Back To Top

ཁ་སྣོན་རྩོམ་ཡིག་ཁ་བའི་བུ་མོ་ཁ་དཀར་ལམ་དཀར་མ་བཞུགས་སོ།

བཀླགས་གྲངས། 1335

ཤེད་བུས།

 ༼ ཁ་སྣོན་རྩོམ་ཡིག་ཁ་བའི་བུ་མོ་ཁ་དཀར་ལམ་དཀར་མ་བཞུགས་སོ། །

གཤམ་གསལ་ཁ་ནང་མིག་ནང་ལ་བཏབ་པའི་ཨོ་ལིམ་པིག་ཅེས་པའི་རྩོམ་ཡིག་འདི་ནི་བདག་གིས་སྤྱི་ལོ་ ༢༠༢༤ ལོའི་ཟླ ༠༧ ཚེས་ ༣༡ ཉིན་གྱི་སྔ་དྲོར་བྲིས་པ་ཡིན། དེའང་ཨོ་ལིམ་པིག་གཞུང་འབྲེལ་གྱི་དྲ་བའི་ཁྱབ་བསྒྲགས་གཞིར་བཟུང་རྩེད་འགྲན་པའི་མཚན་ཐོ་དང་གྲངས་ཀ་བྲིས་མོད། ཕྱི་དྲོར་འགྱུར་བ་ཕྱིན་ཏེ། རྩེད་འགྲན་པ་ཞེ་དགུ་ལས་མི་བཞི་ཕྱིར་འཐེན་ཏེ་ཞེ་ལྔ་ལས་རྒྱུག་གི་མེད་པ་དང་དེའི་ནང་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱང་ཕྱིར་འཐེན་བྱས་འདུག ཕྱིར་འཐེན་བྱེད་དོན་དང་དྲ་ངོས་དེའི་ཁྱབ་བསྒྲགས་ནང་འཇོག་དོན་ནི། རྩེད་སྐོར་འདིའི་རྩེད་འགྲན་མཁན་གྱི་རྒྱ་ནག་མ་གསུམ་པོ་གང་རུང་ཞུགས་མ་ཐུབ་ན་ཆོས་དབྱིངས་སྐྱིད་ལགས་ཚབ་ལ་རྒྱུག་རྒྱུའི་གྲ་སྒྲིག་གི་ཕྱིར་བཞག་པ་རྒྱའི་དྲ་ངོས་སུ་གསལ་འདུག ད་དུང་ཧྥ་རན་སིའི་གནམ་གཤིས་ལ་འགྱུར་བག་ཧ་ཅང་ཆེ་བ་མ་ཟད། ད་ལོར་མཚོན་ན། མཛད་སྒོའི་ཉིན་གནམ་གཤིས་ཧ་ཅང་འཁྱག་ཐལ་བ་མ་ཟད། ཆར་བབས་པ་དང་། ཁ་སང་དེ་རིང་གནམ་གཤིས་ཀྱི་ཚ་བ་ཧ་ཅང་ཆེ་བ། ཚ་ཚད་སུམ་ཅུ་ནས་འུམ་ཅུ་སོ་ལྔ་ཡིན་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལས་བརྒལ་ཡོད། དེར་བརྟེན། ཁོང་མོས་ཀྱང་གནམ་གཤིས་ཀྱི་དཀའ་ངལ་ཡོད་པར་བཤད་ཡོད། 
 རྒྱལ་སྤྱིའི་ཕུལ་བྱུང་རྩེད་འགྲན་པ་ཞིག་ལ་མཚོན་ན། བྱ་དགའ་ལེན་རྒྱུ་ཙམ་མིན་པར་ཟིན་ཐོ་གཏོར་རྒྱུ་དོན་གྱིས་སྙེག་བྱ་དང་གཟི་བརྗིད་ཀྱི་འཇོན་ཐང་ཡིན་འདུག བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་དབྱིན་ཇིའི་རྒྱལ་ས་ལོ་ཌོན་ནས་བརྒྱུགས་ཏེ། གསེར་གྱི་རྟགས་མ་བླངས་པ་མ་ཟད། ཟིན་ཐོ་ཆེན་པོ་གཉིས་༼ ཨོ་ལིམ་པིག་གི་ཟིན་ཐོ་དང་། ཨེ་ཤ་ཡའི་ཟིན་ཐོ།༽ མཉམ་དུ་གཏོར་ཞིང་། རྩེད་སྐོར་ཐ་མ་འཛུམ་མདངས་ཀྱིས་བསྐྱལ་བས་རིགས་ཀྱི་མི་གཤིས་ཀྱི་མཛེས་སྡུག་དང་རིག་གནས་ཀྱི་རིན་ཐང་དཔེ་མེད་ངོམ་པ་རེད། ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ་གསེར་གྱི་རྟགས་མ་དེའང་ལོ་བཅུའི་རྗེས་ནས་མ་གཏོགས་གསལ་འདོན་བྱེད་ཐུབ་མེད།
     སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༠༣ ཚེས་ ༢༠ ཉིན། རྒྱ་ནག་མ་ཡཱེས་ཅ་ཡོས་སྤྱི་ལེ་ཉི་ཤུ་ཆུ་ཚོད་ 01:23:49 བརྒལ་ཏེ། ཆོས་དབྱིངས་སྐྱིད་ཀྱི་ཨེ་ཤ་ཡའི་ཟིན་ཐོ་སྤྱི་ལེ་ཉི་ཤུ་ཆུ་ཚོད་ 01:25:16 བརྒལ་བ་དང་། ར་ཤི་ཡའི་བུ་མོ་ SOKOLOVA Vera ཡི་འཛམ་གླིང་གི་ཟིན་ཐོ་སྤྱི་ལེ་ཉི་ཤུ་ཆུ་ཚོད་ 01:25:08 བརྒལ་བ་གཉིས་ཀ་གཏོར་བ་རེད། 
   ཡིན་ནའང་། ཨོ་རྩལ་གྱི་ཟིན་ཐོ་ཨོ་རྩལ་ལ་ཞུགས་ནས་གཏོར་དགོས་པས་ཨོ་རྩལ་བསྐྱར་གསོ་བྱས་ནས་ལོ་བརྒྱ་ལྷག་འགོར་ནའང་། བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་གཟི་བརྗིད་ཀྱིས་བཏོད་པའི་ཟིན་ཐོ་ད་དུང་སུ་གང་གིས་གཏོར་མེད། ད་ལོ་རྒྱ་ནག་མ་ཡཱེས་ཅ་ཡོ་ཡིས་སྤྱི་ལོ་ཉི་ཤུ་ 01:25:54 བརྒལ་ཏེ་གསེར་གྱི་རྟགས་མ་བླངས་ནའང་ཨོ་རྩལ་ཟིན་ཐོ་གཏོར་ཐུབ་མེད།
ད་ལོའི་ཟླ་ ༠༨ པའི་ཚེས་ ༠༧ ཉིན། བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་། Marathon Race Walk Relay Mixed ཕོ་མོ་མཉམ་བསྲེས་ཀྱི་རྒྱུགས་འགྲན་འདིའི་ནང་ཞུགས་ཀྱི་ཡོད། རྒྱུག་འགྲན་འདི་ད་ལོ་གསར་དུ་ཨོ་ལིམ་པིག་གི་རྩེད་འགྲན་ནང་ཁ་གསབ་བྱས་པ་ཞིག་རེད། ཕོ་མོ་འདྲ་མཉམ་གྱི་ལྟ་བ་མཚོན་པ་སོགས་དགོས་པ་རྒྱུ་མཚན་བརྒྱ་ལྡན་ཡིན་རབས་ཤིག་བཤད་ཀྱི་འདུག་ནའང་། ཕོ་མོ་མཉམ་བསྲེས་དང་དེའང་རུ་ཁག་གི་སྐར་མ་བསོག་པ་ལ་ལྟོས་པ་ཡིན། མི་གཅིག་འཇོན་ནུས་ཀྱི་ངོས་ནས་ཟིན་ཐོ་གཏོར་བ་དང་། ཀུན་སྤྱོད་སོགས་ཀྱི་ཐད་ནས་ལྟད་མོ་བའི་ཡིད་དབང་འགུགས་པའི་འཇོན་ནུས་ཅི་དགར་ངོམ་ཆོག་པ་རེད་སྙམ། ༽

