བཀླགས་གྲངས། 1281
ཤེད་བུས།
ཁ་སང་དེ་རིང་། མིས་བཟོས་རིག་ནུས་ཀྱི་ཡིག་བསྒྱུར་དང་ལན་འདེབས་མཉེན་ཆས་ཤིག་ཐོན་ཏེ། བོད་ཡིག་འབྲི་མི་ཤེས་པའི་བོད་པ་ཚོ་དགའ་ནས་འདུག དྲི་བ་འདྲ་མིན་དྲིས་ཏེ་རིག་ནུས་ཀྱིས་ཅིག་ཟེར་ཉིག་ཟེར་ཞེས་བཀྲམ་གིན་འདུག ད་དུང་ཁོ་ཚོས་རིག་ནུས་ལ་ཀུན་མཁྱེན་ཞེས་ཧང་སངས་སངས་བྱེད་ཀྱིན་འདུག འདི་དང་མཉམ་དུ་རིག་ནུས་ཡོད་ན་རིག་གནས་མེད་ཀྱང་རུང་བའི་ལྟ་ཚུལ་ཞིག་ཡོང་གིན་འདུག ཡིན་ནའང་། རིག་ནུས་ཀྱིས་ནམ་ཡང་རིག་གནས་ཀྱི་ཚབ་བྱེད་མི་ཐུབ་པས། རིག་ནུས་ལ་གོ་བ་ཟབ་མོ་ཞིག་ལོན་རྒྱུ་གལ་ཆེན་པོ་རེད་སྙམ།
ང་ཚོས་རིག་ནུས་ཀྱི་བྱེ་བྲག་རིག་ནུས་ཡིག་བསྒྱུར་དང་གྷོ་གྷལ་ཡིག་བསྒྱུར་གཉིས་དཔེར་བླངས་ནས་བལྟས་ན། དེ་གཉིས་ཀ་ལོ་འདིར་བོད་ལ་གསར་དུ་འབྱོར་བ་རེད། བོད་ཀྱི་ཡི་གེ་རིན་པོ་ཆེའང་གཞུང་ལམ་འདི་གཉིས་ལ་གསར་དུ་ཞུགས་པ་རེད། འདི་ལ་འུ་ཚོའི་འཇོན་ཐང་ཟེར་རམ་རྗེས་ལུས་ཟེར། ངས་བལྟས་ན། གཉིས་ཀ་རེད། གྷོ་གྷལ་ཡིག་བསྒྱུར་སྐྱེས་ནས་དར་བ་མ་ཟད། རྒས་ནས་སྒུར་ཏེ་གྲོངས་ལ་ཉེ་བར་ཕྱོགས་དུས་གཞི་ནས་བོད་ཡིག་གིས་སྙོབས་པ་རེད།
དོན་དངོས་ལ་བབས་ན། གྷོ་གྷལ་ཡིག་བསྒྱུར་ཐད་བསྒྱུར་རམ་ཚིག་བསྒྱུར། ཡང་ན་ཚིག་དང་བརྗོད་པ་ཐོ་གཏུགས་རེད། དེར་བརྟེན། གྷོ་གྷལ་ཡིག་བསྒྱུར་གྱི་ཡར་རྒྱས་ཀྱང་ཚིག་བསོག་རེད། ཆ་རྐྱེན་ཡང་ཚིག་བསོག་ཡིན་པ་འུ་ཚོས་ཤེས་པ་ལྟར་རེད།
ངས་བལྟས་ན། རིག་ནུས་ལ་དོན་བསྒྱུར་གྱི་ནུས་པ་ཕྲན་བུའང་འདུག རིག་ནུས་ཡར་རྒྱས་ནི་ཤེས་བྱ་བསོག་འཇོག་རེད། བསོག་འཇོག་ཤེས་བྱ་བསྐྱར་སྒྲིག་གིས་ནུས་པ་འདོན་གྱིན་ཡོད། དེར་བརྟེན། ཚིག་དང་བརྗོད་པ་ཐོ་གཏུག་ཙམ་མིན་པར་བསྐྱར་སྒྲིག་བྱེད་ཀྱིན་ཡོད་པས་དོན་ལ་ཉེ་བར་བཏུད་ཡོད། ཧང་སངས་སའི་ངོས་ཀྱང་འདི་རེད། ཚན་རིག་པ་ཚོས་རིག་ནུས་ལ་དྲན་པ་ཡོད་པ་དང་གསར་གཏོད་ཀྱི་ནུས་པ་ཡོད་རབས་ཀྱི་འུར་ཡང་དེ་ལྟར་རྒྱོངས་ཀྱིན་ཡོད་པ་རེད།
