Back To Top

འཇིག་རྟེན་མཁྱེན་པའི་སྙན་ངག

བཀླགས་གྲངས། 913

ཤེད་བུས།

དེང་སྐབས་ས་ཡི་ཁྱོན་ལས་དྲ་བ་ཆེ། །
དེང་སྐབས་ནམ་མཁའི་ཁམས་ལས་ངོ་དེབ་ཡངས།  
ངོ་དེབ་ངོས་སུ་རྟ་བདུན་དབང་པོ་བཞིན། །
ཁྱེད་སྐུ་གསེར་འོད་ཀྱུག་གེར་དལ་གྱིས་འཛུམ། །

སྔོ་བསངས་སྒེག་མོ་བེེཌཱུར་སྔོན་ཞུན་མར་བཞུས། །
སྙེ་མའི་ཞིང་ལ་གསེར་འོད་བཀྲག་མདངས་འཚེར། །
ཁྱེད་ཞལ་ཟླ་བ་སྟོང་གི་སྒེག་འཛུམ་ཅན། །
མཇལ་བས་སྤྲོ་དགའ་ནམ་མཁའི་མཐོངས་སུ་འཕྱོ། །

མཆོག་ཏུ་སྐུ་མཛེས་མཛེས་པའི་ཕུལ་གྱུར་བ། །
ཁྱེད་སྐུའི་མཚན་དཔེ་དཔེ་ལ་གང་ཞིག་འགོད། །
མཐོང་ན་ཀུན་སྐྱིད་སྐྱིད་པའི་དཔལ་སྩོལ་ཏེ། །
ལུས་བདེ་སེམས་བདེ་བདེ་དགའི་དཔལ་གྱིས་བཟི། །

ཟབ་དོན་འཇལ་བའི་ལྷག་མཐོང་རིག་པ་ལ།
ཞི་གནས་ཏིང་ངེ་འཛིན་གྱི་ཞབས་སུ་ལྡན། །
བདེ་བར་གཤེགས་པ་ཆོས་ཀྱི་སྐུ་བརྙེས་ཀྱང་། །
འཇིག་རྟེན་མཁྱེན་པ་ཆོས་ཀྱི་རྒྱལ་བོར་བཞེངས། །

ངན་སྔགས་མཐུ་དང་རྒྱལ་བོའི་དབང་ཐང་དང་། །
གཡུལ་དང་དྲག་པོའི་མཚོན་ལ་མ་བརྟེན་པར། །
བསམ་སྦྱོར་བྱང་ཆུབ་སེམས་ཀྱི་དབང་གྱུར་ཏེ། །
སྐྱེས་བུ་འདུལ་བའི་འཁོར་བསྒྱུར་བླ་ན་མེད། །

ཁྲོ་སོགས་མི་མཐུན་རྒྱུ་ལས་མ་བྱུང་བ། །
བསོད་ནམས་དཔལ་དང་བཟོད་པས་རབ་བརྒྱན་པའི། །
མཚན་དཔེ་མེ་ཏོག་སྡུག་པར་བཀྲ་བ་ལ། །
འཇིག་རྟེན་གསལ་བའི་བཀྲག་མདངས་ངང་གིས་འཚེར། །

འཇམ་དཔལ་དབྱངས་ཀྱིས་འཇམ་མགོན་ཙོང་ཁ་བར། །
སྙིགས་མ་ལྔ་ལས་ཆེར་སྙིགས་གྱུར་དུས་སུ། །
སེམས་ཅན་ལེ་ལོ་ཆེ་ལ་ཤེས་རབ་ཆུང་། །
ཆོས་སྤོང་ཁེངས་དྲེགས་ཆེ་ལ་སྙིང་རྗེ་ཆུང་། །
གྲོགས་དང་བླ་མར་མི་གུས་གསུང་རབ་རྨོངས། །
འཇིག་ལྟ་ང་རྒྱལ་ཆེ་ཞིང་ལོག་ལྟ་ཆེ། །
དམ་ཚིག་མི་སྲུངས་ལྟ་ངན་གཅོང་ལ་ལྷུང་། །
འདོན་ཡོན་གྱིས་མྱོས་ཚེ་ཐུང་བསོད་ནམས་མེད། །
འབྱུང་བོ་རོ་ལངས་ལོག་འདྲེན་བར་ཆད་ཀྱི། །
བགེགས་ཆེན་ངང་གིས་འཁོར་བར་གསུངས་པ་ལྟར། །
སྙིགས་མ་ལྔ་ལས་ཆེར་སྙིགས་གྱུར་བ་ཡི། །
རྟགས་མཚན་མངོན་དུ་གྱུར་བའི་འཇིག་རྟེན་འདིར། །
འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོའི་སྐུ། །
གསེར་འོད་ལྷམ་མེར་བཞུགས་པ་ཨེ་མ་ཧོ། །

