༢༽ པོར་ཅུ་གྷལ་ Portugal དང་ལེ་སི་བྷོ་ Lisboa ཡི་མིང་གི་རྩོད་པ།
བཀླགས་གྲངས། 421
༡༽ ཧྥ་ཇག་དབྱར་གནས།
ཧྥ་ཇག་ཚོ་གུང་གསེང་གི་སྐབས་དང་བསྟུན། ཉིན་ཤས་རིང་དབྱར་ལ་འདུག་སྲོལ་ཡོད། དེའི་རྣམ་པ་སྤྲོ་སྐྱིད་དུ་གཏོགས་ནའང་། སྙིང་དོན་ནི། སྤྲོ་སྐྱིད་ཙམ་མིན་པར། དུས་ཚོད་ཐུང་ངུ་དེའི་རིང་བོད་དྲན་རྒྱུ། བོད་ཀྱི་རིག་གནས་གླེང་རྒྱུ། ཕན་ཚུན་བསམ་ཚུལ་བརྗེ་རེས་དང་། དཔེ་ཀློག་གི་མྱོང་ཚོར་བགོ་འགྲེམ། འགྲུད་བཞུད་ལྗོངས་རྒྱུ་རེ་བྱས་ནའང་དེ་ནི་རིག་གནས་དང་འབྲེལ་ཡོད་ཀྱི་ཡུལ་ལྗོངས་རེ་འདེམ་སྒྲུག་བྱས་ཡོད་པས། ཧྥ་ཇག་སྤྲོ་སྐྱིད་དང་ཐུགས་སྤྲོ་སོགས་ཀྱི་མིང་མ་བཏགས་པར། ཧྥ་ཇག་དབྱར་གནས་ཀྱི་མིང་བཏགས་པ་ཡིན། དབྱར་གནས་ཞེས་པའི་ཐ་སྙད་འདི་ལ་བོད་ཀྱི་ཚིལ་དྲེག་དང་རྒྱ་གར་གྱི་དཀོར་དྲེག་གཉིས་ཀ་ཡོད་པས། ངེད་ཚོ་ཐ་སྙད་འདི་ལ་ཧ་ཅང་འདང་ཆེ།
དེ་རིང་བདུན་ཕྲག་གཅིག་རིང་གི་ཧྥ་ཇག་དབྱར་དགག་དབྱེའམ་དབྱར་གནས་གྲོལ་བ་ཡིན། ཡང་ན་གུང་གསེང་ཚར་བ་ཡིན། ལོ་ལྟར་བཀོད་སྒྲིག་པ་གཉིས་རེས་ཧྥ་ཇག་དབྱར་གནས་ཀྱི་འགན་ཁུར་ཡོད། ད་ལོ་སྐབས་གསུམ་པ་དང་ད་ལོའི་བཀོད་སྒྲིག་པ་རྒན་ཟླ་བ་ཚེ་རིང་ལགས་དང་ཁ་བ་མཚོ་གཉིས་ཡིན། ཁོ་གཉིས་ཀྱིས་ད་རེའི་ཧྥ་ཇག་དབྱར་གནས་ཀྱི་སྤྱོད་ཡུལ་གྲོང་ནི་ཡུ་རོབ་རྒྱལ་ཁབ་པོར་ཅུ་གྷལ་གྱི་རྒྱལ་ས་ལེ་སི་བྷོ་རུ་གཏན་འཁེལ་ཞིང་། དེ་རུ་འགྲུལ་བཞུད་དང་སྡོད་གནས་སོགས་བཙལ་འཚོལ་གྱི་ཆེད་དུ་ནུས་ཤུགས་གང་ཡོད་བཏོན་པ་ཚང་མ་ལེགས་འགྲུབ་དང་སྤྲོ་སྐྱིད་ལྡན་པ་བྱུང་།
༢༽ པོར་ཅུ་གྷལ་ Portugal དང་ལེ་སི་བྷོ་ Lisboa ཡི་མིང་གི་རྩོད་པ།
