Back To Top

སྙན་ངག་བླ་མའི་རྣལ་འབྱོར།

བཀླགས་གྲངས། 1172

ཤེད་བུས།

བོན་རྒྱ་བསྟན་འཛིན་རབ་རྒྱས།


རང་གི་སྤྱི་བོའི་ཐད་དྲང་གི་ནམ་མཁའ་གཡའ་དག་པའི་དབུས་སུ། །
གཡག་རོག་ཞོལ་བོ་བཅུ་གསུམ་གྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། །
རྒྱལ་མཆོག་ཡིད་བཞིན་ནོར་བུ་མཚན་དཔེ་གསལ་རྫོགས་ཀྱི་ལང་ཚོ་ཅན།  །
སྤྱན་ཤེལ་འོད་ཆེམ་མེར་ཞམ་རས་འཛུམ་གྱིག་གེར་བདག་ལ་གཟིགས་པ།  །

གཡས་གཡོན་གཉིས་སུ་བདག་ལ་དམ་པའི་ཆོས་ཀྱི་སྐྱེས་ཆེན་གནང་བའི། །
བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྣམས་ཞལ་འཛུམ་གྱིག་གེར་བཞུགས་པ།  །
ནམ་མཁའི་དབུས་སུ་སྟོན་མཆོག་ཤཱཀྱ་སེང་གེ་དང་རྗེ་རིན་པོ་ཆེ། །
རིག་པའི་དབང་ཕྱུག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་བཞུགས་པར་བསམ། །

སངས་རྒྱས་གྲངས་མེད་བྱོན་ཡང་མ་ཐུལ་བའི་དམུ་རྒོད་བདག་གིས་ཀྱང་། །
སྐྱེ་བ་ཐོགས་མེད་ནས་ད་ལྟའི་བར་དུ་བདག་གཅིག་བུ་བསམས་ནས། །
ང་དང་ང་ཡིར་འཛིན་པའི་ལོག་རྟོག་གི་བྲན་དུ་གྱུར་ཚུལ་ནི། །
རིགས་པའི་རྣམ་གྲངས་མཐའ་ཡས་པས་གཏན་ལ་ཕབ་ཅིང་ཐག་ཆོད་པ།  །

སྐྱེ་བ་ཕྲེང་བརྒྱུད་དུ་བདག་ལ་མནར་གཅོད་དང་བྲན་དུ་བཀོལ་མཁན། །
མ་རིག་པའི་རྫུན་རྐུབ་ཡོངས་སུ་བརྡོལ་བའི་ཚུལ་ལེགས་པར་བསམ་ཏེ། །
དམུན་པོ་བདག་དང་འདྲ་བར་མཐའ་མེད་པའི་སེམས་ཅན་ཐམས་ཅད་ལ་ཡང་།  །
མ་རིག་པས་བྲན་དུ་བཀོལ་གཉན་ནས་གནོན་པའི་ཚུལ་ཡང་ཡང་བསམ་མོ། །

བདག་ལ་བརྩེ་ཞེན་གྱིས་རྒས་ཤིང་མནར་ཏེ་མྱ་ངན་ལས་འདས་པའི། །
ཕ་དྲིན་པོ་ཆེ་དང་མ་དྲིན་མོ་ཆེ་གཉིས་གཡས་གཡོན་དུ་བཞུགས། །
ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་མཐའ་ནས་བསྐོར། །
དཀྱིལ་མོ་དྲུང་གིས་ལག་ཟུང་ཐལ་སྦྱར་གྱིས་གསོལ་བ་འདེབས་པ་འོ། །

བླ་མའི་སྤྱི་བོར་ཨོཾ་མགྲིན་པར་ཨ་ཐུགས་ཀར་ཧུཾ་གིས་མཚན་ཞིང་། །
སྐུ་ལུས་ཀྱི་ཆ་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། །
ཆོས་འབྲེལ་དངོས་སུ་ཐོབ་པ་དང་བསྟན་པ་ལ་དངོས་སུ་མཇལ་བའི། །
སེམས་དཔའ་ཆེན་པོ་རྣམས་བླ་མའི་ཐུགས་ཀར་ཐིམ་པའི་མོས་པ་བྱས། །

ངོ་བོ་རྒྱལ་མཆོག་ཡིད་བཞིན་ནོར་བུ་ཡིན་པ་ལ་སྐུའི་རྣམ་པ། །
འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐུ་མདོག་འབྲི་འོ་དཀར་པོའི་མདངས་ཅན། །
ནམ་མཁའི་འཇའ་ཚོན་ལྟ་བུའི་འོད་ཟེར་གྱི་ཕུང་བོ་རུ་གྱུར་ཏེ། །
རང་གི་སྤྱི་བོ་ནས་སྙིང་ག་གངས་རི་དཀར་པོའི་ལྗོངས་སུ་ཕེབས། །

རང་གི་སྙིང་ཆུང་གངས་དཀར་ཤེལ་གྱི་རི་བོ་བརྒྱ་སྟོང་དུ་གས། །
པད་མ་དཀར་པོ་འདབ་མ་སྟོང་ལྡན་ཞིག་གི་ཚུལ་དུ་གྲུབ་ཅིང་། །
ཕོ་བྲང་ཆེན་པོ་པོ་ཏཱ་ལ་གསེར་ཏོག་དང་གཡེར་དྲིལ་སིང་སིང་། །
སྙིང་དབུས་སུ་བརྗིད་ཅིང་བདག་སྙིང་ཁ་བ་གངས་ཅན་པར་གྱུར་རོ། །

