བཀླགས་གྲངས། 1028
ཤེད་བུས།
___བདག་གི་ཁུ་བོ་དམ་པ་མཆོག་དགུང་ལོ་བརྒྱད་ཅུ་གྱ་གསུམ་སྟེང་ཞི་བར་གཤེགས་པ་ལ་བསྔོ་རྟེན་དུ།
སངས་རྒྱས་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། །
འདི་ཕྱིའི་ལེགས་ཚོགས་འཇོ་བའི་དགོས་འདོད་ནོར། །
གངས་ལྗོངས་འགྲོ་བའི་མ་མ་སྤྱན་རས་གཟིགས། །
བདག་གི་འདས་པོར་ཐུགས་རྗེས་ལམ་སྣ་དྲོངས། །
སྡིག་ཆུང་འཁོར་བ་པ་ཞིག་མི་སྲིད་ལ། །
ཐུབ་རྣམས་རྟོགས་པ་གཞན་ལ་མི་འཕོ་ཡང་། །
བླ་མའི་བྱིན་རླབས་སངས་རྒྱས་ཀུན་ལས་ལྷག །
བདག་ཡིད་དད་གདེང་ཟུང་གིས་སྐྱབས་འཇུག་ཞུ། །
གྲངས་མེད་འཁོར་བར་གཉེན་དང་གྲོགས་སུ་སྐྱེས། །
ཚེ་ཐོག་འདིར་ཡང་དྲིན་གྱི་བུ་ལོན་ཅན། །
ཁུ་བོ་དམ་པས་ཕྱི་མའི་འཕྲང་རིང་འགྲིམས། །
ད་ནི་རེ་ས་ཁྱེད་ལས་གཞན་མ་མཆིས། །
ཚེ་ལ་མཐར་ཕྱིན་གཡང་གི་མི་བོ་ཡིན། །
མི་ལོ་བརྒྱད་ཅུ་ཞབས་ཀྱི་རྟེན་མ་ཡིན། །
དྲིན་ལ་འཁོར་མེད་བརྩེ་ཆེན་ཕ་དང་འདྲ། །
ཁོག་པའི་སྙིང་བཞིན་བདག་ལ་རྟག་པར་བརྩེ། །
ཕྱི་མར་བཞུད་ཐག་ཆོད་ཅིང་དབང་བོ་ཉམས། །
ཟས་ཀྱི་ཡུ་ག་ཆད་དེ་ངལ་དུས་ཀྱང་། །
བདག་ལ་བརྩེ་བའི་སྐད་ཀྱིས་ཨ་ལན་གནང་། །
དེ་ལྟར་བསམས་ཤིང་བདག་སེམས་གདུང་བས་གཙེ། །
ཁྲེལ་མེད་བདག་གིས་སེམས་གཡེང་མིག་གཡེང་གིས། །
བདག་སེམས་གདུང་བ་ཞི་བར་འབད་པ་ལས། །
ཤི་བོའི་ར་མདའི་ཆོས་ཀྱང་མ་འཆོས་པས། །
ཁྲེལ་བོར་བདག་འདྲར་བརྩེ་ཡང་སྙིང་བོ་ཅི། །
བུ་དང་བུ་མོ་ཚ་བོ་ཚ་མོ་སོགས། །
མུག་ཕྲུག་སྟོང་གི་ལས་དོན་ལྟོ་དོན་ལ། །
མ་བསག་སྡིག་པ་གང་ཡང་ཡོད་མ་ཡིན། །
འཕགས་མཆོག་ཐུགས་རྗེ་ཅན་གྱིས་སྐྱབས་ཏུ་གསོལ། །
བླ་ན་མ་མཆིས་གོང་ན་མ་མཆིས་པ། །
ས་ལ་བྱོན་པའི་སངས་རྒྱས་སྤྱན་ལམ་དུ། །
དགུང་ཞག་མ་ཚང་ཕུང་བོ་མ་དོར་སྔོན། །
བསྔོ་སྨོན་སྐྱབས་འཇུག་ཞུས་པས་བདག་སེམས་དྲོ། །
བདེ་བར་ཕེབས་ཞེས་རྒྱ་ལྟ་བྱེད་འདོད་མེད། །
སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པ་ལ། །
ནན་ཏན་སེམས་ཀྱིས་གསོལ་བ་སྨོན་ལམ་འདེབས། །
ཁྱེད་ལ་ཕན་པ་འདི་ལས་གཞན་མ་མཆིས། །
སྐྱེ་ཞིང་སྐྱེ་བར་ལས་འབྲས་བླང་དོར་ལ། །
མ་རྨོངས་ཤེས་རབ་དཔལ་གྱིས་འཚོ་བ་དང་། །
བདེ་བའི་སྣེ་ཟིན་ཐར་བའི་ལམ་ཡང་ཟིན། །
ཐར་བ་ཆེན་པོའི་གྲོང་དུ་བགྲོད་པར་ཤོག །
སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༧ ཚེས་ ༢༣ ཉིན།
