ཤེད་བུས།
བཀླགས་གྲངས། 1114
ཆོས་དབྱིངས་སྐྱིད། བཀའ་དྲིན་ཆེ། ཁྱེད་རྡོ་བཀད་ནས་སྐྱེས་པའི་གངས་ལྷ་མེ་ཏོག་ཡིན།
ཆོས་དབྱིངས་སྐྱིད། བཀའ་དྲིན་ཆེ། དུས་རབས་ཉེར་གཅིག་པའི་ནང་དུ། རྒྱལ་སྤྱིའི་སྟེང་རྩོད་མེད་ཡོངས་གྲགས་རང་བཞིན་གྱི་བོད་མི་གསུམ་ལས་འགྲོ་ཐུབ་མེད། དེའི་གཅིག་ཁྱོད་ཡིན།
ཆོས་དབྱིངས་སྐྱིད། བཀའ་དྲིན་ཆེ། དུས་རབས་ཉེར་གཅིག་་པའི་དུས་མགོ། སྤྱི་ལོ་ ༢༠༡༢ ལོར་སྤྱི་ལེ་༢༠ ཅན་གྱི་བུད་མེད་འདུར་རྒྱུག་མཁན་གྱི་ཁྲོད། ཨེ་ཤ་ཡའི་ཟིན་ཐོ་འཛིན་མཁན་གྱི་བོད་མོ་གཅིག་འཁྲུངས་པ་རེད། དེའང་ཁྱོད་ཡིན།
ཆོས་དབྱིངས་སྐྱིད། ངོ་མ་བཀའ་དྲིན་ཆེ། སྤྱི་ལོ་༢༠༡༢ ནས་༢༠༢༤ བར་དུ་བསྟུན་མར་ལོ་བཞིའི་རིང་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ལུས་རྩལ་བ་མཁུར་ཚོས་དམར་པོ་ཅན་གཅིག་བྱུང་བ་རེད། དེའང་ཁྱེད་ཡིན། ཁྱེད་ཨོ་རྩལ་ལ་ཞུགས་ཏེ་གསེར་གྱི་རྟགས་མ་བླངས་ནའང་ལོ་བཅུ་གཅིག་རྗེས་ནས་མ་གཏོགས་ཁྱེད་ཀྱི་ལག་པར་འབྱོར་མེད། ལུས་ངལ་སེམས་ངལ་གྱི་རྔུལ་ཆུས་ཕྱི་ནང་བརླན་ནའང་གདོང་ནས་འཛུམ་མདངས་མི་འཆོར་བའི་ཁྱེད་ཀྱིས། མིག་ཆུ་གཏོང་གིན་རྐང་ར་གནང་བ་རེད། ཁྱེད་ལ་ངོ་མ་ཁག་མེད། འདི་ཚང་མ་ཁྱེད་ཀྱི་རྒྱབ་རིར་འགྱིང་བའི་གངས་རི་དེ་དམའ་ཐལ་བས་རེད། གཉོམ་དྲག་པས་རེད། མདོར་ན། ཁྱོད་རྒྱབ་ཆད་དཔུང་རལ་གྱི་སྟག་མོ་ཁེར་རྒྱུག་ཅིག་ཡིན་པས་རེད།
ཆོས་དབྱིངས་སྐྱིད། ཁྱེད་ཨོ་རྩལ་སྟེང་ཐེངས་བཞིར་ཞུགས་པ་མ་ཟད་གསེར་གྱི་རྟགས་མའང་བླངས་མོད། དེ་ལས་ཀྱང་གཟི་བརྗིད་ལྡན་པའི་གསེར་གྱི་ལེའུ་ཞིག་བསྐྲུན་་ཡོད་པ་དེ། ཁྱེད་ཀྱིས་ཤེས་་སམ། ཁྱེད་ལོས་ཤེས། ཁྱེད་ཀྱང་གསེར་གྱི་རྟགས་མ་ལས་ལྡབ་འགྱུར་གྱིས་རང་གི་གཟི་བརྗིད་ཀྱི་ལེའུ་དེར་ཏན་ཏན་བརྩེ་བ་ཆེ་ངེས། དེ་ནི་ད་དུང་ཨོ་རྩལ་འགྲན་ཚོགས་ཀྱི་གཞུང་ཡིག་ནང་གསེར་འོད་ཆེམ་ཆེམ་གྱིས་འཚེར་བའི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་བུད་མེད་ལུས་རྩལ་བའི་ཟིན་ཐོ་བཟུང་བ་དེ་རེད། ཁྱེད་ལོས་ཤེས། ཁྱད་འཕགས་ལུས་རྩལ་བ་ཚོས་ཟིན་ཐོ་ངོམ་པ་ལས་རྟགས་མ་ངོམ་མི་སྲིད་ལ། ཟིན་ཐོ་རྩ་ཆེན་པོར་བརྩི་བ་ལས་རྟགས་མ་རྩ་ཆེན་པོར་བརྩི་མི་སྲིད། དཔེར་ན། སྤྱི་ལོ་ ༢༠༡༢ རྗེས་ནས་ད་ལྟའི་བར་དུ་ཁྱོད་དང་འདྲ་བར་གསེར་གྱི་རྟགས་མ་ལེན་མཁན་མི་གསུམ་བྱུང་ཟིན་མོད། ཁྱེད་དང་འདྲ་བར་ཟིན་ཐོ་བསྐྲུན་མཁན་གཅིག་ཀྱང་མ་བྱུང་། དེ་གསུམ་གས་གསེར་གྱི་རྟགས་མ་བླངས་ནའང་ཁྱེད་ཀྱི་རྐང་འོག་ནས་འགུལ་ཐུབ་ཡོད་པ་རེད། ཟིན་ཐོའི་རིན་ཐང་ཡང་འདི་རེད། ཡིན་ནའང་། ཁྱོད་ཀྱི་རྒྱབ་སྐྱོར་བ་བོད་པ་ཚོའི་ནང་དུ་ཟིན་ཐོའི་རིན་ཐང་རྙེད་མཁན་རེ་ཟུང་ལས་མེད།
ཁྱེད་ཀྱི་ཟིན་ཐོ་དེ་ཆེས་ཉུང་ནའང་ ༢༠༡༢ ནས་༢༠༢༨ དབར་དུ་རེད། ལོ་རྒན་བཅུ་དྲུག་རེད། གཅིག་བྱས་ན་རབ་བྱུང་གཅིག ཡང་ན་དུས་རབས་གཅིག་ལ་གནས་སྲིད། ངོ་མ་བཀའ་དྲིན་ཆེ། ངས་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་རྒྱ་ཉུལ་ཐེངས་རེར། ཡིག་ཆའི་དབུ་ཡིག་ལ་ཁྱེད་ཀྱི་ཟིན་ཐོ་འབུར་གཟུགས་ཀྱིས་བྲིས་པ་མཐོང་ན། ངོ་མ་ང་ལ་རང་བཞིན་གྱིས་སྤོབས་པ་རེ་སྐྱེ་ཡི་འདུག ཁྱེད་ཀྱི་ཟིན་ཐོ་དེར་ཁྱེད་འདང་ལོས་ཆེ། ངའང་ཧ་ཅང་དམར། ཨ་གནམ་རྒན་མ། ད་ལོར་ཡཱང་ཅ་ཡོས་ཁྱེད་ཀྱི་ཟིན་ཐོ་གཏོར་ཨེ་ཡོང་ངམ་བསམས་ནས་སེམས་ལ་ཡང་ཡང་ཙག་ཤད་བརྒྱབས། མོས་གཏོར་མ་ཐུབ་པས། གོ་ལའི་ཟིན་ཐོ་ཉར་མཁན་མ་མོས་ཀྱང་ཁྱེད་ཀྱི་ཟིན་ཐོ་གཏོར་མ་ཐུབ་ན། ད་སུས་གཏོར་ཨང་སྙམ་པ་མ་ཟད། ཁྱེད་ཀྱི་ཟིན་ཐོ་དེས་དུས་རབས་གཅིག་སྐྱེལ་བའི་ཡིད་ཆེས་ཤིག་སྐྱེས། གཅིག་བྱས་ན། མ་འོངས་པར་ཁྱེད་ཀྱི་གཅེས་ཕྲུག་མས་ཨ་མའི་ཟིན་ཐོ་གཏོར་སྲིད་པ་རེད། ཧེ་ཧེ་་ ང་འདང་བརྒྱབ་ནས་འཕུར་སོང་།
ཆོས་དབྱིངས་སྐྱིད། སྙན་ངག་པ་འཇུ་སྐལ་བཟང་གིས། ཁྱེད་ཀྱི་མཐོ་ཚད་ཧི་མ་ལ་ཡ་དང་མཉམ་པོ་རེད་ཅེས་གསུངས་ཡོད་པ་ཁྱེད་ཀྱིས་གོ་མྱོང་ངམ། ཁྱེད་ངོ་མ་འཛམ་གླིང་འཁྱག་རོམ་གྱི་གནས་གསུམ་པ་གངས་རིའི་ཚལ་གྱི་གངས་རི་མཐོ་ཤོས་དེ་རེད།
ཡིན་ནའང་། རྒྱུ་འབྲས་སྨྲ་བའི་བསམ་བློ་བ་ཡིན་ཟེར་མཁན་ཞིག་གིས། ཁྱེད་གྲོག་མ་སྔོན་པོའི་ཆེད་དུ་རྒྱུག་པ་རེད་ཟེར། ང་སེམས་གཏིང་ནས་ཁོང་དགོད་ཅིག་ཤོར་བ་མ་ཟད། ཁ་སྒོ་མེད་ནང་ནས་ཇི་འདྲའི་ཚིག་བདག་མེད་རེ་འཆོར་ཨང་། སྙམ་པ་ལས་དོ་སྣང་བྱེད་འདོད་མ་བྱུང་། འཛམ་གླིང་ཨོ་རྩལ་དྲ་བ་དང་གཞུང་ཡིག་ངོས་སུ་( from family of Tibetan herders) ཞེས་བཀོད་འདུག འཛམ་གླིང་ཨོ་རྩལ་དྲ་བ་དང་གཞུང་ཡིག་ངོས་སུ་བོད་ཀྱི་མིང་བྱང་འབྲི་མཁན་ཐོག་མ་ཁྱེད་རེད། ངོ་མ་བཀའ་དྲིན་ཆེ། རྣམ་རྟོག་གིས་ཚོས་ནས་ཚིག་ལ་ཁད་དག་ལའང་ལན་འདི་ལས་ལྷག་ཅིག་ག་ལ་དགོས། དེ་དག་ལ་ད་དུང་ཁ་སྣོན་ཞིག་བྱས་ན། ཁ་སང་འགྲན་བསྡུར་ཚར་མ་ཐག་ཏུ། ང་ནི་ལོ་བཞིར་ཨོ་ལིམ་པིག་ནང་ཞུགས་ཤིང་། ལོ་བཞིའི་ནང་གི་བོད་པའི་ཚབས་མཚོན་གྱི་བུ་མོ་གཅིག་བུ་དེ་ཡིན། ངས་འདི་འདྲའི་རྒྱུན་རིང་པོ་ཞིག་ལ་འབད་པ་བྱེད་དོན་ནི། བོད་ཀྱི་བྱིས་པ་ཚོར་སེམས་ཤུགས་རྒྱས་ཆེད་ཡིན། ད་ལྟ་བོད་པ་ལུས་རྩལ་པ་མང་པོ་མང་པོ་མཐོང་རྒྱུ་འདུག འདི་ལ་གསེར་གྱི་རྟགས་མ་ལས་ཀྱང་རིན་ཐང་ཆེ་བས་ང་ཧ་ཅང་དགའ་ཀི " ཞེས་གསར་འགོད་པར་བཤད་སོང་། དོན་དངོས་འདི་རེད། ཁྱེད་ཀྱིས་ད་ལྟའི་བར་དུ་བོད་ཀྱི་བྱིས་པ་ཚོའི་ཆེད་དུ་བསམ་བརྗོད་ལས་འདས་པའི་དཀའ་སྡུག་མྱངས་པ་དེ་ད་དུང་གཞན་ཞིག་གི་ཆེས་དུ་རེད་ཅེས་བརྗོད་ན། དེ་ཁ་རྒྱགས་ལ་འགྲོ་ཡང་རྒྱུ་འབྲས་ལ་འགྲོ་མི་སྲིད། བཀའ་དྲིན་ཆེ། ཆོས་དབྱིངས་སྐྱིད། བོད་པ་ཚོས་བཀའ་དྲིན་ཆེ་ཞེས་ལན་གྲངས་བརྒྱ་སྟོང་ལས་བཟླས་ནས་བཀའ་དྲིན་ཆེ་ཡི་དུང་སྒྲུབ་ཆེན་མོ་ཞིག་བཙུགས་ནའང་ཁྱེད་ལ་ཧ་ཅང་འོས་པ་ཡིན་ནོ་ཞེས་བདག་གི་མགྲིན་པ་རྨ་རྒྱལ་གངས་རྩེ་རུ་བསྲིངས་པར་འདོད་དོ། །
ཆོས་དབྱིངས་སྐྱིད། ཁྱེད་ཀྱིས་དོ་སྣང་གནང་ཡོད་མི་སྲིད། སྒྱུ་རྩལ་གྱི་གནས་མཆོག་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་ལྕགས་སྡོང་འགྲམ་ནས་ཁྱོད་འགྲན་བསྡུར་ལ་ཞུགས་དུས། ང་ཡུལ་དངོས་སུ་ཡོད། ངས་རིག་པ་ཞིབ་མོ་དང་མིག་གཟུ་མོས་ཁྱེད་དང་ཁྱེད་ཀྱི་རྒྱུག་རོགས་ཐམས་ཅད་ཀྱི་རྐང་པའི་འདེག་འཇོག་དང་གདོང་གི་རྣམ་འགྱུར་ཚུན་ཆད་ལ་དོ་སྣང་བྱས་པ་ཡིན། ཁ་སང་ཁྱེད་ཀྱི་སེམས་ལྷོད་ལ་བབ་སྟངས་དང་། རྐང་བའི་མྱུར་རྩལ་བཅས་ཀྱིས་ཡིད་དབང་འཕྲོག་ཐལ་སོང་། ངོ་མ་ཡིད་དབང་འཕྲོག་ཐལ་སོང་། ཆེས་དམིགས་བསལ་ནང་གི་དམིགས་བསལ་ཞིག་རེད། Peru རྒྱལ་ཁབ་ཀྱི་འདུར་མ་གྷ་སེ་ཡ་ལི་ཡོང་ཁེམ་བྷེར་༼ GARCIA LEON Kimberly དང་། གངས་རིའི་གཅེས་ཕྲུག་མ་ཁྱེད་གཉིས་ཀྱི་གོམ་འདྲིས་དང་ལྷོད་ཤ་ནི་གཞན་དག་དང་མི་འདྲ་བར་ཆེས་དམིགས་བསལ་དང་ལྷང་ངེར་ཡོད་པ་ཞིག་རེད། དཔེར་ན། འགྲན་སྐོར་ཐ་མའི་སྐབས་སུའང་ཁྱེད་གཉིས་ལ་ཐང་ཆད་པའི་ཉམས་ཅི་ཡང་མེད་པར་གཟུགས་པོ་བདེ་བྱུང་བྱུང་དང་ཡང་སིང་སིང་། ཤུར་ཤུར་བསྐྱོད་སྟངས་དེར་སྐྱི་སེར་རླུང་བུའི་གོམ་འདྲིས་ཟེར་དགོས་སམ། ཚོར་བའི་ངོས་སུ་ཁྲ་ལེམ་མེར་བཀྲ་ནའང་སྨྲ་ལྕེའི་ངག་གིས་མི་ཁྲོལ་པ་ཞིག་རེད། དེ་ལྟར་ཁྱེད་ཀྱིས་ཤེས་རབ་ཅན་རྣམས་ལ་ངོ་མཚར་བའི་ལྟད་མོ་ཞིག་བཞག་སོང་། ཡིད་འཕྲོག་པའི་རྩལ་ཤུགས་ཤིག་ངོམ་སོང་།
