Back To Top

ཧྥ་ཇག་དབྱར་གནས་སྐབས་གསུམ་པའི་འགྲུལ་བཞུད་དང་རྩོད་པ་ཐ་ཐོར། ཁག་གཉིས་པ།

ཤེད་བུས།

བཀླགས་གྲངས། 573

གསུམ་པ། ང་དང་པོར་ཅུ་གྷལ། ད་དུང་རྩོད་པ་ཐན་ཐུན།


      ང་ལ་མཚོན་ན། པོར་ཅུ་གྷལ་ཞེས་པ་ནི་ཡུ་རོབ་ཀྱི་རྒྱལ་ཁབ་ཞིག་ཡིན་པ་དང་། པོར་ཅུ་གྷལ་གྱི་མཚོ་ཟས་གྲགས་ཆེ་བ། ར་ཎ་ཌོ་ཞེས་པའི་རྐང་སྤོལ་བ་རྩལ་ལྡན་ཞིག་སྐྱེས་ཡོད་པ་ཙམ་ལས་ཅི་ཡང་མི་ཤེས། བཀོད་སྒྲིག་པ་རྒན་ཟླ་བ་ལགས་ཀྱིས་པོར་ཅུ་གྷལ་གལ་ཆེན་ཡིན་པའི་གནས་ལུགས་མང་དུ་བཤད་པ་ལས། ཡུ་རོབ་ཀྱི་སྲོལ་རྒྱུན་རིག་གནས་དེང་རབས་ཀྱིས་བསྣུབས་ཏེ་ཤུལ་མེད་རྗེས་མེད་དུ་ཕྱིན་པ་ལས་ལྷག་འཕྲོ་ཞིག་ཡོད་ས་པོར་ཅུ་གྷལ་ཡིན་ཞིང་། ད་ལྟ་པོར་ཅུས་གྷལ་གྱི་སྲོལ་རྒྱུན་རིག་གནས་ཀྱང་ཛ་དྲག་གི་སྲུང་སྐྱོབ་ཀྱི་གནས་བབ་ན་ཡོད་པས། རིག་གནས་ཀྱི་གནས་བབ་ངོས་ཐད་ནས་བོད་དང་འདྲ་མཚུངས་ཡིན་པར་བཤད་པ་དང་། ཇག་རྒན་རྡོ་གོར་མོས་རིག་གནས་ཙམ་མིན་པར་གཞན་གྱི་དབང་བསྒྱུར་རིམ་པའི་འོག་ནས་རང་དབང་ཐོབ་མཁན་ཡིན་པས། ངོས་དེ་རུའང་བོད་དང་བསྡུར་ས་ཡོད་པ་དང་། མཚོ་ལམ་ཐོག་མར་རྙེད་མཁན་དང་ཡུ་རོབ་ཀྱི་སྐམ་ས་རྫོགས་མཚམས་ལ་འཁེལ་བ་སོགས་ཀྱི་ཐད་ནས་གལ་ཆེ་བའི་རྒྱུ་མཚན་མང་དུ་བརྗོད། ཡིན་ནའང་། གསལ་ལེ་ཡིས་པོར་ཅུ་གྷལ་གྱི་ཨ་ཡས་ཁ་སྤུ་ཅན་ཚོར་ལྟ་རྒྱུ་ཅི་ཡོད་ཅེས་སྣ་དགོད་དང་ཟུར་ཟ་བྱས་པ་མ་ཟད། ཁོ་རང་མི་འགྲོ་བར་ཐག་བཅད། དོན་དངོས་སུའང་ཁ་སྤུ་ཅན་གྱི་བུ་མོ་འགའ་རེ་ཡོད་ཚོད་དང་། ཧྥ་རན་སིའི་བཤད་སྲོལ་ཞིག་གམ་ཟུར་ཟ་བྱེད་སྲོལ་ཞིག་ལ། པོར་ཅུ་གྷལ་གྱི་ཕོ་སར་ཚོས་ཁ་སྤུ་འཇོག་དོན་ཅི་ཞེས་པར། དེ་ནི་ཁོ་ཚོས་ཨ་མའི་ལད་མོ་བྱེད་ཀྱི་ཡོད་པ་རེད། ཅེས་ཟུར་ཟ་བྱེད་སྲོལ་ཞིག་ཡོད་པ་དེས་སྤྲད་པའི་ཚོར་སྣང་ཡིན་པ་ཁོས་བཤད། ཡིན་ནའང་། ཧྥ་ཇག་ཚོ་ལམ་ལ་དངོས་སུ་ཆས་དུས་ཁོའང་སྡོད་མ་འདོད་པར་གནམ་གྲུར་གླ་ཆ་འཕར་མ་སྤྲད་ནས་ལམ་ལ་ཆས། བག་ཆགས་དེའི་དབང་གིས། ང་པོར་ཅུ་གྷལ་ལ་འབྱོར་རྗེས་ངའི་དོ་སྣང་དང་མིག་ཟུར་བུད་མེད་ཚོའི་ཡ་ཁ་ཁོ་ནར་ཤོར་ནས་ཕྱིར་བསྡུ་དཀའ་བའི་ཚད་རེད། ཡིན་ནའང་། ཧྥ་རན་སིའི་ཟུར་ཟ་དེའི་དཔང་བོར་འོས་པའི་བུད་མེད་ཁ་སྤུ་ཅན་གཅིག་ཀྱང་མ་མཐོང་བ་ནི། མིག་བསོད་ནམས་ཅན་པོའི་གྱོང་གུད་དུ་ངོས་འཛིན་བྱས་པ་ཡིན། གང་ལྟར་གྲོགས་པོ་ཚོ་ལ་རང་རང་སར་ངོས་འཛིན་རེ་དང་། དེ་འབྲེལ་གྱི་གནས་ལུགས་རེ་འདུག
    ཅི་ཡང་མེད་པ་ངས་ཀྱང་དྲ་ལམ་ནས་རང་བློས་ཆུམས་ཚོད་ཅིག་རྩར་གཅོད་བྱས་པ་ཡིན། པོར་ཅུ་གྷལ་ནི་རྒྱ་མཚོ་ཆེན་པོ་འདུལ་སྦྱོང་གི་དཔའ་མཛངས་རིང་མོ་ཅན་ཞིག་ཡིན་ཚོད་ན། མདོ་དབུས་མཐོ་སྒང་འདུལ་སྦྱོང་གི་དཔའ་མཛངས་རབ་ཏུ་དར་བའི་བྱུང་རབས་ཅན་གྱི་ཕ་ཡུལ་བོད་དང་གཤིབ་བསྡུར་གྱི་ངོས་ཤིག་ཏན་ཏན་ཡོད་པ་མ་ཟད། པོར་ཅུ་གྷལ་ནི་ཡུ་རོབ་རིག་གནས་ཀྱི་མེ་སྙིགས་སྒམ་ཆུང་ཞིག་ཡིན་ཚོད་ན་ས་དེར་སྤྲོ་བ་ཆེན་པོ་འདུག
    ཟླ་ ༨ ཚེས་ ༧ ཉིན་གྱི་ཉི་མ་མ་ནུབ་སྔོན་དུ་ང་ཚོ་པོར་ཅུ་གྷལ་གྱི་རྒྱལ་ས་ལེ་སི་བྷོ་རུ་འབྱོར། ང་ཚོ་གནས་སྡོད་ཀྱི་རྒྱལ་ས་ཕ་རེ་སི་ལས་འདུ་འཛི་ཆུང་ལ་བག་ལྷོད་པའི་ཚོར་བ་ཞིག་སྐྱེས་པ་མ་ཟད། ཉི་ནུབ་ཀྱི་སྤྲིན་དམར་ལ་འདྲེས་པའི་ཁང་པ་སྒལ་དམར་དེ་དག་ནི། ཡང་ན། རྒྱ་མཚོ་དང་ཉི་ནུབ་ཀྱི་བཀྲག་མདངས་ལ་འདྲེས་པའི་གྲོང་ཁྱེར་དེར་གནམ་ཐོག་ནས་བལྟས་ནའང་རེད། ས་ཐོག་ནས་བསམ་ནའང་རེད། འབྲོག་མོ་མགོ་དཀྲིས་དམར་པོ་ཅན་ཞིག་གིས་ཆུ་ཁ་ནས་ཕྱིར་མིག་འཕེན་པ་དང་འདྲ་བོ་འདུག 


