Back To Top

དེ་རིང་གསུམ་བཅུའི་དུས་དྲན་ལ་སོང་ནས་སེམས་སྐྱོ་སྐྱོ་བྱུང་།

ཤེད་བུས།

བཀླགས་གྲངས། 859

སྤྱིར་ཧྥ་རན་སིར་བོད་དོན་ལས་འགུལ་སོགས་ཀྱི་སྐབས་མི་མང་པོ་འདུས་མོད། དེ་རིང་དེ་ཙམ་འདུས་མེད་པའི་སྣང་བ་བྱུང་། ཡིན་ནའང་། པང་བསྒྲིགས་ནས་འགྲོ་དུས་མང་སྣང་འདྲ་ཞིག་སྟེར་མོད་དོན་ལ་མི་ལྔ་བརྒྱ་ཡོད་མེད་ཙམ་རེད་སྙམ། དེ་ནས་ངོ་དེབ་ཉུལ་བ་ཡིན། གསུམ་དུས་ཉིན་ནི་ངོ་དེབ་བོད་ཀྱི་རྒྱལ་དར་གྱིས་བཀད་ལ་ཁད་བྱེད་མོད། ད་ལོ་ངོ་དེབ་ནང་དུའང་་གསུམ་དུས་སྐོར་བཙལ་དགོས་པའི་ཚོད་རེད། ངོ་མ་སེམས་སྐྱོ་སྐྱོ་འདྲ་བྱུང་།

དེ་ནས་བཀའ་སྤྱི་གཉིས་ཀྱི་གསུམ་དུས་གསུང་འཕྲིན་གཉིས་ཀ་ཞིབ་ཏུ་བཀླགས་པ་ཡིན།

བཀའ་ཤག་གི་གསུང་བཤད་ལ་ལྟ་དུས། "མི་ལོ་ ༦༦ གོང་གི་དེ་རིང་། བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་ཚོས། བོད་འབྱོར་རྒྱ་དམག་གི་རྩུབ་སྤྱོད་ལ་བཟོད་པའི་མཐའ་ཟད་དེ། " ཞེས་མགོ་བཙུགས་འདུག ཨོ་ཙི་ཞིབ་ཆ་ཆེ་བ་ལ་སྙམ། ན་ནིང་རྒྱ་དམར་རྒྱ་དམག་ལ་འགྱུར་སོང་། ད་ལོ་བོད་འབྱོར་རྒྱ་དམག་ལ་འགྱུར་འདུག འདི་ལྟར་སོང་ན་ལོ་རྗེས་མར་ལྷ་སར་བཅའ་སྡོད་རྒྱ་དམག་དང་། ནམ་ཞིག་རྒྱལ་ས་ལྷ་སར་མི་མང་གི་ནང་ལ་མེ་མདའ་བསྐོར་མཁན་གྱི་རྒྱ་དམག་ག་གེ་མོ་ཞེས་ཀྱང་འབྲི་སྲིད་སྙམ་ནས་སེམས་སྐྱོ་སྐྱོ་འདྲ་བྱུང་། 

དགྲ་བོའི་བཏགས་དོན་བཙལ་ནས་སོང་ན་དགྲ་བོའང་རང་ངོས་ནས་མ་གྲུབ་པ་མཁྱེན་པར་མཛོད། རྒྱལ་བའི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན་རྣམས་སུ་དུས་དྲན་འདིའི་བྱུང་རབས་གླེང་སྐབས་རྒྱ་དམར་ལ་ངོ་རྒོལ་བྱས་པ་ཞིག་ལས་བཏགས་དོན་བཙལ་ནས་གསུང་མྱོང་མེད། སྤྱི་ལོ་ ༢༠༡༠ ལོའི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན་གྱི་དབུར་ "དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་བོད་མིས་ཞི་རྒོལ་བྱས་ནས་མི་ལོ་ལྔ་བཅུ་ང་གཅིག་འཁོར་བ་དང༌།" ཞེས་དང་། སྤྱི་ལོ་ ༢༠༡༡ ལོའི་གསུང་འཕྲིན་གྱི་དབུར་ "ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་བོད་མི་མང་གིས་ཞི་རྒོལ་བྱས་ནས་ལོ་ལྔ་བཅུ་ང་གཉིས་འཁོར་བ་དང༌།'' ཞེས་དབུ་འཛུགས་གནང་ཡོད། འདི་ནི་སྲིད་བྱུས་འགྱུར་ནའང་ལོ་རྒྱུས་ལ་བརྩི་བཀུར་དང་དངོས་བྱུང་ལ་ངོས་འཛིན་གསལ་བོ་བྱས་པ་ཞིག་མ་རེད་དམ། 