རྒྱུག་རའི་ར་སྐོར་གང་སར་བོད་པས་ཁེངས་པས། ཁྱེད་དང་ལྷན་དུ་གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད། ཧྲ་ལ་བྱོས་དང་། ཤུགས་རྒྱོབས་ཅེས་པའི་སྐད་སྒྲའང་མ་འཇགས་པར་ཆུ་ཚོད་གཉིས་བརྒལ་སོང་། བར་ལམ་ཞིག་ནས་ཕྱི་རྒྱལ་བ་ཁ་ཤས་ཀྱིས་ཀྱང་བོད་པ་ཚོའི་ལད་མོ་བྱས་ཏེ། ཆོའུ་ཡང་ཅིས་ཞེས་སྐད་རྒྱག་པ་གོ་བས་རང་དབང་མེད་པར་གད་མོའང་ཤོར་སོང་། ད་དུང་བོད་པ་ཚོའི་ནང་དུ། ཆོས་དབྱིངས་ལགས། ཤུགས་བརྒྱབ་ཟེར་མཁན་ཡང་འདུག ཧེ་ཧེ་ཧེ
བོད་པ་ཚོས་ཁྱེད་ལས་ལུས་རྩལ་མི་ཤེས། དཔེར་ན། ཁྱོད་འགྲན་བསྡུར་ལ་མ་ཞུགས་པའི་སྔ་ཉིན་ཏག་ཏག་ལ་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གསུམ་གྱིས་ཁྱེད་ཀྱི་གནས་ཚུལ་བཀོད་འདུག གཉིས་ཀྱིས་སྤྱི་ལེ་༤༠ རྒྱུག་གིན་འདུག གཅིག་གིས་སྤྱི་ལེ་༤༥ རྒྱུག་གི་འདུག་ཅེས་བཀོད་འདུག རྒྱུག་ཡུན་ཅི་ཡིན་ཙམ་ཡང་མ་བལྟས་པའི་བརྟག་དཔྱད་མེད་པའི་གཏམ་བཤད་དེ་འདྲ་གོ་བས་ངོ་མ་ཡིད་ཆད་འདྲ་ཞིག་སྐྱེས་སོང་། ཁྱེད་ཀྱིས་མཐོང་ཡོད་ན་ཁྱེད་ཀྱང་ཡིད་ཕམ་ངེས། བོད་ཀྱི་གསར་འགོད་པས་གནས་ཚུལ་ལ་འགན་མི་ཁུར་ཚུལ་དེ་འདྲ་ཞིག་རེད།
ད་དུང་དྲ་ལམ་གྱི་ཐམས་ཅད་མཁྱེན་པ་ཚོས་ཀྱང་འདི་ལྟར་འུར་རྒྱོངས་ཀིན་འདུག རྒྱུག་སྐོར་དང་པོར་རྒྱ་རྒན་དེ་ཨང་བཅོ་ལྔར་ཟགས་དུས། རྒྱུག་སྐོར་གཉིས་པར་ཆོས་དབྱིངས་སྐྱིད་བརྒྱུགས་ནས་ཨང་བཞི་པ་བར་ཏུ་བསྐྱལ་སོང་། རྒྱུག་སྐོར་གསུམ་པར་རྒྱ་རྒན་དེ་ཨང་ཉེར་གཉིས་བར་དུ་ཟགས་པ། རྒྱུག་སྐོར་བཞི་པར་ཆོས་དབྱིངས་སྐྱིད་བརྒྱུགས་ནས་ཨང་བཅུ་གཅིག་བར་ཏུ་བསྐྱལ་སོང་། ཞེས་འུར་གྱིན་འདུག བོད་པ་ནང་ཁུལ་ལ་འུར་དེ་འདྲ་འགྲོ་ནའང་དངོས་ཡོད་གནས་ཚུལ་ལ་སུས་ཀྱང་བཟོ་བཅོས་རྒྱག་མི་ཐུབ། མདོར་ན། མགྱོགས་འགྲོས་ཀྱི་འཕར་ཚད་དང་ཨང་རིམ་ནོར་ན། ཨ་མ་དང་མནའ་མ་ནོར་བ་རེད།