བསྐྱར་སྒྲིག་ནི་རྩོམ་སྒྲིག་མིན་ལ་གསར་རྩོམ་ནི་དེ་བས་ཀྱང་མིན། གསར་རྩོམ་མེད་པར་རིག་གནས་ལ་འཕེལ་རྒྱས་ཡོང་མི་ཤེས་པས། རིག་ནུས་ཀྱིས་ནམ་ཡང་རིག་གནས་ཀྱིས་ཚབ་བྱེད་མི་ཐུབ། དེར་བརྟེན། རིག་གནས་མེད་པའི་ལོ་ཙཱ་བ་ཚོ་རིག་ནུས་ཀྱིས་ལས་མེད་དུ་གཏོང་ཉེན་ཆེ་བ་ལས། རིག་གནས་ཅན་གྱི་ལོ་ཙཱ་བ་ནི་རིག་ནུས་ཀྱི་སྟེང་ནས་འཁོར་བ་ལས་འོག་ལ་ལྷུང་མི་སྲིད།
ཡ་མཚན་ཞིག་ལ། བོད་ཀྱི་ཤེས་ཡོན་ཅན་ཡིན་ཟེར་མཁན་ཚོ་དང་བླ་རྒན་ཚོ་ཚན་རིག་ལ་རྨོངས་དད་ཆེ་ཞིང་གཞོན་སྐྱེས་ཚོ་ཆོས་ལུགས་ལ་རྨོངས་དད་ཆེན་པོ་འདུག སྤྱིར་བཏང་རིག་གནས་ཆེན་པོ་གཉིས་ལ་རྨོངས་དད་ཆེ་ན་དེ་གཉིས་ལ་དགའ་སྤྲོ་ཆེ་བ་ཡིན་པས། རིག་གནས་ཤིག་ལ་དགའ་བ་ནི་དོན་བཟང་ཞིག་ཡིན་ནའང་། བོད་པ་ཚན་རིག་ལ་དགའ་མཁན་ཚོའི་སེམས་ལྗོངས་ན་རང་གི་རིག་གནས་ལ་རྗེས་ལུས་ཀྱི་ལྟ་བ་དང་མཐོང་ཆུང་གི་ཉམས། ཡིད་མ་ཚིམ་པའི་ངོས་ཡོད་པ་དེ་ཡིན། དེའང་ཡོད་འོས་པ་ཞིག་ཡིན་ནའང་། རྒྱུ་མཚན་མ་མཐོང་བའི་རྨོངས་པ་ཁོ་ནར་ཟད་པས་དད་པ་དེ་ནི་རྨོངས་དད་ཀྱི་ཆར་གཏོགས་ཤིག་རེད། ཚན་རིག་དང་འཕྲུལ་རིག་གི་ནུས་པ་ནི་རྫས་ཀྱི་ནུས་པ་ཡིན་པས། སྔགས་དང་རྫས་ཀྱི་ནུས་པར་ཚོད་རིག་པ་ནི་ཧམ་པ་ཡིན་ནའང་། སྔགས་དང་རྫས་ལ་སྐྱུར་དད་ཆེ་དྲགས་ན་དོན་དངོས་འབོར་ཞིང་ལོག་ལམ་ལ་འཕྱན་ཉེན་ཆེ་བའང་བཤད་མི་དགོས་པ་ཞིག་རེད།
བོད་ཕྱི་ནང་གི་གཞོན་སྐྱེས་ཚོ་ཆོས་ལུགས་ལ་རྨོངས་དད་ཆེན་པོ་འདུག བོད་ཡིག་མི་ཤེས་ནའང་ཁ་ཏོན་འཆད་ཀྱི་མི་འདུག བོད་ཀྱི་གནའ་མི་ཚོ་ལས་ཀྱང་གཞོན་སྐྱེས་ཚོ་ལྡབ་འགྱུར་གྱིས་རྨོངས་དད་ཆེ་བ་འདུག ཁོ་ཚོའི་རྨོངས་དད་ནི་རྒྱ་ནག་པའི་དད་པ་དང་འདྲ་བོ་འདུག ཁོ་ཚོའི་དད་པའི་ནང་དུ་ཁྲམ་ལས་འདུག མགོ་གཡོག་མགོ་སྐོར་རམ་རང་མགོ་རང་གཡོག་གི་གཤིས་ཀ་འདུག འཇིགས་སྐྲག་ཀྱང་འདུག དེར་བརྟེན། དད་པ་འདིའི་རིགས་ཇི་ལྟར་ཆེ་ན་བསམ་པ་དེ་ལྟར་ནག་པོ་འདུག འདི་ཚོས་རང་གིས་ནག་ཉེས་བསགས་པ་དང་། གཞན་གྱི་མགོ་གཡོགས་པ། རྒྱུ་འབྲས་བསྣོག་པ། མནའ་ཟོས་པ། བརྐུས་བྱས་པ་སོགས་འགེབ་ཆེད་དང་དེ་དག་གི་སྡིག་སྒྲིབ་འདག་ཆེད་དུ་རྨོངས་དད་བྱེད་ཀྱིན་འདུག ཁ་ཏོན་འདོན་གྱིན་འདུག ཡང་ཁ་ཤས་ཀྱིས་རང་གི་འཚོ་ཚོས་དང་བྱ་བ་ལེགས་འགྲུབ། གཞན་མགོ་མནན་ཏེ་རང་ཉིད་གཞན་ལས་རྒྱལ་བའི་ཕྱིར་དུ་ཁ་ཏོན་བཏོན། ཆོས་བསྒྲུབ་ཀྱིན་འདུག