བཀའ་ཤག་གི་གསུང་འཕྲིན་དེ་དེ་འདྲའི་ཚིག་ལ་ཞིབ་ཆ་ཅན་ཞིག་ཀྱང་མ་ཡིན་ཏེ། "བོད་མིའི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་དང་དེའི་རྗེས་སུ་སྙེག་མཁན་བོད་མི་ཁྲི་བརྒྱད་ཙམ་བཙན་བྱོལ་དུ་གྱར་ནས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་མུན་ནག་དང་། གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་ཤིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད་པས། དུས་དྲན་མཛད་སྒོ་འདི་བརྒྱུད་ནས་ལུས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བསྔོ་སྨོན་དང༌། རྒྱ་གཞུང་གི་བཙན་གནོན་མནར་གཅོད་ལའང་གཉའ་མི་ཞུམ་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།" ཅེས་བྲིས་འདུག ཚིག་འདིར་ཞིབ་ཀྱིས་བལྟས་ན། ཞིབ་ཆ་མ་ཐོན་པར་མུན་ནག་དང་གཉན་འཕྲང་ཆེ་ཤོས་ལ་གདོང་ལེན་མཁན་དགའ་ལྡན་ཕོ་བྲང་དང་བཙན་བྱོལ་བ་ཁྲི་བརྒྱད་ཙམ་གྱི་སྟེང་བབ་འདུག ངས་བལྟས་ན། འདི་ཚིག་གིས་ཞིབ་ཆ་མ་ཐོན་པ་རེད།

གསུམ་དུས་གསུང་འཕྲིན་ནི། ཞིབ་ཆ་ལྡན་པ། རྣོ་ངར་ཆེ་བ། གནད་འདུས་པའི་ཆབ་་སྲིད་ཀྱི་བསྒྲགས་གཏམ་ཞིག་ཡིན་འོས་མོད། ཆབ་སྲིད་དང་འབྲེལ་བའི་དོན་ཆེན་ཁག་དང་རྒྱ་ནག་གི་གདུག་རྩུབ་གསར་བའི་བྱུང་རབས་ཀྱི་གནད་ལ་འཇུས་པ་མ་ཚོར། སྐེ་རྩ་བསྒག་པའང་མ་མཐོང་། ད་དུང་ " བོད་མི་ཚོས། རང་ཡུལ་བཙན་འཕྲོག་གིས་སྤུན་ཟླ་ས་ཡ་གཅིག་དང་འབུམ་གཉིས་ལྷག་དུས་མིན་རྐྱེན་ལམ་དུ་གཏོང་མཁན་གྱི་རྒྱ་གུང་ཁྲན་གཞུང་ལ་ཁོང་ཁྲོའི་དགྲ་འཁོན་མ་བཟུང་བར། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག །ཁོར་ཡུག་བཅས་རང་དབང་ངང་གཅེས་སྐྱོང་སྲུང་སྐྱོབ་ཡོང་བར་དམིགས་ཏེ།" ཞེས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་རྒྱུ་རྐྱེན་གླེང་འདུག ཆོས་རིག སྐད་ཡིག ཁོར་ཡུག་བཅས་པར་དམིགས་པ་ལོས་བདེན་ཏེ། བོད་མི་ཚོ་དགྲ་བོ་ལ་འཁོན་འཛིན་མེད་ན་ཕལ་ཆེར་འཐབ་རྩོད་ཀྱང་ཚར་སོང་བ་རེད་སྙམ། འཁོན་འཛིན་ལ་ཁོང་ཁྲོའི་དགྲ་འཁོན་ཡིན་པས་ཁྱབ་པ་སེམས་ཐག་གོར་མོ་རྡོ་ཡིན་པས། ཚིག་ལྷག་སྤྲད་དང་མ་སྤྲད་མི་འདུག ཞིབ་ཆ་ཅི་ཡང་མི་འདུག་ཅེས་ཞུ་བར་འདོད་དོ། །