དེ་ནི་རྐང་པའི་མགྱོགས་ཚད་ལས་ཨང་རིམ་མ་རེད། ཨང་རིམ་ནི་རྒྱུག་སྐོར་དང་པོར་ཨང་རིམ་བཅོ་ལྔ་བར་དུ་ཟགས་པ། ཁྱེད་རྒྱུག་སྐོར་གཉིས་པར་བརྒྱུགས་ནས་ཨང་རིམ་དགུ་པ་བར་དུ་བསྐྱལ། རྒྱུག་སྐོར་གསུམ་པར་ཨང་རིམ་བཅོ་བརྒྱད་བར་དུ་ཟགས་པ། རྒྱུག་སྐོར་བཞི་པར་ཁྱེད་བརྒྱུགས་ནས་ཨང་རིམ་བཅུ་བཞི་བར་དུ་བསྐྱལ་བ་རེད།
རྐང་བའི་མགྱོགས་ཚད་འཕར་ཚུལ་གྱི་ངོས་ནས་འགྲན་ཞུགས་པ་ལྔ་བཅུ་ཐམ་པ་ལས་ཁྱེད་དང་འདྲ་བར་འཕར་མཁན་གཅིག་ཀྱང་མི་འདུག དེར་བརྟེན། ལྟད་མོ་འདིའི་དོན་གྱི་དབབ་སར་ལྟ་ཤེས་མཁན་རྣམས་ཀྱི་མིག་གི་དགའ་སྟོན་དང་། ཡིད་ཀྱི་དབང་བོ་འཕྲོག་མཁན་ཁྱེད་ཡིན་པ་ལས་བྱ་དགའ་ལེན་མཁན་ཚོ་ཡིན་མི་སྲིད། དཔེར་ན། ཁྱེད་ཀྱིས་འགྲན་སྐོར་རེ་རེ་ལ་རང་གི་རྒྱུག་རོགས་ཀྱི་རྐང་པའི་མགྱོགས་ཚད་ལས་ཨང་བཅུ་སྐོར་བརྒལ་བ་རེ་འཕར་ཡོད། ཁྱེད་ཐེངས་དང་པོར་རྒྱུག་དུས་ཁྱེད་ཀྱི་རྒྱུག་རོགས་ཀྱི་རྐང་པའི་མགྱོགས་ཚད་འགྲན་སྐོར་ཉེར་ལྔའི་ནང་གི་སྐྱོ་ཤོས་་༡༨ ཡིན་ནའང་ཁྱེད་བརྒྱུགས་ནས་རྐང་བའི་མགྱོགས་ཚད་ཡག་ཤོས་ཨང་ ༤ པ་བར་དུ་བསྐྱལ་བ་དང་། ཁྱེད་ཐེངས་གཉིས་པར་རྒྱུག་དུས་ཁྱེད་ཀྱི་རྒྱུག་རོགས་ཀྱི་རྐང་པའི་མགྱོགས་ཚད་འགྲན་སྐོར་ཉེར་ལྔ་ལས་ཨང་ ༢༢ ཡིན་ནའང་། ཁྱེད་བརྒྱུགས་ནས་ཨང་ ༩ བར་དུ་འཕར་ཡོད། དེ་ལྟར། ཁྱེད་རྒྱུག་ཐེངས་དང་པོར་རྐང་པའི་མགྱོགས་ཚད་༡༤ དང་། གཉིས་པར་ ༡༣ འཕར་ཡོད། འཕར་ཚད་འདི་འདྲ་འགྲན་མི་ཕོ་མོ་ལྔ་བཅུ་ཐམ་པ་འགྲན་སྐོར་ཉེར་ལྔར་བགོས་ནས་རྒྱུག་པའི་ཁྲོད་ཁྱོད་གཅིག་བུ་རེད། དེ་ལྟར་ཁྱོད་ནི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་རེད། པད་མ་དམར་པོ་སྟོང་གི་དབུས་སུ་བདབ་བརྒྱ་ལྷུག་པོར་གྲོལ་བའི་པད་མ་དཀར་པོ་དེ་རེད། གནའ་མཁར་ཕ་རེ་ས་ནས་ཁྱེད་ཀྱིས་ས་རྣམ་པ་དྲུག་ཏུ་གཡོས་སོང་། རབ་ཏུ་གཡོས་སོང་། ཀུན་ཏུ་རབ་ཏུ་གཡོས་སོང་། འཛམ་གླིང་གཡོས་བཞག་གི་དཔེ་རུ་འོས་པའི་གངས་རིའི་བུ་མོ། བཀའ་དྲིན་ཆེ།
རྐང་པའི་མགྱོགས་ཚད་འཕར་ཤོས་གཉིས་པ་ནི། ངས་གོང་དུ་བཤད་པའི་Peru རྒྱལ་ཁབ་ཀྱི་བུ་མོ་གྷ་སེ་ཡ་ལི་ཡོང་ཁེམ་བྷེར་ GARCIA LEON Kimberlyརེད། དེས་ཀྱང་དང་པོར་(༡༢ ནས་ ༢) དང་། གཉིས་པར་( ༡༠ ནས་༢)པ་བར་ལས་འཕར་ཐུབ་མི་འདུག དེ་ལྟ་ན། ཐེངས་དང་པོར་༡༠ དང་གཉིས་པར་༨ རེད། གལ་སྲིད། མི་སྒེར་གྱི་རྐང་པའི་མགྱོགས་ཚད་འཕར་ཚུལ་གྱི་ངོས་ནས་ཨང་རིམ་དགར་ན། ཁྱེད་ཨང་དང་པོ་དང་། བུ་མོ་དེ་ཨང་གཉིས་པ་རེད། གཞན་དག་ནི་ཨང་རིམ་གཅིག་གཉིས་རེ་འཕར་བ་ཙམ་རེད།