༤༽ ཡུལ་དངོས་ལྟ་སྐོར་གྱི་དབུ་ཁྱུད། ཨ་དོ་མ་ཟི་ཌོར་ (Adomastor ) དང་གནས་རྙིང་ཐར་ཐོར།


 ཟླ་ ༠༨ པའི་ ༠༨ ཉིན། ངེད་ཚོ་མཉམ་དུ་ཞོགས་ཟས་ལ་རོལ་བ་ཡིན། ཞོགས་ཟས་་ཀྱི་རིན་གོང་བདེ་ལ་ཆེས་མང་བ། མྱི་གཅིག་གི་ཞོགས་ཟས་མི་གསུམ་གྱིས་ཟས་ནའང་ད་དུང་མི་ཚར་བའི་དཀའ་ངལ་ལས་མི་རྒྱགས་པའི་དཀའ་ངལ་མི་འདུག ཧྥ་ཇག་འགའ་ཤས་ལ་ཞབས་ཞུའི་རྣམ་འགྱུར་དེ་ཙམ་མི་བཟང་བའི་ཚོར་བ་བྱུང་ཡོད་ནའང་། སོ་རྫུན་མ་བཙན་གྱིས་བསྟན་ནས་བཀྲ་ཤིས་བདེ་ལེགས་དང་། མྱི་བཟང་རེད་ཅེས་ཡོས་ཁྲ་ལྟ་བུ་དང་སྒྱུ་མའི་ཆོ་འཕྲུལ་སྣ་ཚོགས་ཅན་གྱི་ཞབས་ཞུ་བ་དག་གི་རྣམ་འགྱུར་ལས། ངོ་གདོང་ངོ་མ་ཞིག་བསྟན་ནས་སྣེ་ལེན་རན་པ་ཞིག་བྱས་པ་དེར་སེམས་འགུལ་ཐེབས་པ་མ་ཟད། ཡུ་རོབ་ཀྱི་མྱི་ངོ་མ་ཚོ་བོད་ཀྱི་མྱི་ངོ་མ་ཚོ་དང་འདྲ་བོ་ཡིན་འདུག་སྙམ།
ཞོགས་ཟས་ཚར་བ་དང་། ངེད་ཅག་ཨ་དོ་མ་ཟི་ཊོར་གྱི་རྡོ་བརྙན་ལ་ལྟར་བར་ཕྱིན། ཨ་དོ་་མ་ཟི་ཌོར་ནི་པོར་ཅུ་གྷལ་གྱི་སྙན་ངག་པ་གྲགས་ཅན་ཁཱ་མོ་སི་(Luís Vaz de Camões) ཡི་སྙན་ངག་གི་ཁྲོད་ཀྱི་རྟོག་བཏགས་རྒན་པོ་ཞིག་རེད། ཁྲོ་གཟུགས་ཀྱི་རྒན་པོ་དེ་བྲག་སྐྱིབས་ལས་འཇུར་ཞིང་མགོ་གནམ་དུ་བཟུང་ནས་རྒྱ་མཚོ་ཆེན་པོ་ནང་དུ་ན་ཟུག་གིས་དཔྱངས་པའང་། ཡང་ན་ཅི་ཞིག་མཐོང་བའི་ཚུལ་དུ་འདུག གཅེར་རྗེན་གྱི་མིའུ་ཞིག་གིས་ཀྱང་དཀོན་མཆོག་རྗེན་པར་མཇལ་བའམ་འདྲེ་གདོན་ལ་གདོང་ཐུག་བྱུང་བའི་ཚུལ་གྱིས་བྲག་སྐྱིབས་སུ་རྒན་པོར་ཅེར་འདུག མདུན་ཐང་གི་ཚུལ་དུ་རྡོ་གཅལ་སྟབས་བདེ་ཞིག་ཡོད་ནའང་ར་བྷ་རྐྱལ་སྟོང་འགའ་ཝུ་ཆང་དང་ལྷན་དུ་གཡས་ཉལ་གཡོན་ཉལ་བྱས་ཏེ་བསྡད་ཡོད་པ་མ་ཟད། གཅིན་པའང་གནས་དེར་དོར་བའི་རྟགས་སུ་དྲི་ངན་འཐུལ་ཡོང་གི་འདུག