ཡུལ་དབུས་ཉི་མ་ལྷ་སར་སེང་གེ་ཁ་སྤྲོད་ཀྱི་རྒྱལ་དར་དང་། །
ཆོས་དར་དང་གདུགས་དང་རྒྱལ་མཚན་མཐའ་ཡས་པ་རྣམ་པར་བཤམས་པ། །
སེ་འབྲས་དགའ་གསུམ་་གྱི་རིགས་པ་སྨྲ་བ་རྣམས་་དྷཱི་སྐད་ལྷང་ལྷང་། །
ཆོས་འཆད་ཀྱི་སྒྲ་ཆེན་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟར་ལྡིར། །

དགེ་ལྡན་ཁྲི་གདན་ཟུར་རྣམས་ཆོས་གོས་གསེར་འོད་ལྷམ་མེར་ཕྲེང་བསྒྲིགས། །
གོས་དཀར་ལྕང་ལོ་ཅན་གྱི་སྡེ་སོགས་རིས་མེད་ཆོས་བརྒྱུད་ཐམས་ཅད། །
གཡུང་དྲུང་བོན་དང་བཅས་པ་དུས་གཅིག་ཏུ་སེར་སྦྲེང་ལ་བསྟར་ཞིང་། །
གདུག་སྤོས་དང་མཆོད་པའི་རོལ་མོ་བསམ་གྱིས་མི་ཁྱབ་པའི་བསུས་ཏེ། །

རྒྱལ་མཆོག་ཡིད་བཞིན་ནོར་བུ་སྐུ་ན་གཞོན་ཞིང་ལང་ཚོ་དར་བ། །
ཕྱག་ཡས་པས་འཚམས་འདྲིའི་བརྡ་དང་བཅས་ཅུང་ཟད་མཆོང་རྒྱུག་གིས་ཕེབས། །
ཞོལ་གཡག་རོག་པོ་བཅུ་གསུམ་གྱིས་བཏེགས་པའི་གསེར་གྱི་ཁྲིར་ཕེབས་ཏེ། །
གང་གི་ཐུགས་བརྩེ་ཉེར་བཟུང་ནས་ཞེས་ཆོས་འཆད་ཀྱི་དབུ་ཚུགས་སོ། །

ཧི་མ་ལའི་རི་རྒྱུད་དང་བཅས་པའི་བོད་རིགས་ཡོད་དོ་ཅོག་འཛོམས། །
སྨྲ་ར་དཀར་པོ་ཅན་དང་སྐྲ་སེར་བོ་ཅན་སོགས་ཐམས་ཅད་འཛོམས། །
ཐམས་ཅད་ཀྱང་སྐྱེ་བ་ཐོགས་མེད་ནས་མ་རིག་པའི་དབང་དུ་གྱུར། །
ད་དུང་ཕན་ཚུན་ངོ་མ་ཤེས་པར་དགྲ་གཉེན་གྱི་རྣམ་གཞག་དགར། །

རྒྱལ་ཁབ་དང་མི་རིགས་ཀྱི་རྣམ་དབྱེ་དགར་ཆོས་ལུགས་དང་གྲུབ་མཐའ། །
བཙན་གཉོམ་དང་དབུལ་ཕྱུག་སོགས་རིས་གཅོད་ཀྱི་འདུ་ཤེས་ཡོངས་སུ་དོར། །
ཕན་ཚུན་ལ་སྡུག་པའི་བུ་དང་འཕྲད་པའི་ཚོར་སྣང་གིས་བཟི་སྟེ། །
ཕན་ཚུན་ལ་རབ་ཏུ་ཀུན་ཏུ་བྱམས་པའི་བརྩེ་བ་ཆེན་པོ་སྐྱེས། །

ཀུན་རྫོབ་དེ་ཉིད་གཤོག་ཡངའ་དཀར་པོ་རྒྱས་འགྱུར་བ་ཞེས་པ་ནས། །
བླ་མའི་གསུང་སྐད་ཇེ་མཐོ་དང་ཐུགས་རིག་ལ་གྲུམ་ཤ་རྒྱས་ཤིང་། །
རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ་ཞེས་གསུངས་པས། །
མར་གྱུར་སེམས་ཅན་ཐམས་ཅད་དུས་གཅིག་ལ་སངས་རྒྱས་པའི་སར་གཤེགས་སོ། །

བླ་མ་དང་རང་སེམས་སྤྱན་རས་གཟིགས་དབྱེར་མི་ཕྱེད་པའི་ངང་དུ། །
པད་མར་གསལ་བའི་སྙིང་ཁ་འུབ་འདུས་པར་ཐུགས་རྗེ་ཆེན་པོའི་གཟུངས།  །
མ་ཎི་ཡིག་དྲུག་གི་སྔགས་ཀྱིས་ཀུན་ཏུ་རབ་ཏུ་བསྐོར་བར་བསམས། །
སྐྱེ་བ་ཀུན་ཏུ་བླ་མ་དང་མི་འབྲལ་བའི་སྨོན་ལམ་འདེབས་སོ། །

བླ་མ་དང་མི་འབྲལ་བར་ཐེག་མཆོག་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
ས་དང་ལམ་གྱི་གོ་འཕང་རིམ་པར་བགྲོད་དེ་ཚོགས་གཉིས་མཐར་ཕྱིན།  །
ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ལ་བླང་དོར་གྱི་མིག་འབྱེད། །
ཤེས་རབ་ཀྱི་སྣང་བ་སྦྱིན་པའི་སྐལ་བ་ཅན་དུ་གྱུར་བར་བསམས། །

སྤྱི་ལོ་ ༢༠༢༤ ཟླ་ ༠༨ པའི་ཚེས་ ༥ ཉིན།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།