ཕར་བལྟས་ཙམ་ནས་ཤེས་པ་ནི། ཁྱེད་ཀྱི་གཟུགས་པོར་སྟོབས་རྒྱས་པ་དང་ངར་ཤུགས་ཀྱིས་ཁེངས་པ་དེ་རེད། ཁྱེད་ཀྱིས་ཀྱང་ད་ལོར་མོས་ཨང་རིམ་དང་པོར་བརྩོན་ལེན་བྱེད་རྒྱུ་ཡིན་རབས་བཤད་པ་ཐོས་སོང་། དེ་ལས་ཁྱེད་ལ་གདེང་ཚོད་ཡོད་པ་དང་གཟུགས་པོའི་སྟོབས་ཤུགས་ལེགས་པ་མཚོན་པ་མ་ཟད། རྒྱུག་རོགས་ལའང་ཡིད་ཆེས་ཡོད་པ་མཚོན་ཐུབ་ཀྱི་འདུག ངས་ཁྱེད་ཀྱི་རྒྱུག་རོགས་ཀྱི་ཡིག་ཚགས་སྔོག་དུས་ཁོ་ནི་ཨེ་ཤ་ཡའི་སྤྱི་ལེ་༣༥ འདུར་རྒྱུག་མཁན་མགྱོགས་ཤོས་ཀྱི་ཟིན་ཐོ་འཛིན་མཁན་རེད། དེར་བརྟེན། ངས་ཀྱང་ཨང་རིམ་ཞིག་ལེན་ངེས་སུ་སྙམ་མོད། ཡིན་ནའང་། ཁྱེད་མར་དྲུད་ཚུལ་ཐུ་སོང་། ཁྱེད་ལ་ཁག་མི་འདུག ཕྱོགས་གཅིག་ནས་བསམས་ན། གར་སྟེགས་ཆེ་དྲགས་པ། ཁྱེད་ཀྱི་གཟི་བརྗིད་ཆེ་དྲགས་པ། ཆོས་དབྱིངས་སྐྱིད་ཅེས་པའི་ཀི་སྒྲ་མཚམས་མ་ཆད་པ་བཅས་ཀྱི་དབང་གིས་ཁོའི་དཔའ་ཞུམ། ཉྭ་འདར། ཡིད་འཚབ་ནས་ཆད་པ་ཉོས། རྗེས་སུ་ལུས་པ་ཨེ་ཡིན་ནམ་སྙམ་པའི་བསམ་བློའང་འཁོར་བས། ཁྱེད་ཀྱི་རྒྱུག་རོགས་ལ་སྙིང་རྗེ་སྐྱེས་སོང་།
ཆོས་དབྱིངས་སྐྱིད། ངོ་མ་བཀའ་དྲིན་ཆེ། ཁྱེད་ནི་བོད་པ་ལུས་རྩལ་བ་མཐའ་དག་གི་རེ་བའི་གངས་རི་མཐོན་པོ་དེ་ཡིན། ཁྱེད་ནི་བོད་པ་གཉིད་ལས་སློང་བའི་གཡས་འཁྱིལ་དུང་གི་སྒྲ་དབྱངས་དེ་ཡིན། བོད་ཀྱི་རིག་གཞུང་གི་སྐད་དུ། ཁྱེད་ནི་བོད་པ་ལུས་རྩལ་བའི་ཤིང་རྟའི་སྲོལ་འབྱེད་པ་ཡིན། ཁྱེད་ཀྱི་སྙན་གྲགས་ཀྱིས་གངས་རི་བརྒལ་ཞིང་རྒྱ་མཚོ་གཏུབ་ཏེ། དབྱིན་བཙན་རྒྱལ་ཆེན་མོའི་མཁར་གྱང་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་པ་ནས། བོད་པ་ལུས་རྩལ་བའི་ཤ་མོ་སྐྱེས་སོང་། ཙོང་སྐྱེས་སོང་། མེ་ཏོག་དགོད་སོང་། ས་རྒྱ་ཆོད་ཀྱིན་པའི་བོད་པ་ལུས་རྩལ་བ་མང་པོ་མང་པོ་ཞིག་ཁྱེད་ཀྱི་ཤུགས་རྐྱེན་ལས་རེ་བ་རྙེད། ནར་སོན། གཉོམ་ལག་རྒྱས་ནས་ཡོང་གི་འདུག ངས་རང་ཉིད་ཀྱིས་མཐོང་བའི་དཔེར་མཚོན་ཞིག་བཞག་ན། བོད་པ་ལུས་རྩལ་བ་ཆུང་ཆུང་ཞིག་ལ། ཁྱེད་ཀྱིས་རས་ཀྱིས་བཟོས་པའི་ཆང་དུམ་གྱི་གཟུགས་བརྙན་ཆེན་པོ་ཞིག་བརྔན་པར་སྤྲད་པ་འདུག