ཁ་ནང་མིག་ནང་ལ་བཏབ་པའི་ཨོ་ལིམ་པིག

༢༠༢༤ ལོའི་ཨོ་རྩལ་འགྲན་ཚོགས་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་འཚོགས་པ་དང་། ཆར་ཞོད་ཆེན་པོའི་དབུས་སུ་ཆེས་རང་དབང་ལྡན་པ་དང་སྤྲོ་སྣང་ལྡན་པའི་སྒོ་ནས་མཛད་སྒོ་རྒྱ་ཆེན་འཚོགས་ཤིང་། ཚ་མུག་རྒོད་པོའི་ཁྲོད་ནས་འགྲན་བསྡུར་སྣ་ཚོགས་ཀྱི་དབུ་ཚུགས་སོང་། རེ་རེ་བཞིན་བལྟས་ནས་རྫོགས་མཐའ་མེད་ནའང་། མང་པོ་ཞིག་ཁ་ནང་མིག་ནང་ལ་བཏབ་ཡོང་གིན་འདུག མཛད་སྒོའི་གཞས་སྣ་རེ་རེ་དང་འཁྲབ་སྟོན་རེ་རེར་འཇིག་རྟེན་གྱི་སྒྱུ་མའི་རྩལ་ཡོངས་སུ་རྫོགས་ཤིང་། རང་དབང་དང་གསར་བརྗེའི་སྙིང་སྟོབས་ངོམ་ཐལ་བས། ལ་ལའི་གློ་སྙིང་གིས་འཇུ་གི་མེད་པའི་སྣང་ཚུལ་ཡང་འདུག ལྷག་པར་རྒྱ་རྒན་ཚོར་དེར་ལྟ་བའི་མིག་བྲུས་འདུག་པ་མ་ཟད། གློའུ་བཤད་སྣ་ཚོགས་བརྒྱབ་ནས་སུན་པོ་བཟོས་ཡོང་གི་འདུག

རྒྱ་རྒན་ཚོའི་ཡིད་དབང་ཆེས་འཕྲོག་ཐལ་བ་ནི། གཞས་མ་ལེ་རྡེ་གྷ་གྷའི་འོག་ཕྱོགས་ནས་ཡར་བསྐོར་ཏེ་བསྐྱོན་པའི་པར་ཞིག་ཡོད་པ་དེ་ཡིན་འདུག ཟུར་ཟ་བྱེད་ཁུལ་གྱིས་དེ་རྐྱང་རྐྱང་བརྒྱུད་སྤེལ་བྱེད་ཀྱིན་འདུག ད་དུང་དགོས་ཟས་ཀྱི་ཟློས་གར་སྐབས་ཀྱི་གྲུབ་ཆེན་སྔོ་ལྡང་དང་མཚན་མཐུན་གྱི་ཟློས་གར་དེ་འཇུ་ཐུབ་ཀྱི་མི་འདུག དེས་མགོ་སེར་སྲོལ་རྒྱུན་པ་ཚོ་ལའང་འཁྲིས་པ་འཕར་བཅུག་པའི་སྣང་ཚུལ་འདུག 

མཛད་སྒོའི་མཚོ་འགྲུལ་གྱི་སྐབས་དང་རྩེད་སྐོར་རེ་རེའི་སྐབས་སུ་ཁྱི་དར་དམར་པོ་ཞིག་གནམ་ལ་གཡུགས་ནས་སྐད་བརྒྱབ་ཏེ་སུན་སྣང་བཟོ་མཁན་གཙོ་བོའང་གྲོག་མ་སྔོ་ལྡང་ཚོ་རེད། དགོད་བྲོ་བ་ཞིག་ལ། གྲོག་ཕྲུག་ཆ་གས་ཞབས་ཞུ་བའི་ལྭ་བ་དམར་པོ་རེ་གྱོན་ནས་ལུས་རྩལ་ལྭ་བ་ཡིན་ཁུལ་བྱེད་་གྱིན་འདུག འདས་སོང་གི་ཨོ་རྩལ་སྐབས་དག་ལ་གྲོག་ཕྲུག་ཆ་ག་ཆུར་རྐྱལ་ནས་ངར་ནའང་། ད་ལོ་ཆུར་རྐྱལ་སྐོར་ནས་སྐལ་ཆད་འདུག མེ་མདའ་རྒྱག་པའི་རྩེད་སྐོར་ལས་གསེར་གྱི་རྟགས་མ་གསུམ་བླངས་འདུག ཏང་ཕྲུག་ཆ་ག་སྐྲག་མི་དགོས་ས་ནས་མེ་མདའ་བརྒྱབ་ན་ངར་གི་ཞེས་གྲགས་སྐད་འདྲ་ཞིག་འདུག