ད་རེའི་གསུང་འཕྲིན་གྱི་མཐའ་རྒྱན་ལྟ་བུར་རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་བ་བརྗོད་གཞིའི་གཙོ་གནད་ལ་བཟུང་འདུག ན་ནིང་གི་འཁྲུངས་སྐར་གསུང་བཤད་སྐབས་ཐུགས་བསྐྱེད་དམ་བཅའ་དང་པོ། མང་གཙོའི་དུས་དྲན་སྐབས་གཉིས་པ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་སྐབས་གསུམ་པ། ད་ལོའི་གསུམ་བཅུའི་དུས་དྲན་སྐབས་བཞི་བ་རྩལ་འདོན་གནང་བ་ཞིག་ཡིན་པ་ཤེས་ཡོད་ལ། དེའང་ཧ་ཅང་གལ་ཆེ་མོད། ཐུགས་བསྐྱེད་བཞི་བ་འདི་འོས་བབ་ཀྱི་ཆ་ནས་རྒྱལ་བའི་འཁྲུངས་སྐར་གྱི་གསུང་བཤད་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་གསུང་བཤད་སོགས་ལ་འོས་བབ་ཆེ་བ་ལས་གསུམ་དུས་གསུང་འཕྲིན་ལ་དེ་ཙམ་འབྲེལ་ཆགས་ཤིག་མ་རེད། དེ་ལས་ཐུགས་བསྐྱེད་དམ་བཅའ་གསུམ་པ་བསྐྱར་ནན་གྱིས་གསུང་འཕྲིན་གྱི་བརྗོད་སྙིང་བྱས་ཏེ་གྲུབ་ཡོད་ན། གསུང་འཕྲིན་ལ་ལྗིད་ཁོག་གཞན་ཞིག་སླེབས་ངེས་སོའང་སྙམ།

    དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་བཀླགས་པ་ཡིན། 

མགོ་ཏག་ཏག་ན། "དེ་རིང་གི་ཉིན་མོ་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་རྒྱ་ནག་གཞུང་གིས་བསམ་སྤྱོད་དྲག་པོར་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༦༦ འཁོར་བའི་ཤིན་ཏུ་བརྗེད་པར་དཀའ་བའི་དུས་ཚིགས་གཅིག་དང་།" ཞེས་དབུ་བསླངས་འདུག ཡིག་ནོར་ཤོར་ནའང་ཨ་ཤི་རེ་ཀོ འདི་འདྲའི་ཡིག་ནོར་འཇིགས་ཀོ་ཞིག་ཅིའི་ཕྱིར་བྲིས་པ་ཡིན་ནམ་སྙམ་ནས་སེམས་སྐྱོ་སྐྱོ་འདྲ་བྱུང་། རྒྱ་ནག་གཞུང་གིས་ཞི་བའི་བཅིངས་འགྲོལ་གཏོང་བ་ལས་ཞི་བའི་སྒེར་ལངས་བྱེད་རབས་ཤིག་གོ་མ་མྱོང་།

དེ་ནས་མར་ཅུང་བཀླགས་དུས། "དེ་ཡང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། རིམ་པས་བོད་ནང་བཙན་འཛུལ་གྱིས་བོད་ཐོག་ཞི་དྲག་གི་ལས་གཞི་སྣ་ཚོགས་བརྩམས་ཤིང་། མཐར་ཕྱི་ལོ་ ༡༩༥༡ ལོར་བཙན་དབང་འོག་གྲོས་མཐུན་དོན་ཚན་ ༡༧ ཟེར་བར་མིང་རྟགས་བཀོད་དགོས་བྱུང་ཞིང་།" ཞེས་བྲིས་འདུག ཅུང་ཙམ་ཧད་སེ་སོང་། ཞི་བའི་ལས་གཞི་གང་ཞིག་བརྩམས་པ་ཡིན་ནམ་སྙམ་ནས་དོགས་པ་ཞིག་དང་སྐྱོ་བ་ཞིག ཁོང་དགོད་ཅིག་དང་ལྷན་མུ་མཐུད་ནས་བཀླགས་པ་ཡིན། བསྒྲགས་གཏམ་གྱི་གྲིམ་ཤ་མེད་ནའང་གནས་ཚུལ་སྣ་མང་ཞིག་ནང་དུ་བཙུད་ཐབས་བྱས་འདུག 