ཁོས་བཤད་རྒྱུར། ཨ་ཅེས། བོད་པ་ལུས་རྩལ་བ་ཉུང་ཉུང་རེད། ཤུགས་རྒྱོབས། གཟུགས་པོར་གཅེས་སྤྲས་བྱོས། ཆང་འཐུང་མི་ཉན། ཆང་འཐུང་རྒྱུ་དྲན་དུས་ཨ་ཅེའི་ལེགས་སྐྱེས་ལ་ལྟོས་ཞེས། ཨ་ཅེ་ཆོས་དབྱིངས་སྐྱིད་ཀྱིས་ང་ལ་ལེགས་སྐྱེས་འདི་སྤྲད་པ་རེད་ཅེས་བཤད་ཀྱིན་པ་མཐོང་། ང་སེམས་འགུལ་ཐེབས་ནས་སེམས་པ་བརླན་སོང་། ཁྱེད་ནི་ཇི་འདྲའི་ཐབས་མཁས་ཤིག ཁྱེད་ནི་ཇི་འདྲའི་བརྩེ་ཞེན་ཅན་ཞིག གངས་རིའི་བུ་མོ་ཞེས་པ་ཁྱེད་མིན་ནམ་སུ་ཡིན་ཨང་།
ལོ་ཤས་གོང་། བཅར་འདྲི་ཞིག་གི་ནང་དུ། ཁྱེད་ཀྱིས་མོའི་གཟུགས་པོའི་གནས་བབ་སྐྱོ་བ་དང་དཀའ་ངལ་ལྕི་བས་ངལ་གསོ་ན་འདོད་མོད། ངས་ཕྱིར་མིག་རེ་བལྟས་ན། ངའི་རྗེས་ཟིན་ཐུབ་པའི་བོད་པ་འདྲ་མཐོང་རྒྱུ་མེད་པས། ངས་ངལ་གསོས་ན་མི་འགྲིག་གི ངས་ད་དུང་ཧྲ་ལ་བྱེད་དགོས་ཀི་ཞེས་བཤད་པའང་གོ་སོང་། ངོ་མ་བཀའ་དྲིན་ཆེ། ང་ཚོས་ཁྱེད་ཀྱི་སྐད་གྲགས་ལས་དཀའ་ངལ་ལ་རྒྱུས་ལོན་ཐུབ་ཀྱི་མེད། རེ་བ་དང་མིག་རྒྱ་ཤེས་ཀྱི་མེད། རུས་ཞེན་དང་བསམ་བློ་རྟོགས་ཀི་མེད། ཁྱེད་ཀྱི་ཡོད་ཚད་ལ་རྒྱུས་ལོན་ཐུབ་མཁན་ནི་ཁྱེད་ཀྱི་ཕ་མ་དང་སྤུན་མཆེད་ཡིན་ངེས། དེ་ལས་གཞན་ཞིག་ཡོད་ན་བདག་གཞན་གྱི་ཚོར་སྣང་ལ་མྱོང་བ་ཟབ་པའི་སྙན་ངག་པ་དག་ཡིན་ངེས། བོད་ཀྱི་སྙན་ངག་པ་ཆེན་མོ་འཇུ་སྐལ་བཟང་གིས།
སྒལ་གཞུང་ན་བརླན་ནས་བསྐམ་བསྐམས་ནས་བརླན་པའི་རྔུལ་ནག
ལྷུ་ཚིགས་ན་ཁོལ་བའི་ཡལ་ཡལ་ནས་ཁོལ་བའི་རུས་ཟུག
རྐང་མཐིལ་ན་བརྡོལ་ནས་རལ་རལ་ནས་བརྡོལ་བའི་ཆུ་ཐུམ།
ཁ་སྐྱུར་དུ་མ་ཁྱོད་གཅིག་པུས་བཏུང་ཉིན་དེ་ཚོའམ་ང་ཚོ་གང་དུ་ཡོད།
ད་དུང་གོམས་གཤིས་དང་གོམས་གཤིས་ཐོང་ག་ཕྲད་པ་ལས།
ཚིག་འཆུས་བྱུང་ཉིན།
མིག་ཟུར་གྱི་རྣོ་སོར་བྱོལ་བ་ལས་སྐྱི་པགས་བཤུད་ཉིན།
བརྡ་སྤྲོད་ཀྱི་བར་ཆད་ལ་མཆོང་འགོམ་གྱིས་བཟོས་པའི་འདྲེད་ཤུལ།
ཁ་ཆར་འཁྱག་པོས་ཡུན་གྱིན་གསུབ་ཉིན།
རྨ་ཁ་དང་སྐྱི་ཤུ་ཡོད་ཚད་ལ།
གཟབ་ཆུང་ངང་དབུགས་འཇམ་པོས་ཕུ་འདེབས་ཉིན།
ཁྱོད་ཀྱི་ནམ་ཟླ་སྐྱ་མོ་རྟོགས་མཁན་ག་ཙམ་ཡོད། ཅེས་གསུངས་པ་ལྟར་ལོ་ངོ་བཅུ་དྲུག་གི་རིང་ཁྱེད་ཀྱི་ལུས་སེམས་གཉིས་ག་ཙམ་གདུང་ཞིང་ག་ཙམ་བསྔལ་བ་སུས་ཀྱང་ཚོར་མེད་ནའང་གངས་རི་དཀར་པོའི་མཐོ་ཚད་དང་མཉམ་པའི་ཁྱེད་ཀྱི་རྐང་རྗེས་དེ་བསྐལ་བ་སྟོང་གི་གངས་རི་རེད། བཀའ་དྲིན་ཆེ། གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད།
