲྭ་ཁག་ནང་གི་བོད་ཡིག་སྡེ་ཁག་མེད་པར་བཟོས་པ་མ་ཟད། ཤེས་ཡོན་པ་ཤུགས་རྐྱེན་ཆེན་པོ་ཅན་ཡོད་ཚད་ཁག་ཡར་འཇོག་མར་འཇོག་གིས་བཟུང་ནས་ཚར་ལ་ཉེ། སྒེར་གཉེར་སློབ་གྲྭ་ཁག་རིམ་པར་སྒོ་བརྒྱབ་པ་མ་ཟད། བོད་ཡིག་དྲ་བ་ཡོད་ཚད་ཀྱང་སྒོ་བརྒྱབ། ཐ་ན་སློབ་གསེང་སྐབས་སུ་དགོན་སྡེ་སོ་སོ་ནས་བོད་ཡིག་འཛིན་གྲྭ་ཚུན་ཆད་བཙུགས་མི་ཆོག་པའི་གནས་ཚུལ་ཡོང་གིན་འདུག ད་ཅི་བྱ། 
འུ་ཚང་ལྷུང་ན་ཁུགས་གཅིག་དང་འབུད་ན་སྒང་གཅིག འུ་ཚང་གི་སྟག་ཤ་ར་གྲི་ཆུང་གློ་འདོགས་ཅན་པོ། གཅིག་འཕོང་གཅིག་གིས་འགེབ་ནོ་དང་། མདའ་ལི་མ་རྒོད་སྒྲོའི་གཞུ་སྟོང་ཅན་པོ་གཅིག་སྟེང་གཅིག་ལ་འབབ་ནོ་ཡིན་ན་ཅི་མ་རུང་། 

སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༧ པའི་ཚེས་ ༡༦ ཉིན།

2024-07-22 ཁྲོ་གཏུམ།
2024-07-21 ཨ་ཡག
2024-07-20 ཇག་ལྷ་དཀར་པོ།
2024-07-19 སྐྲན།
ཞིབ་མོར་བཀླགས། བཀའ་དྲིན་ཆེ།
2024-07-17 མྱི་ནག

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།