མཁས་གྲུབ་དཔལ་བས་འཇམ་མགོན་ཙོང་ཁ་བར། །
"སྙིགས་མ་ལས་ཀྱང་ཆེས་སྙིགས་པའི། །
འཇིགས་པ་མི་བཟད་འཇིག་རྟེན་འདིར། །
རྒྱལ་དང་རྒྱལ་བའི་སྲས་པོ་གཞན། །
མཐའ་དག་མཐོང་བའི་ལམ་ལས་འདས། །
དེ་ཚེ་ཐུགས་རྗེ་ལྡན་པ་ཁྱེད། །
སོ་གའི་ཉི་མས་འགྲམ་པའི་ཆང་། །
ཟགས་ལྡན་གཉིས་འཐུང་པདྨོའི་མཚོས། །
རིང་ནས་བོས་ལྟར་འཇིག་རྟེན་གཟིགས། །"
"རྒྱལ་བ་རྣམས་ཀྱང་རང་ཉིད་ཀྱི། །
བསྟན་ལ་བཏང་སྙོམས་མཛད་གྱུར་བ། །
གནས་སྐབས་འདིར་ཡང་ཁྱོད་ཀྱིས་ནི། །
རྒྱལ་བ་བཞིན་དུ་བསྟན་པ་སྤེལ། །
རྒྱལ་སྲས་དག་པའི་ཞིང་གཞན་ན། །
དགྱེས་དགུར་སྤྱོད་པ་མཐའ་དག་ལས། །
སྙིང་སྟོབས་རྨད་བྱུང་མགོན་པོ་ཁྱེད། །
མཆོག་ཏུ་དཀའ་བ་བགྱིད་པ་ལགས། །
འཇིག་རྟེན་འདི་ན་མགོན་ཁྱེད་དང་། །
ཕྱོགས་གཅིག་མཚུངས་པའང་རྙེད་དཀའ་ནས། །
དེ་ཕྱིར་བདག་གིས་ཁྱོད་ཀྱི་དཔེར། །
རྒྱལ་བ་ཁོ་ན་ཡང་ཡང་སྒྲིན། །
དེ་ཚེ་དེ་ཉིད་འབྱེད་པ་ལ། །
རྒྱལ་དང་ཁྱོད་དབྱེར་མ་མཆིས་ཀྱང་། །
ཐུགས་རྗེས་རྒྱལ་བའང་སྐྱེངས་མཛད་པ། །
དེ་ནས་བདག་ཅག་དཔེ་ཡིས་དབུལ། །"
དེ་ལྟར་གསུངས་པ་བཞིན་དུ་ཁྱེད་ཀྱང་ནི། །
རྒྱལ་བའི་བསྟན་པ་རྒྱལ་ལས་ལྷག་པར་སྤེལ། །
བརྩེ་ཆེན་ཐུགས་རྗེས་རྒྱལ་བ་སྐྱེངས་མཛད་པའི། །
རྨད་བྱུང་མཛད་ཆེན་འདི་དག་ཨེ་མ་ཧོ། །

ད་དུང་མཁས་གྲུབ་དགེ་ལེགས་དཔལ་བ་ཡིས།  །
"རྩོམ་ན་བླུན་པོའི་གྲོང་ཚིག་བརྒྱུད་མར་རྩོམ། །
འཆད་ན་འབྲེལ་མེད་འགལ་འདུའི་ཕུང་བོ་འཆད། །
ཡིད་ནི་རྟག་ཏུ་འདོད་པ་འཚོལ་བའི་ཡིད། །
བཤེས་གཉེན་ཕལ་ཆེར་དིང་སང་སྡིག་པའི་བཤེས། །"
ཞེས་ཀྱང་བཀའ་བཀྱོན་གནམ་ལྕགས་ཐོག་གི་ཟླ། །
སྟོབས་ཀྱི་འཕངས་པར་དྲན་པ་གསོས་པ་ན།  །
དིང་གི་བཤེས་དང་མཁས་གྲགས་ཕལ་ཆེ་བས། །
བླ་མའི་རྣམ་པར་ཐར་བར་བསྟོད་པ་སོགས། །
རྣམ་དཀར་ལས་ཀྱི་ཕྱོགས་ལ་འཇུག་དུས་ཀྱང་། །
གཞན་དང་གཞན་ལ་རྐང་གཡུག་རྡོག་རྒྱག་གིས། །
ཚིག་ནག་བརྒྱུད་མར་སྤེལ་བའི་སྲོལ་ཞིག་འདུག །
བསོད་ཟད་བདག་ལའང་དེ་ལྟའི་ངན་ཞིག་ཡོད། །
ད་རེ་དེ་དག་ཀུན་ཀྱང་ཅི་ནུས་ཀྱིས། །
སྤངས་དང་བསྐྱུར་ལ་གཞོལ་ནས་འཆར་ཡན་དང་། །
རང་གི་དད་འདུན་གཅིག་བུ་མཆོད་པར་འབུལ། །
རྒྱལ་བ་དགྱེས་པའི་རྐྱེན་དུ་འགྱུར་བར་སྨོན། །