     ཡིན་ནའང་། ནམ་རྒྱུན་གསུམ་དུས་ཀྱི་གསུང་འཕྲིན་གྱི་དབུར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གུས་འདུད་དང་མནར་གཅོད་འོག་གི་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཚིག་ཅིག་འབུར་དོད་ཀྱིས་འཇོག་སྲོལ་ཡོད་ནའང་། ད་ལོ་དེ་འདྲ་མི་འདུག དེ་ནི་རྒྱུན་སྲོལ་ཙམ་ཡིན་ནའང་། དེ་མེད་ན་མགོ་ན་ཨོཾ་མེད་པའི་ཚོར་བ་འདྲ་ཞིག་གིས་མི་བདེ་བ་ཞིག་རེད། སྔོན་ཆད་པད་མ་འབྱུང་གནས་སྐབས་ཀྱི་གསུང་འཕྲིན་ཞིག་གི་ནང་དུའང་དེ་མེད་པས། དེ་དུས་སེམས་ལ་མི་བདེ་བ་ཆེན་པོ་སྐྱེས། དེ་མེད་ན་གྲོས་ཚོགས་འཚོགས་ཐེངས་ཤིག་གིས་དབུར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་མ་བཞག་པ་ལྟ་བུ་ཞིག་རེད། ཡིན་ནའང་། མཁན་པོའི་སྐབས་ཀྱི་གསུང་འཕྲིན་སྔ་མ་རྣམས་སུ་དེ་གསལ་བོར་འཁོད་འདུག 

དེ་ཙམ་གྱིས་འཐུས་པར་བྱ། སྤྱིར་ང་ནི་འདུ་འཛོམས་མང་པོར་བཅར་ཐུབ་པའི་ཚེགས་ཡངས་ཀྱི་རིགས་མིན་མོད། ཐབས་ཤེས་བྲལ་ན་མ་གཏོགས་གསུམ་དུས་ལ་རོ་ཐོ་འཕེན་གི་བསྡད་ནི་ཡིན། ལྷག་པར་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་གཟབ་ནན་གྱིས་བཀླགས་མཁན་ཞིག་ཡིན། ཚགས་པར་ཞིག་ལ་མཚོན་ན་ལོ་རེའི་ནང་གི་དུས་ཆེན་བཞི་བོའི་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་ནི་རྩོམ་སྒྲིག་པའི་གཏམ་ལྟ་བུ་རེད། ལམ་སྟོན་དང་དཔའ་རྟགས་འཆར་སྒོ་ཡོད་ཚད་འདི་བཞི་བོའི་ནང་ནས་སྟོན་དགོས་མོད། འདོད་པ་ཁེངས་པ་ནི་རེ་འགའ་ཙམ་རེར་ཟད་པས། ཕྱོགས་ཡོངས་ལ་ཁེབས་པ་དང་གནད་ལ་བསྙབས་པ། མ་མཐའ་ཡང་ཚིག་ནོར་ཡིག་ནོར་མེད་པའི་གསུང་འཕྲིན་རེ་བཀྲམ་ཐུབ་དགོས་པ་ཡིན།

སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༠༣ ཚེས་ ༡༠ ཉིན།

2025-03-22 མུ་ཏིག
2025-03-12 རྡོ་གོར་མོ
2025-03-12 ཇག་ལྷ།
 རྒྱ་ནག་གཞུང་གིས་བསམ་སྤྱོད་དྲག་པོར་ཞི་བའི་སྒེར་ལངས་བྱས་”  རྒྱ་ནག་གཞུང་གི་ བྱེད་འབྲེལ་ནོར་བ་མིན་ནམ། 
2025-03-12 ཤེད་བུ།
བྱེད་འབྲེལ་ཞིག་ནོར་བཅུག་ནས་རྒྱ་གཞུང་ལ་བཀའ་ལོག་བྱས་འདུག ཧཧ

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།