ཤེད་བུས།
བཀླགས་གྲངས། 1070
ལྔ་པ། མཇུག་ལ་བརྫངས་པ།
བོད་ཆོས་ལྡན་གྱི་ཞིང་ཁམས་འདི་ད་ལྟའི་བར་དུ་བླ་དཔོན་གྱིས་དབང་བསྒྱུར་ནས་ཡོང་མོད། དེང་སྐབས་དྲ་དཔོན་གྱིས་དབང་བསྒྱུར་བྱས་ཡོད། དྲ་དཔོན་ཚོ་གང་དུ་ཕེབས་ན་ཁ་བཏགས་བཟུང་ནས་པང་བསྒྲིགས་ཏེ་བསུ་མ་བྱེད་ཀྱིན་ཡོད། ནད་པ་ཉམ་ཐག་ཅིག དབང་བོ་སྐྱོན་ཅན་ཞིག ཚོང་ཁང་གསར་བ་ཞིག གཉེན་སྟོན་མཛད་སྒོ་སོགས་བཟང་ངན་ཡོད་ཚད་ལ་དྲ་དཔོན་རེ་བསུ་བར་འབད་པ་བྱེད་ཀྱིན་ཡོད། འདི་ནི་རྒྱ་ནག་གི་གནམ་འོག་དེ་ཏང་དང་དྲ་དཔོན་གྱི་གནམ་འོག་ཡིན་པའི་དཔང་རྟགས་ཤིག་རེད། མི་འདྲ ས་ཞིག་ཡོད་པ་ནི། ཏང་གི་དབང་བསྒྱུར་ལ་བོད་མི་རིགས་ཀྱི་མངོན་འདོད་མེད་པ་མ་ཟད། ཤ་འཁོན་དང་ཞེ་སྡང་ཡོད་མོད། དྲ་དཔོན་གྱི་དབང་བསྒྱུར་ལ་བོད་མི་རིགས་ཀྱི་དགའ་བསུ་དང་མངོན་འདོད་ཀྱིས་ཁེངས་ཡོད། ད་ནི་ཅི་ཞིག་བྱ་ཨང་། ཅི་ཞིག་བྱ་ཨང་།
བྱ་རྒྱུ་ཅི་ཡང་མེད། རྒྱ་ནད་དང་པོར་ཡོང་དུས་འུ་ཚོས་ལས་མཚམས་བཞག ཁ་ཐུམ་བརྒྱབ་ནས་བཀག་པ་རེད། ཐ་མར་འགོག་མ་ཐུབ་པར་ནད་དུག་དང་མཉམ་དུ་འཚོ་བ་རོལ་བའི་སྲིད་བྱུས་བཟུང་བ་རེད། དེ་བཞིན་ཐད་གཏོང་དང་མཉམ་དུ། ཡང་ན་དྲ་དཔོན་དང་མཉམ་དུ་འཚོ་བ་རོལ་བའི་ཕྱོགས་ལ་བསམ་བློ་གཏོང་དགོས་ཀྱི་འདུག
དྲ་དཔོན་ཞེས་པ་ནི། ཐད་གཏོང་བདག་པོ་ཡིན། ཁོའི་འགན་འཁྲི་ལྡོག་ཏུ་མེད་པ་ནི། རང་ཉིད་ཀྱི་ཐད་གཏོང་ནང་དུ་མྱི་ཚོགས་བསྡུ་བ་དེ་རེད། དེང་སྐབས་བོད་ནང་དུ། མྱི་ཚོགས་བསྡུ་བའི་ཐབས་ལམ་ཆེ་བ་གསུམ་འདུག གཅིག རྒྱུ་ཅན་ཚོས་འགྲན་བསྡུར་སྤེལ་ཏེ། ལུག་འགྲན། གཡག་འགྲན། ཡག་འགྲན། གཏམ་འགྲན། གླུ་འགྲན་སོགས་འགྲན་བསྡུར་བསྡུས་མཉམ་དུ་ཚོང་རྒྱག་པ་དེ་རེད།
གཉིས་པ་ནི། སྙིང་རྗེ་བཙོང་བ་དེ་རེད། རླབས་ཆེ་བའི་རོགས་སྐྱོར་བྱེད་པ། བརྩེ་དུང་གི་ཕམ་ཁ་བྱུང་བ། བཙན་གཉོམ་གྱི་ཕམ་ཁ་བྱུང་བ། ལས་དབང་གི་ཕམ་ཁ་བྱུང་བ་ལྟ་བུ་འཁྲབ་བཤད་ངུ་གསུམ་གྱིས་མི་ཚོགས་བསྡུ་གིན་ཡོད།
གསུམ་པ་ནི། རང་ལུས་ལ་མནར་གཅོད་གཏོང་བ་དེ་རེད། ཁ་དང་རྐུབ་ལ་ཚ་སྒོག་ཡེར་གསུམ་དང་ཁ་ཚ་སོགས་བྱུགས་པ། ཟ་བ། ཆུ་ལ་སྦང་བ། ཙག་ལ་གཞུས་པ། འདོམ་གྱི་སྤུ་བཏོག་པ་སོགས་རང་ཉིད་ལ་མནར་གཅོད་བཏང་ནས་མི་ཚོགས་བསྡུ་གིན་ཡོད།
ཕྱི་མ་འདི་དག་ནི་དྲ་དཔོན་ཁ་ལས་མི་དགེ་མཁན་དག་ཡིན། འདི་ཚོ་ལ་ངོ་ཚ་མེད་པ། མི་རིགས་ལ་ཞབས་འདྲེན་བྱེད་པ། བཟང་སྤྱོད་དོར་བ་སོགས་ཀྱི་སྐྱོན་འདོགས་སྣ་ཚོགས་ཀྱིས་། དེ་དག་ལ་ཕ་མ་སྤུན་མཆེད་ཅིག་མེད་དམ་ཞེས་ཧ་ལས་མདོག་བྱེད་ཀྱིན་ཡོད། ཡིན་ནའང་། དེའི་རིགས་མང་ཆེ་བ། བཟའ་འཐོར་བྱས་པ། རྗེས་ན་བུ་ཕྲུག་དང་ཕ་མ་རྒས་ཀོག་ཅན། གཞན་དང་རེ་ས་བསྟེན་ས་མེད་པར་ཐབས་ཟད་དེ། དྲ་ལམ་ལ་བུད་མཁན་ཞེ་གཅིག་ཡིན་པས། ངེད་ཚོས་དཀའ་དུས་ཁེགས་དུས། ལུས་ལ་ལྭ་བ་མ་རག། ཁ་ལ་ཟས་མ་རག་པར་རྒྱུ་མ་བྲང་ལ་འབྱར་དུས། ཕ་མ་སྤུན་མཆེད་མེད། མི་རིགས་མེད། ངེད་ཚོས་ཁ་སོས་ནམ་ལངས་དུས་ཕ་མ་སྤུན་མཆེད་ཅིག་དགོས་དོན་མེད་ཅེས་བཤད་ཀྱིན་ཡོད།
ངོས་གང་ནས་བལྟས་ནའང་། བོད་ཀྱི་གནམ་གཤིས་ཧ་ཅང་གནག་པས་ཆར་འབབ་དཀའ་རྒྱུ་རེད།
སྤྱི་ལོ་ ༢༠༢༤ ། ༡༠ ། ༡༥ ཉིན།