གྲངས་མེད་བསྐལ་བར་འཁོར་བའི་ནགས་ཀློང་འགྲིམས། །
སངས་རྒྱས་གྲངས་མེད་བྱོན་ཡང་བདག་མ་ཐུལ། །
བཀའ་བསྟན་རི་རབ་བརྩིགས་ཀྱང་བདག་མ་ཕྱོགས། །
གླེན་ལྐུགས་དུད་འགྲོ་ལས་ཀྱང་ལྐུགས་པ་ང་། །

བོད་པར་སྐྱེས་ཀྱང་དགོས་དམིགས་འགྲུབ་མི་འདུག །
ཚེ་འདིར་བཟོད་པའི་གོ་མཚོན་རག་མི་འདུག །
ཕྱི་མར་འགྲོ་བའི་གདེང་ཚོད་རྙེད་མི་འདུག །
འོན་ཏེ་ཁྱེད་དང་མཇལ་བས་སྐལ་བ་བཟང་། །

སྐལ་བཟང་འདི་ཀོ་རིན་ཆེན་གསེར་ལས་ལྷག །
འདི་ནས་རང་སེམས་གསོ་བའི་སྨན་མཆོག་རེད།  །
ཕྱི་མར་སྤོབས་པས་བསྐྱོད་པའི་ང་རྒྱལ་རེད།  །
བཀའ་དྲིན་ཆེ་འོ་རྒྱལ་མཆོག་ཐུགས་རྗེའི་གཏེར། །

མངོན་མཐོ་ལྷ་མིའི་གོ་འཕང་དཀའ་རབས་ཐོས། །
དེའང་རིགས་ལམ་གཅིག་ནས་དཀའ་ན་ཡང་། །
མི་རུ་སྐྱེས་ཀྱང་བོད་དུ་མ་སྐྱེས་ན། །
ཕུན་ཚོགས་འབྱོར་བས་མཐོ་ཡང་སྙིང་བོ་ཅི།  །

བོད་དུ་སྐྱེས་ཀྱང་རྒྱུ་འབྲས་འཆོལ་བ་ཡི། །
རྨོངས་དད་འཁོར་ལོ་བསྐོར་ཞོར་ནག་ཚུབ་བེར། །
ཕྱི་མའི་འཕྲང་རིང་ཤར་སེ་འགྲིམས་དགོས་ན། །
བོད་པར་སྐྱེས་པའི་དགོས་པ་འགྲུབ་མི་འདུག །

རང་སེམས་ལག་པས་གནོན་ཞོར་འདང་བརྒྱབ་ན། །
དལ་འབྱོར་མི་ལུས་རྙེད་པའི་དོན་ཆེན་ལ། །
ས་ལ་བྱོན་པའི་སངས་རྒྱས་དངོས་ཀྱི་ཞལ། །
ཡང་ཡང་མཇལ་བ་འདི་ལས་གཞན་མ་མཐོང་། །

ཁྱེད་སྐུ་ཟླ་བ་སྟོང་གི་བསིལ་ཟེར་ཅན། །
པོ་ཏཱ་ལ་ཡི་དབུ་རྩེར་འགྱིང་ཉམས་ཀྱིས།  །
ཆོས་སྒྲ་སིང་སིང་འཛུམ་དཀར་ཀྱིག་ཀྱིག་ཀྱིག །
གཞིས་བྱེས་ལྷན་འཛོམས་བྱུང་ན་སྐྱིད་པ་ལ།  །