ངེས་ཚོས་ཀྱང་ཉིན་དེའི་གསེར་སྐྱེམས་ཀྱི་མཆོད་ཆང་དང་པོ་གནས་དེར་འཕངས། པོར་ཅུ་གྷལ་ནས་སྒྱུ་རྩལ་བ་གླེང་ན་སྙན་ངག་པ་ཁཱ་མོ་སི་གླེང་དགོས་ཤིང་། རོལ་དབྱངས་གླེང་ན་ཧྥ་དོ་ Fado དང་ཧྥ་དོའི་རྒྱལ་མོ་ཨ་མ་ལེ་ཡ་རོ་ཌི་ (Amalia Rodrigues) གླེང་དགོས་པ་དང་། ལུས་རྩལ་གླེང་ན་རཱ་ན་ཌོ་ (Cristiano Ronaldo ) གླེང་དགོས་པ་ནི་འཛམ་གླིང་རང་བཞིན་གྱི་ངོས་འཛིན་རེད་ཅེས་སྨྲས་ནའང་འགལ་བ་མེད་པར་འདོད། རྒྱུ་མཚན་དེའི་དབང་གིས་ཧྥ་ཇག་ཚོའི་ཐོག་མའི་གོམ་ཁའང་དེ་ལ་འཁྱོར་སོང་། 
རིམ་གྱིས་སྤྱི་སྤྱོད་རླངས་འཁོར་ལྟ་བུའི་མེ་འཁོར་སེར་པོ་རྩེད་སྤྱད་ལྟ་བུ་ཞིག་ངོས་གཟར་ཞིག་ནས་ཡར་འགྲོ་མར་འགྲོ་བྱེད་ས་ཞིག་འདུག དེའང་གྲགས་སྐད་ཅན་ཞིག་ཡིན་རབས་བཤད་མོད། ང་ལ་ཚོར་སྣང་ཅི་ཡང་མེད་པས་ངས་དོ་སྣང་ཅི་ཡང་མ་བྱས། རྒྱ་མོ་འགའ་དང་མགོ་སེར་མ་འགས་བྱིས་པ་ཚོ་ཁྲིད་ནས་པར་ལེན་པར་བྲེལ་ཟིང་དང་། འཚང་ཁ་ཧ་ཅང་རྒོད་ལ་ངེད་ཚང་གི་ཇག་མོ་དང་ཇག་ཕྲུག་ཚོས་ཀྱང་གཡས་འཁོར་གཡོན་འཁོར་གྱིས་པར་ལེན་གྱིན་འདུག
དེ་ནས་སིང་ཏ་ཇ་སི་ཏ་ (Santa Justa ) ཞེས་པའི་གློག་སྐས་གྲགས་ཆེན་ཞིག་ཡོད་པ་དེར་ལྟ་བར་བསྐྱོད། ཁང་བརྩེགས་གཉིས་ཀྱི་དབར་ན་གནམ་དུ་ཟུག་པའི་གློག་སྐས་དེས་ཀྱང་ང་ལ་ཚོར་བ་ཅི་ཡང་མ་སྤྲད། ཡིན་ནའང་། དེ་ཡི་སྒེའུ་ཁུང་ནང་དུ་བུད་མེད་གློ་ཁ་ཞིག་གི་འབག་སྐུ་ཞིག་དང་། གྱང་ངོས་སུ་བྱ་གེག་མཆུ་རིང་གཉིས་སྒྱུ་རྩལ་ལྡན་པ་ཞིག་འབུར་གཟུགས་ཀྱིས་བྲིས་འདུག་པ་དེ་ཨ་མཚར་གྱི་སྣང་བ་རྐྱེན་པོ་ཞིག་བྱུང་ནས་པར་འགའ་བླངས་པ་ཡིན། 
