བཀླགས་གྲངས། 1050
ཤེད་བུས།
ཆོས་དབྱིངས་སྐྱིད་འདི་ལྟར་བརྗོད་ན།
བོད་ཀྱིས་ཅི་བྱས་ལས་སུ་མ་སོང་བོད་འབངས་སྡུག་གི་རྒྱ་མཚོར་ལྷུང་ཞིང་། །
ཆོད་སེམས་ཆེ་བའི་དཔའ་བོ་རེ་རེས་གློ་སྙིང་བདེན་པའི་མེ་ལྕེར་བསྲེགས་ཤིང་། །
ཐ་ན་ཅང་མེད་བསྟན་རབ་པས་ཀྱང་ཚོར་བའི་ལོ་མ་སྡུག་གིས་སྦངས་དུས། །
ཡ་གླིང་དུས་ཀྱི་དུང་ཟླ་དཀར་པོ་རྨ་རྒྱལ་སྦོམ་རའི་ཕྲག་ནས་འཛུམ་བྱུང་། །
གསལ་བའི་རྣམ་རིག་བུད་ཤིང་བྱས་ཏེ་བདེན་པ་རྩོད་རྣམས་དགོངས་དག་མཛོད་ཅིག །
དུད་ཁྲོད་ཚལ་དུ་ཕྱིར་མིག་གཟིགས་པའི་རྣམ་ཤེས་ཚོགས་ལ་བཟོད་གསོལ་ཞུ་འོ། །
འབེལ་རྩོམ་རིགས་པའི་འགྲོས་ལ་སྡེབ་པའི་སྲིད་པའི་གླུ་ཆེན་ངག་ལ་བཀུགས་སྟེ། །
དེ་རིང་བདག་གི་ཀི་བསོའི་གླུ་སྒྲས་འཇིག་རྟེན་ཆེན་པོ་འུར་ལ་སྐུར་ངེས། །
སྐྱོ་བ་རླབས་རིས་དགུང་ལ་བརྩེགས་དུས་གླུ་ལེན་ལུགས་སྲོལ་བོད་ལ་མེད་ཀྱང་། །
དགེ་བའི་ཆུ་སྤྲིན་མཁའ་ལ་ལངས་དུས་གྲེ་འགྱུར་དབྱངས་ཀྱི་མཐོ་དམའ་འགྲན་པ། །
སྲིད་པའི་གངས་རྒན་ཆགས་ནས་བཟུང་སྟེ་གདོང་དམར་བོད་ཀྱི་སྲོལ་དུ་ལངས་ཕྱིར། །
དེ་རིང་བདག་གི་གྲེ་འགྱུར་ངག་ལ་སྲིད་པའི་གླུ་ཆེན་ལྷུན་གྱིས་གྲུབ་སོང་། །
ཨེ་མ་ལ་ཧོ་རྟ་མཆོག་འགྲོས་ཀྱིས་དེ་རིང་ཡ་གླིང་ཟིན་ཐོ་གཏོར་སོང་། །
ངོ་མཚར་ཆེ་བ་གཡག་རྒོད་ཞོལ་བོས་དེ་རིང་འབྲུག་བརྒྱའི་ལྡིར་སྒྲ་མནན་སོང་། །
སྨྲ་བསམ་དཀའ་བ་བོད་པའི་འཛུམ་གྱིས་དེ་རིང་གོ་ལའི་མིག་རྒྱ་བསྐྱེད་སོང་། །
ད་ནི་གནམ་ལ་ལན་གསུམ་མཆོང་ཡང་བདག་གི་མགོ་ན་ནམ་མཁའ་མི་འདུག །
ཁྲག་རྩའི་སྦུབས་ཀྱི་ཚོར་བའི་མེ་ལྕེ་དམར་ཆུང་སྙིང་ལ་བསྙབས་ཤིང་མཆེད་སོང་། །
རྐང་ལ་ཉལ་བའི་རིགས་ཀྱི་སྨུག་པ་གློ་བའི་གངས་རིར་རྡེག་ཅིང་ལངས་སོང་། །
ཁྲོམ་ཁྲོམ་འཐོར་བའི་རྔུལ་ཆུ་རེར་ཡང་ཆོལ་གསུམ་གསལ་བའི་རིགས་ཀྱི་བུ་མོ།
ཆང་དཀར་དམ་ཆུང་གང་གི་ཚུལ་གྱིས་དེ་རིང་བདག་གི་རྩ་ལ་སྦྲིད་སོང་། །
གངས་རི་དཀར་པོ་དྲན་ས་མ་རེད་ཁ་བའི་སྲས་མོ་གངས་ཀྱི་རི་རེད། །
འདོ་རིག་རྟ་ཕོ་དགོས་ས་མ་རེད་སྨན་ཤར་བུ་མོས་ས་ཆེན་བཅད་སོང་། །
ཕ་ས་ཕ་ཡུལ་སྨོན་འདུན་མི་འདུག་རིགས་ཀྱི་སྒྲོལ་མ་ཆོལ་ཁ་གསུམ་རེད། །
ཁྲི་ཤོར་རྒྱལ་མོའི་མཚོ་ཞགས་གཅིག་གིས་གླིང་ལྔའི་ཨ་ལོང་གོར་གྱིས་སྦྲེལ་སོང་། །
འབྲི་མོ་འཇོ་བའི་འབྲོག་མོ་ཞིག་གིས་ཡ་གླིང་ལོ་རྒྱུས་བསྐྱར་དུ་བྲིས་སོང་། །
རྒྱལ་ཁབ་མེད་པའི་མི་མོ་ཞིག་གིས་རྒྱ་མོ་ཀུན་པོ་རྡོག་སྒྲིལ་བཏང་སོང་། །
ཁ་བ་ཅན་གྱི་གྷོ་མ་རཱས་ཡས་ལོན་ཌོན་ངོ་མཚར་གླིང་ནས་མངོན་སོང་། །
སྨྲ་བསམ་དཀའ་བའི་རྨི་ལམ་འདི་ཀོ་བདག་གིས་བརྡ་སྤྲོད་གང་གིས་གླེང་དགོས། །
འགྲན་རྩོད་ཧམ་སྲེད་མངོན་དུ་མ་གྱུར་ཞི་བའི་འཛུམ་དཀར་ཞིག་པར་མ་གྱུར། །
བོད་ཀྱི་རིགས་རུས་བརྗེད་པར་མ་གྱུར་ཏང་སྲིད་སྒྲོག་པའི་མགྲིན་པར་མ་གྱུར། །
བོད་ཀྱི་མིང་གིས་ཡང་ཡང་བོས་པ་བརྗེད་མེད་སེམས་ཀྱི་དྲོད་ཐིགས་ཡིན་པས། །
ཁྲི་ཤོར་རྒྱལ་མོའི་རླབས་ཀྱི་ཕྲེང་བས་དེ་རིང་སྡུག་གི་མེ་ལྕེ་གཞིབ་སོང་། །
སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༠༨ ཚེས་ ༡༤ ཉིན།