སྤྱིར་བཏང་གི་ཤེས་ཡོན་ཆེ་ནའང་རྨོངས་དད་འདི་འགོག་ཐུབ་ཀྱི་མི་འདུག དེང་སྐབས་ཆོས་པ་ཁྲམ་པ་ཚོ་བོད་ལས་ཀྱང་རྒྱ་ནང་ནས་གདུལ་བྱ་རྒྱས་ཏེ། རྒྱ་བླ་རྒྱུ་ཆེན་ཤ་སྟག་ཏུ་གྱུར་ཏེ། རྒྱ་མོ་མཛེས་མ་དང་རྒྱ་རྒན་ཕྱུག་བདག་ཚོས་གཡས་དང་གཡོན་ནས་བསྐོར། བཞུགས་ཁྲི་ཐོག་དང་བཞེས་སྡེར་ཐོག ཕེབས་ཁྲེ་ཐོག་ཡིན་པ་ནི། རྒྱ་དད་ཀྱི་ནང་དུ་རྨོངས་པ་ཚབས་ཆེ་བ་དང་། རང་མགོ་རང་གཡོག་ཡོད་པས་ཡིན་འདུག མདོར་ན། རྒྱ་རྒན་ཚོས་ཆོས་ལུགས་ལའང་སྐྱག་མགོར་ས་ཚབས་བྱེད་པའི་དཔང་རྟགས་ཤིག་རེད། དེང་སྐབས་བོད་ཕྱི་ནང་གི་གཞོན་སྐྱེས་ཚོས་ཀྱང་ཆོས་ལུགས་ལ་རྒྱ་དད་བྱེད་ཀྱིན་འདུག
བོད་ཀྱི་གནའ་མི་ཚོ་རྨོངས་དད་ཆེ་ནའང་དྲང་བོ་བྱེད་དགོས་པ་དང་། རྒྱུ་འབྲས་མངོན་ལྐོག་མེད་པར་སྲུང་དགོས་པ། གཞན་ལ་གནོད་བྱེད་མི་འོས་པ་དང་། རང་ཉིད་ཀྱིས་དམན་ས་འཛིན་དགོས་པ་མ་རྩར་བཞག་པའི་རྨོངས་དད་ཅིག་རེད། དེང་སྐབས་བོད་ཕྱི་ནང་གི་གཞོན་སྐྱེས་ཚོའི་རྨོངས་དད་ནི། དྲང་པོ་མ་བྱས་ཀྱང་། རྒྱུ་འབྲས་བསྣོགས་ནའང་། གཞན་ལ་གནོད་བྱས་ནའང་། དེ་དག་གི་ནག་ཉེས་རང་ལ་མི་སྨིན་པ་དང་རང་ཉིད་ཀུན་ལས་རྒྱལ་བ་ཁོ་ན་གཞི་རྩར་བཞག་ལའི་རྨོངས་དད་དེ། མདོར་ན། ཧམ་པ་དང་འཇིགས་སྐྲག་་གཞི་རྩར་བཞག་པའི་རྨོངས་དད་ཅིག་རེད།
སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༧ ཚེས་ ༡༩ ཉིན།

ཁྱེད་དང་པོ་རིག་ནུས་སྐོར་གླེང་ཁུལ་བྱས་ནས་མཐའ་མར་དད་པ་སྐོར་ལྷུང་སོང་། རིག་ནུས་སྐོར་སྤྱི་ཤེས་ཕྱོགས་རེ་བ་ཙམ་ཞིག་ཀྱང་ཡོད་བཟོ་མི་འདུག་པས་དཔྱད་གླེང་མ་རེད་གླེན་བཤད་རང་རེད།
གྷུ་གྷལ་རྒུད་ནས་རྒས་འགྲོ་བཞིན་ཡོད་ཟེར། ཅི་བཤད་འདི་བཤད་མེད་པ་རང་རེད།