   དེ་ནས་ཨར་ཀོ་ཏོ་ཊི་རེ་ཧྥོ་ (Arco do Triunfo da Rua Augusta) ཞེས་པའི་མཚོ་འགྲམ་གྱི་གཞུ་དབྱིབས་མཁར་སྒོ་ཆེན་པོ་དེར་ལྟ་བར་བསྐྱོད། བཟོ་བཀོད་ཀྱི་བྱུང་རིམ་དང་ཁྱད་ཆོས་བཤད་ནས་མི་ཚར་བ་ཞིག་ཡོད་པ་མ་ཟད། བཞེངས་བསྐྲུན་གྱི་བརྒྱུད་རིམ་ལ་ལོ་བརྒྱ་ལྷག་འགོར་ཡོད་པ་དང་ལས་གཞིའང་ཐེངས་བཞི་ལྔ་ཞིག་བསླངས་མྱོང་འདུག མདོར་ན། ༡༧༥༩ ལོ་ནས་མགོ་བརྩམས་ཤིང་བརྒྱུད་རིམ་དང་རྙོག་འཛིང་རིམ་བརྒྱུད་ཀྱིས་༡༨༧༥ ལོ་རྫོགས་པར་བཞེངས་པ་རེད་དེ། དེ་ཙམ་མིན་པར་༡༧༥༥ ལོར་ལེ་སི་བྷོ་ལ་ས་ཡོམ་༩.༠ ཅན་ཞིག་འགུལ་ནས་མི་ཁྲི་ཕྲག་བརྒལ་བའི་ཚེ་སྲོག་དུས་གཅིག་ལ་འགགས། ཡིད་འོང་གི་གྲོང་དང་གྲོང་ཁྱེར་དུས་གཅིག་ལ་ཐལ་བར་བསྟིམས་པ་བསྐྱར་བསྐྲུན་གྱི་འཆར་གཞི་དང་འབྲེལ་བ་ཡོད་པས། ཡུལ་སྐོར་བ་ཀུན་གྱིས་དོ་སྣང་བྱེད་ཀྱིན་ཡོད་ལ། པོར་ཅུ་གྷལ་གྱིས་ཀྱང་རྒྱལ་ཁབ་རིམ་པའི་གནས་དང་ཁྱབ་བསྒྲགས་ཀྱི་ལྟེ་བར་བཟུང་ཡོད་འདུག ངས་ཀྱང་ས་དེ་ནས་ས་ཡོམ་གྱི་འཇིགས་པ་དང་ལྷན་དུ་ཁ་བྲལ་བའི་སྐྱེ་རྒུའི་མདོའི་སྤུན་ཟླ་ཚོ་དང་དིང་རིའི་སྤུན་ཟླ་ཚོ་དྲན་པ་མ་ཟད། ས་དེ་རུ་རྣམ་ཤེས་འཐིམས་པའི་པོར་ཅུ་གྷལ་བ་ཚོའི་ཆེད་དུ་མ་ཎི་འགའ་མངགས་པ་ཡིན། ཇག་ཕྲུག་རྣ་ཅོར་ང་ཚོའི་སྨོན་ལམ་གྱིས་སྙོབས་ན་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་ལྕགས་ཀྱུས་སྙོབས་པའི་དཔའ་གདེང་དང་ང་རྒྱལ་ནི་འགྲམ་ན་འཕྱོ་བའི་རྒྱ་མཚོའི་རྦ་རླབས་ལས་མཐོ་ཞིང་ངར་ཤུགས་ཀྱིས་འཕྱོ།

མུ་འགོད།

2025-08-23 ཇག་ལྷ།
2025-08-21 གསལ་ལེ་རྒྱལ།
བདེན་ནོ། 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།