དང་པོར་ངས་ཕོར་ཆི་གྷལ་དང་ལིས་སི་བྷོ་ཞེས་བྲིས་པའི་ཐད་ཧྥ་ཇག་ཚོ་རྩོད་པ་དྲག་པོ་ལངས། རྒན་ཟླ་བས་བོད་གཞུང་ཤེས་རིག་གི་གཏན་འབེབ་ཀྱི་མིང་ཡོད་པ་རེད། དེར་སྒོ་བསྟུན་ནས་མི་འབྲི་བར་གཞན་ཞིག་འབྲི་དོན་ཅི་ཞེས་ཕྱག་གཡོན་པས་ཝུ་ཆང་དམ་བུ་སྐྱོར་ཞོར་ཕྱག་གཡས་པས་མཛུབ་མོ་ཐད་འཛུགས་ཀྱི་ཕྱག་རྒྱ་དང་བཅས་ཡར་ལངས་སོང་། གསལ་ལེ་རྒྱལ་གྱིས་ཀྱང་ tu ཞེས་པའི་དབྱིན་ཡིག་གི་དབྱངས་uལ་གུག་གུ་ཞིག་གང་འདྲ་བྱས་ནས་ཡོང་བ་རེད་ཅེས་ཡང་ཕྱག་རྒྱ་དང་ཕྱག་མཚན་མཉམ་དུ་ཡར་ལངས་སོང་། ཅུང་ཞི་འཇམ་ཅན་ནི་རྡོ་གོར་མོ་ལགས་རེད། སྐྱོན་མེད་ཀི ད་དུང་ཡོངས་ཁྱབ་རང་བཞིན་གྱི་གཏན་འབེབ་བྱུང་མི་འདུག སྣ་ཚོགས་ཤིག་འབྲི་གིན་འདུག་ཅེས་རྩོད་པ་ཞི་འཇམ་གྱི་ཕྱོགས་སུ་འཐེན་ནའང་། འུར་མགོ་ཇེ་མཐོ་དང་གནས་ལུགས་ཇེ་མང་རེད། ངས་ཁ་རོགས་ཀེར་མཉེན་ཆས་བརྒྱུད་ནས་སྒྲ་གདངས་བཙལ་བ་ཡིན། པོར་ཅུ་གྷལ་གྱི་སྐད་དུ། པོར་ཐུའུ་གྷལ། དབྱིན་སྐད་དུ། ཕོར་ཆི་གྷལ། ཧྥ་སྐད་དུ། པོ་ཐི་གྷལ། ལྟ་བུའི་སྒྲ་གདངས་ཤིག་ཡོང་གི་འདུག རྒན་གུར་མགོན་སྐྱབས་ཀྱིས་བསྒྱུར་རྩོམ་གནང་བའི་གོ་ལའི་ལོ་རྒྱུས་ཆེན་མོའི་ནང་དུ། ཤོག་ངོས་༦༩༡ན། ཕོར་ཐི་གཱལ་ཞེས་བྲིས་འདུག དབྱངས་uལ་དངོས་གནས་ཨི་སྒྲ་ཡོང་སྟངས་མི་འདུག་སྙམ། གཱལ་ཞེས་པར་སྒྲ་ཙམ་ཡང་ཐོན་མེད་པ་འདྲ།
བོད་གཞུང་གི་གཏན་འབེབ་མིང་གཞུང་དུ། པོར་ཅུ་གྷལ་ཞེས་བྲིས་འདུག གོང་འོག་གཉིས་བློར་བབས་ནའང་ཅུ་སྒྲ་ཞིག་ཡོང་ཡེ་མེད་པ་ལྟ་བུར་སྣང་མོད། བརྩི་བཀུར་དང་གཅིག་གྱུར་ལ་དམིགས་ནས་པོར་ཅུ་གྷལ་ཞེས་བྲིས་པ་ཡིན།