ཁྱེད་ཀྱིས་གོམ་པ་རེ་རེ་བཞིན་ལུས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མོ་རྣལ་མ་ཞིག་གི་གཉུག་གཤིས་ངོམ་ཡོད། ཁྱེད་ཀྱིས་གར་སྟེགས་ཆེས་ཆེ་ས་ནས་བོད་པ་ཞེས་པའི་འཛུམ་གྱི་དར་ཆ་ཕྱར་མྱོང་། སྤོབས་པའི་མགོ་བོ་བཏེགས་མྱོང་། བཀའ་དྲིན་ཆེ། ཆོས་དབྱིངས་སྐྱིད།
ད་ལོར་ང་ཚོས་དམིགས་བསལ་གྱིས་ཁོ་མོར་བསུ་མ་དང་བཀའ་དྲིན་ཞུ་འོས་པར་འདོད། དམིགས་ཡུལ་དང་རེ་བ་ལྡན་པ་དང་བཟོད་བསྲན་ཆེན་པོས་མི་ལོ་གྲངས་མེད་ཅིག་ལ་རྔུལ་ནག་ཆུར་བསྲེས་ནས་བོད་པའི་སྤྱི་ཚོགས་ཁྲོད་ལུས་རྩལ་གྱི་མཁའ་དབུགས་གསར་བ་བསུས་པ་དང་། དེ་ལས་གཞན་གྱི་གོ་སྐབས་གང་ཅི་ཡོད་ལ་སྤྱང་གྲུང་ལྡན་པ་དང་དཔའ་ངར་ལྡན་པའི་སྒོ་ནས་དམ་འཛིན་གནང་བ། ཆོས་དབྱིངས་སྐྱིད་བཀྲ་ཤིས་བདེ་ལེགས་དང་སྐུ་གཟུགས་གསལ་ཐང་གིས་ཕ་ཡུལ་དུ་འབྱོར་བར་ང་ཚོས་སྔར་ལས་ཀྱང་རྒྱ་ཆེ་བའི་བསུ་མ་དང་བསྔགས་བསྟོད་བྱེད་དགོས་པར་འདོད། དེ་ནི་དྲ་དཔོན་གཤོབ་རྐྱ་ཞིག་གི་སྔུན་ལ་སེར་སྦྲེང་བསྒྲིགས་པ་ལས་ལྡབ་བརྒྱ་འགྱུར་སྟོང་འགྱུར་གྱིས་རིན་ཐང་ལྡན་པ་ཞིག་རེད། དེ་ཡིས་མི་རིགས་འདི་བཀའ་དྲིན་བསམ་ཤེས་ཅན་གྱི་མི་རིགས་ཤིག་ཡིན་པར་ངོ་སྤྲད་པ་རེད།
ཆོས་དབྱིངས་སྐྱིད། ཁྱེད་ཀྱིས་འགྲུབ་པ་རྒྱ་ཆེ་ནའང་ཚེགས་པ་དེ་ལས་མང་བས། ངས་ཁྱེད་ལ་བཀའ་དྲིན་ཆེ་ཡི་ཚབ་ཏུ། སྤྱི་ལོ་༢༠༡༢ ལོར་ངས་ཁྱེད་ལ་ཕུལ་བའི་སྙན་ངག་ཅིག་ལས་ཤོ་ལོ་ཀ་གཉིས་ཀྱིས་མཇུག་བསྡུ་རྒྱུ་ཡིན།
ཨེ་མ་ལ་ཧོ་རྟ་མཆོག་འགྲོས་ཀྱིས་དེ་རིང་ཡ་གླིང་ཟིན་ཐོ་གཏོར་སོང་། །
ངོ་མཚར་ཆེ་བ་གཡག་རྒོད་ཞོལ་བོས་དེ་རིང་འབྲུག་བརྒྱའི་ལྡིར་སྒྲ་མནན་སོང་། །
སྨྲ་བསམ་དཀའ་བ་བོད་པའི་འཛུམ་གྱིས་དེ་རིང་གོ་ལའི་མིག་རྒྱ་བསྐྱེད་སོང་། །
ད་ནི་གནམ་ལ་ལན་གསུམ་མཆོང་ཡང་བདག་གི་མགོ་ན་ནམ་མཁའ་མི་འདུག །
ཁྲག་རྩའི་སྦུབས་ཀྱི་ཚོར་བའི་མེ་ལྕེ་དམར་ཆུང་སྙིང་ལ་བསྙབས་ཤིང་མཆེད་སོང་། །
རྐང་ལ་ཉལ་བའི་རིགས་ཀྱི་སྨུག་པ་གློ་བའི་གངས་རིར་རྡེག་ཅིང་ལངས་སོང་། །
ཁྲོམ་ཁྲོམ་འཐོར་བའི་རྔུལ་ཆུ་རེར་ཡང་ཆོལ་གསུམ་གསལ་བའི་རིགས་ཀྱི་བུ་མོ། །
ཆང་དཀར་དམ་ཆུང་གང་གི་ཚུལ་གྱིས་དེ་རིང་བདག་གི་རྩ་ལ་སྦྲིད་སོང་། །
སྤྱི་ལོ་ ༢༠༢༤ ཟླ་ ༠༨ ཚེས་ ༡༠ ཉིན།