Back To Top

དམངས་མགུར་སྡིགས་གཅོད་ཤན་པ་དམེ་རུ།

ཤེད་བུས།

བཀླགས་གྲངས། 941

རྒྱལ་བ་ཐུགས་རྗེ་ཅན་གྱིས།  །
ཡང་ཡང་ཕྱག་གིས་བསྐྱོར་བའི། །
བོད་གཞུང་གསེར་གྱི་ཕོར་བ། །
བསོད་ཟད་འགའ་ཡིས་བཅག་སོང་།  །

རྡ་སའི་རི་བོའི་སྐེད་ནས། །
འཐུས་མིས་སྤྱི་དོན་བཤད་ཀི །
སྤྱི་དོན་བཤད་ནི་མ་རེད།  །
སྒེར་དོན་ན་ནི་རེད་ཡ།  

གྲོགས་ཚོགས་ཡར་འཚོགས་མར་འཚོགས། །
འཚོག་དང་མ་འཚོག་མི་འདུག །
ཁྲིམས་དཔོན་མར་འགྲོ་ཞིག་གིས། །
ཐམ་ཀ་དམར་པོ་བརྒྱབ་ཡོད། །

དམ་བཅའ་ཡར་འཇོག་མར་འཇོག །
བཞག་དང་མ་བཞག་མི་འདུག །
ཁྲིམས་དཔོན་ཡར་འགྲོ་ཞིག་གིས། །
ཡང་ཡང་ཐར་སེ་བཏང་ཡོད།  །

གྲོས་ར་གོར་སེ་འཚོགས་དུས། །
ཁ་ཕོ་འཐེན་གི་སྔོན་མ། །
ངོ་རྒོལ་འུར་སེ་ལངས་དུས། །
ཁ་ངོ་འགེབ་གི་སྔ་བ། །

྄ཨ་ཅག་ཆོས་བརྒྱུད་སྤྱི་འཐུས། །
དཀོར་གྱིས་རྒྱགས་ནི་རྒྱགས་པ།  །
སྐད་མགོ་མཐོ་ནི་མཐོ་བ། །
སུས་ཀྱང་འགྲན་ཟླ་མེད་དོ། །

ཁ་ནས་དཔའ་སྐད་འཐེན་ན། །
ཨ་རོགས་ཁམས་པའི་ཡན་རེད། །
ཕྱིར་ལྟོས་མེད་པར་བྲོས་ན། །
ཨ་ཅེ་ཝ་མོའི་མགྱོགས་རེད། །

ཨ་ཅག་རྒྱགས་པའི་མཆིལ་མདའ། །
ཨ་ཀྲུག་རྒྱགས་པར་ཕོག་པས། །
ཨེན་ཙམ་ཨེན་ཙམ་མིན་ན། །
དམར་ཆུང་སྲོག་ཀྱང་ཤོར་སོང་། །

སྨོན་ལམ་ལོག་དང་མ་ལོག །
མིག་ཤེལ་ནག་པོས་མཚོན་ཡོད། །
བློ་ཁོག་ཆེ་དང་མི་ཆེ། །
པང་གདན་བརྡབ་ན་འདར་ཡོང་། །

གཞི་རིམ་མི་མང་རྣམ་པ། །
ཚོགས་ཁང་སྒོ་ལ་ཐོན་དུས། །
ཆོས་བརྒྱུད་སྤྱི་འཐུས་རྣམ་པ།  །
སྒེའུ་ཁུང་བརྒྱུད་ནས་བྲོས་སོང། །

མཆིལ་མ་ས་ལ་གཡུགས་པས། །
ས་གས་རྡོ་གས་མ་བྱུང་། །
ས་འཐུས་རྡོ་འཐུས་རྣམ་པ། །
ཐལ་བའི་རྡུལ་དུ་བརླག་སོང་། །

པང་གདན་འཇའ་དྲུག་མདངས་ལྡན། །
ཚིགས་དྲུག་མདའ་མོའི་ཡན་རེད། །
ཡར་བརྡབ་མར་བརྡབས་གཅིག་གིས། །
ལ་བདའ་ལུང་བདའ་བྱས་སོང་། །
སྤྱི་ལོ་ ༢༠༢༤ ཟླ་ ༠༩ ཚེས་ ༡༥ ཉིན།

2024-09-18 ཇག་ལྷ

2024-09-18 གསལ་ལེ་རྒྱལ།
སྐྱིད་པོ་བྲིས་འདུག ངས་ཀྱང་ཚིག་འགའ་སྣོན་་གི་ཡིན། 
2024-09-17 ཟླ་བ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།