ལེ་སི་བྷོ་ཡི་ཐད་ལ་ཇག་རྒན་རྡོ་གོར་མོས་ལི་སི་བྷོན་ཞེས་བྲིས་འདུག ཇག་པ་གསལ་ལེས་ལི་ཟི་བྷོ་བ་ཞེས་འབྲི་དགོས་ཟེར། རྒན་ཟླ་བས་ལེ་སི་བྷོ་ཨན་ཞེས་འབྲི་དགོས། Li. ལེ། Le ལི། Lu ལུ། Lo ལོ་ཞེས་འབྲི་དགོས་པ། ཨི་སྒྲ་ཞིག་ཡོང་སྟངས་མེད་ཅེས་ཟེར། ཡིན་ནའང་པོར་ཅུས་གྷལ་གྱི་སྐད་དང་ཧྥ་སྐད་སོགས་ཀྱི་ནང་དུ་ལི་སྒྲ་ལས་་ལེ་སྒྲ་ཞིག་མི་འདུག་མོད། དབྱིན་སྐད་ནང་དུ་ལེ་སྒྲ་ཞིག་ཡོང་བས། ཁོའི་བསམ་ཚུལ་དེ་དང་ལེན་བྱས་པ་ཡིན། རྒྱལ་ཁབ་གཞན་དག་ཚང་མའི་སྐད་དུ་དབྱངས་ཁྱིམ་གསུམ་གྱིས་གྲུབ་པ་ལ་གསལ་ལེ་དང་ཁོ་གཉིས་ཀྱིས་བོད་སྐད་དུ་དབྱངས་ཁྱིམ་བཞི་བྲིས་པ་དེར་ང་མ་འཐད།
བོད་གཞུང་གི་མིང་གཞུང་དང་གོ་ལའི་ལོ་རྒྱུས་སོགས་ལས་ཀྱང་མིང་བརྡ་དེ་མ་རྙེད་པས། ལེ་སི་བྷོ་ཞེས་པའི་མིང་འདི་སོར་བཞག་བྱས་པ་ཡིན། པོར་ཅུས་གྷལ་གྱི་སྐད་དུ་ལིས་གཞི་བྷོ་བ་ལྟ་བུ་ཞིག་འོངས་ནའང་། མང་པོའི་སྐད་དུ་ལེ་སི་བྷོ་ཞེས་པའི་སྒྲ་འདི་དབང་བཙན་པ་རེད། དཔེར་ན། ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ལའང་ཧྥ་སྐད་ཀྱི་སྒྲ་དང་བསྟུན་ན་པ་ཝེས་ཞེས་བརྗོད་དགོས་མོད། ཁོངས་རྙེད་ཁུལ་གྱིས་དེ་ལ་བཙན་གྱིས་གཏུགས་ན་གཅིག་གྱུར་གྱི་འབྲི་སྲོལ་ཕ་རེ་སི་རྡོག་རོལ་གཏོང་གི་ཡོད་པས། པ་ཝེས་ལ་ཕ་རེ་སི་ཞེས་འབྲི་བ་ལྟར། ལིས་གཞི་བྷོའང་ལེ་སི་བྷོ་ཞེས་བྲིས་པ་ཡིན། སྔོན་མ་ངེད་ཚོ་སྐོར་ཁག་ཅིག་གིས་བོད་ཀྱི་ཡིག་ཟམ་ཉར་སྐབས་རྒྱལ་ཁབ་དང་རྒྱལ་ས། འཛམ་གླིང་ཡོངས་གྲགས་རང་བཞིན་གྱི་གནས་མིང་དང་མི་མིང་དག་སྤྱི་སྐད་ལ་བསྟུན་ཏེ་སྒྲ་བསྒྱུར་དང་། ཧྥ་རན་སིའི་གྲོང་སྡེ་དང་མི་སྣ་བྱེ་བྲག་པའི་མིང་བརྡ་ཧྥ་སྐད་དང་སྒོ་བསྟུན་ནས་སྒྲ་བསྒྱུར་བྱེད་རྒྱུ་རྩ་འཛིན་བྱས་མྱོང་བ་དེའང་གཞི་འཛིན་ས་ཞིག་བྱས་ཡོད།