ད་ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོར་བོད་པའི་སྐུ་ཚབ་ཀྱང་སྐད་བཏང་ཡོད་རབས་བཤད་ནས་། ཆུ་འགྲམ་དུ་བོད་པ་ཁ་ཤས་ཀྱིས་རྒྱལ་དར་བཟུང་བའི་པར་ཞིག་འགྲོ་གིན་འདུག་མོད། བོད་གཞུང་གི་དྲ་བ་ལས་བརྒྱུད་ལམ་གཞན་དུ་མ་མཐོང་། དེ་ལས་གཞན་བོད་རང་དབང་སློབ་ཕྲུག་ཚོགས་པའི་སློབ་སྟོན་པ་དང་། ཧྥ་དབྱིན་བོད་གསུམ་གྱི་སྟེང་ནས་གནས་ཚུལ་དང་གསར་འགྱུར་འབྲི་སྤེལ་མཁན་གྲགས་ཆེན་བསྟན་རྣམ་ལགས་ཀྱིས་ཨོ་ལིམ་པིག་གི་དཔལ་འབར་སྐར་ཆ་ཁ་ཤས་རིང་འཛིན་ཐུབ་པ་བྱུང་ཡོད་ཅེས། ཁོང་སྒེར་གྱི་ངོ་དེབ་ནས་སྤེལ་འདུག

དེ་ལས་གཞན་ད་ལོར་སྐྱབས་བཅོལ་བའི་རུ་ཁག་ཅིག་རྩེད་འགྲན་པའི་གྲལ་དུ་ཚུད་ཡོད་པ་མ་ཟད། འགྲུལ་བཞུད་མཛད་སྒོའི་སྐབས་སུའང་ཁོང་ཚོར་མཚོ་གྲུ་གཅིག་གྲ་སྒྲིག་བྱས་ཏེ་རྒྱལ་ཁབ་གཞན་དག་དང་ཐོབ་ཐང་འདྲ་མཉམ་ཕུལ་འདུག རུ་ཁག་འདི་ནི་སྤྱི་ལོ་ ༢༠༡༦ ལོར་གསར་དུ་ཚུགས་པ་དང་། དར་ཆ་སོགས་ཨོ་ལིམ་པིག་རང་ཉིད་ཀྱི་དར་ཆ་བེད་སྤྱོད་བྱེད་ཀྱི་འདུག ད་རེ་ཁོ་ཚོ་ཨོ་ལིམ་པིག་ལ་ཞུགས་ཐེངས་གསུམ་པ་ཡིན་འདུག སྐྱབས་བཅོལ་བའི་ཨོ་རྩལ་རུ་ཁག་ནི་རྒྱལ་ཁབ་བཅོ་ལྔའི་ནང་གནས་སྡོད་བྱེད་མཁན་གྱི་ལུས་རྩལ་པ་མི་འདྲ་བ་༣༧ ལས་གྲུབ་པ་དང་ལུས་རྩལ་རིགས་མི་འདྲ་བ་༡༢ ནང་་འགྲན་སྡུར་བྱེད་ཀྱི་ཡོད། དེ་སྔ་འགྲན་ཟིན་པ་ཆ་ཚང་འགྲན་ཕམ་བྱུང་ཡོད། ཡིན་ནའང་། འཛམ་གླིང་ཤར་ནུབ་ཀྱི་གནམ་ས་ཁེབས་པ་དང་། སྐྱབས་བཅོལ་འདྲ་འདྲའི་ནང་ནས་མི་འདྲ་བའི་བོད་པ་སྐྱབས་བཅོལ་བས་འདིའི་ནང་ཆ་ཤས་ལེན་ཐུབ་མི་འདུག གང་སར་སྐལ་ཆད་པའི་སྣང་ཚུལ་འདི་ལ་བསམ་བློ་ཡང་ཡང་ཤོར། 