ཁྱེད་ཀྱི་ཐུགས་བསྐྱེད་གངས་ལས་མཐོ་བ་དང་། །
ཁྱེད་ཀྱི་ཐུགས་རྗེ་ཀུན་ལ་བརྩེ་བ་ཡིས། །
ལས་ངན་བསོད་ནམས་ཆད་པའི་མཐར་ལྟུང་ཡང་།  
བརྩེ་ཆེན་སྤྱན་གྱིས་གཟིགས་པ་མི་ལྷོད་མོད། །
མཚན་དཔེ་གསལ་རྫོགས་སྐུ་ཡི་དཀྱིལ་འཁོར་ལ།  །
ཅུང་ཟད་བགྲེས་པའི་མཛད་པ་བཞེས་པ་ན། །
བདག་སེམས་གཤག་པར་འགྱུར་ན་ཐུགས་རྗེ་ཅན། །
གཞོན་ནུའི་གཟུགས་འཆང་རིགས་གསུམ་ཀུན་འདུས་སྐུ། །
མཐའ་ཡས་གདུལ་བྱའི་དཔལ་དུ་བཞུགས་པར་སྨོན། །

བརྟན་བཞུགས་བསྟར་འབུལ་ཞུ་བའི་འཇོན་ཐང་མེད། །
གཟིམ་ཆུང་མཇལ་ཁ་ཞུས་ཏེ་ཞུ་རྒྱུ་མེད། །
ཁྱེད་ཞལ་སྐུ་མཛེས་མིག་ལ་འབྲལ་མེད་དུ། །
ཁྱེད་གསུང་ཉན་པ་ཚེ་ཡི་བདེ་སྐྱིད་ཡིན། །

བཙན་བྱོལ་འཚོ་བ་ཁ་སྐྱུར་ཅིར་འཕྲད་ཀྱང་། །
ཁྱེད་ཀྱི་གསུང་དང་ཟབ་མོའི་རིགས་ལམ་གཉིས། །
བླང་དོར་དཔྱོད་པའི་བློ་མིག་རྣོན་པོ་དང་། །
ཚོར་མགོ་གནོན་པར་སྙན་ངག་རིག་པ་ཡོད། །

མགོ་བོ་བཀྱགས་ནས་གནམ་ལ་བལྟས་ན་ཡང་། །
ཁྱེད་ནི་ནམ་མཁའ་ལས་ཀྱང་མཐོ་བ་འདུག །
རྒྱ་མཚོ་ཆེན་པོའི་ཁ་རུ་བསྐྱོད་ན་ཡང་། །
ཁྱེད་ཀྱི་ཐུགས་ནི་དེ་ལས་ཟབ་པ་འདུག །

སངས་རྒྱས་བྱང་སེམས་རྣམ་ཐར་མཇལ་ན་ཡང་། །
ཁྱེད་ཀྱི་མཛད་པ་དེ་ལས་ཆེ་བ་འདུག
བརྩེ་ཆེན་ཕ་མའི་བཀའ་དྲིན་བསམས་ན་ཡང་། །
ཁྱེད་ཀྱི་བྱམས་བརྩེ་དེ་ལས་ཟབ་པ་འདུག 

གྲྭ་ས་ཆེ་སའི་ཆེ་སར་སོ་ན་ཡང་། །
ཁྱེད་ལས་ཆེ་བའི་ཆོས་གྲྭ་ངས་མ་མཐོང་། །
གངས་རི མཐོན་པོའི་མཐོན་པོར་བརྒལ་ན་ཡང་། །
ཁྱེད་ལས་མཐོ་བའི་གངས་རི་ངས་མ་མཐོང་། །

བདག་གི་དཀོན་མཆོག་བདག་གི་ཆོས་གྲྭ་ལགས། །
སྐྱེ་རབས་ཕྲེང་བར་ཁྱེད་དང་འབྲལ་མེད་ཤོག །
བདག་གི་བཙན་པོ་བདག་གི་གངས་རི་ལགས། །
བསྐལ་བའི་མཐར་ཡང་མི་འཇིག་བརྟན་པར་སྨོན། །

མཚན་ཉིད་རིག་པའི་སྒལ་ཚིགས་མཁྲེགས་པོ་ཅན། །
ལུང་རིགས་ནོར་བུའི་ཤ་ཚིལ་སྣུམ་པོ་ཅན། །
འཆར་ཡན་རྣོན་པོའི་རྣམ་རིག་གསོན་པོ་ཅན། །
བདག་གི་སྙན་ངག་བླ་མའི་བརྟན་བཞུགས་ཡིན། །

སྤྱི་ལོ་༢༠༢༤ ལོའི་ཟླ་ ༠༧ ཚེས་ ༢༧ ཉིན། 

2024-07-31 འབྲོག་རིའི་མེའོད། 
ལ་ལ་ལ། ཡག་སོང་། 
2024-07-29 ཡགས

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།