ད་ལོར་མགོ་ནས་མཇུག་བར་དུ་དོ་སྣང་བྱེད་ས་གཅིག་ཡོད་པ་ནི། བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཡིན། མོ་ད་ལོར་རྩེད་འགྲན་གཉིས་ནང་ཞུགས་ཀྱིན་འདུག སྤྱི་ལེ་ཉི་ཤུ་ཅན་གྱི་བུད་མེད་འདུར་རྒྱུག་སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༨ པའི་ཚེས་ ༡ ཉིན། ཡུ་རོབ་ཀྱི་ཆུ་ཚོད་༩:༢༠ ནས་མགོ་རྩོམ་གྱིན་ཡོད་པ་དང་། རྩེད་འགྲན་པ་བཞི་བཅུ་ཞེ་དགུ་དང་། དེའི་ནང་དུ་ད་ལོར་རྒྱ་ནག་གི་འདུར་རྒྱུག་མ་བཞི་འདུག འགྲན་སྐོར་འདི་ལས་སྐད་གྲགས་ཅན་གཉིས་ནི། སྤྱི་ལེ་ ༢༠ ཆུ་ཚོད་ 1:23:49 ནང་བགྲོད་དེ་འཛམ་གླིང་གི་ཟིན་ཐོ་གཏོར་མཁན་རྒྱ་མོ་ཡཱང་ཅ་ཡོ་རེད། གཉིས་པ་ནི་སྤྱི་ལེ་ ༢༠ ཆུ་ཚོད་ 1:25:16 ནང་བགྲོད་དེ་ཨོ་རྩལ་གྱི་ཟིན་ཐོ་གཏོར་མཁན་ཨོ་རྩལ་ལས་གསེར་གྱི་རྟགས་མ་འདེགས་མཁན་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་གཉིས་རེད། ཁོང་གཉིས་ལས་གཞན་རྒྱ་མོ་ལོའུ་ཧོང་དང་། Ecuador ཡི་བུ་མོ་MOREJON Glenda དང་། ཨོ་གླིང་བུ་མོ་ MONTAG Jemima སོགས་ལ་རེ་བ་ཆེན་པོ་བྱེད་ཀྱིན་འདུག གོང་གསལ་བུ་མོ་དག་ནི་སྤྱི་ལེ་༢༠ ཆུ་ཚོད་༡:༣༠ མ་འགོར་བར་བརྒལ་མྱོང་མཁན་ཤ་སྟག་རེད། དེར་བརྟེན། འགྲན་ཡ་རྣམས་གཅིག་ལས་གཅིག་བཙན་ཡིན་ནའང་། ད་ལོར་ར་ཤི་ཡ་བཀག་ཡོད་པ་མ་ཟད། ཤུགས་སྨན་ཟ་བ་སོགས་ལ་ཉིན་ལྟར་བརྟག་དཔྱད་བྱེད་ཀྱིན་པས། ཆོས་དབྱིངས་སྐྱིད་ལ་རེ་བ་ཆེན་པོ་འདུག ཆོས་དབྱིངས་སྐྱིད་ལོན་ཌོན་ནས་རྒྱུག་སྐབས་ཀྱང་ར་ཤི་ཡ་གཉིས་ཀྱིས་ཤུགས་སྨན་ཟས་ཏེ་ཨང་དང་པོ་གཉིས་པ་བླངས་མོད་ལོ་མང་རྗེས་སུ་ཞིབ་འཇུག་གི་གྲུབ་འབྲས་ལག་བསྟར་གྱིས་ཆོས་དབྱིངས་སྐྱིད་ལ་གསེར་གྱི་རྟགས་མ་ཕུལ་ཡོད། ར་ཤི་ཡ་དང་རྒྱ་རྒན་ཚོས་ཤུགས་སྨན་སྣ་ཚོགས་ཟས་ནས་འགྲན་རྒྱལ་གྱི་ངན་ལོབ་ཡོད་པས། ད་ལོ་དེར་དོ་ནན་ཆེན་པོ་བྱས་ཀྱིན་པ་ནི་སེམས་བདེ་བའི་ངོས་ཤིག་རེད།

གང་ལྟར་མཉམ་དུ་སྨོན་ལམ་འདེབས། མཉམ་དུ་རེ་བ་བཟང་ས་ནས་བྱེད། འབྲས་བུ་ཅི་ཞིག་འབྱུང་ནའང་མོ་ནི་བོད་ཀྱི་ལོ་རྒྱུས་ནང་གསེར་གྱི་རྡོ་རིང་སློང་མཁན་ཡིན། 

སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༧ ཚེས་ ༣༡ ཉིན།

2024 ལོའི་ཨོ་ལིམ་པིག་གི་སྐྱབས་བཅོལ་བའི་རུ་ཁག
སྐྱབས་བཅོལ་བའི་རུ་ཁག་མཛད་སྒོའི་འགྲུལ་བཞུད་སྐབས།
2024-07-31 སྦལ་བ།
2024-07-31 ཧ་ཅང་ཡག་ཐལ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།