ཤེད་བུས།
བཀླགས་གྲངས། 417
ལྔ་པ། ཡུལ་དངོས་ལྟ་སྐོར་གྱི་དངོས་གཞི། བེ་ལམ་བཙན་རྫོང་ (Belém Tower) དང་རྒྱལ་སྲས་ཧེན་རིའི་དྲན་རྟེན་གྲུ་གཟིངས། (Padrão dos Descobrimentos)
གོང་གི་མིང་དེ་གཉིས་དོན་ཐོབ་ཀྱི་ཚུལ་དུ་བཏགས་པ་ཡིན། མིང་དངོས་ནི་པོར་ཅུ་གྷལ་གྱི་ཡི་གེས་བྲིས་པ་དེ་ལྟར་རེད། གནས་འདི་གཉིས་ནི་ད་རེའི་ཡུལ་སྐོར་གྱི་དངོས་གཞི་ལྟ་བུ་རེད། ངེད་ཅག་ལམ་ལ་ཆས་ཁར། ཇག་རྒན་རྡོ་གོར་མོས་གནས་འདི་གཉིས་ཀྱི་ངོ་སྤྲོད་བོད་ཡིག་ནང་བསྒྱུར་ནས་བཀྲམས་པ་དང་། ངེད་ཚོའང་གནས་དེ་གཉིས་ལ་ངེས་པར་འགྲོ་རྒྱུ་དང་དེ་ནས་མཚོ་འགྲམ་ལ་བསྐྱོད་ནས་སྔར་གྱི་མཚོ་ཇག་དག་གི་དཔའ་མཛངས་ཀྱི་ཞབས་རྗེས་གང་དང་ཅི་ཡོད་ལ་ལྟད་མོར་ལྟ་རྒྱུ། ཡང་ན་མཚོ་ཀློང་གི་འབྲོག་རྒན་ཚོའི་དཀའ་སྡུག་གི་རྔུལ་ཆུ་ཅི་ལྟར་གཤར་བ་ལ་རྗེས་ལོན་རེ་བྱེད་རྒྱུ་དེ་ཡིན། མཚོ་ཇག་དང་མཚོ་ཀློང་གི་འབྲོག་པ་ཞེས་པ་འདི་གོ་ལའི་ལོ་རྒྱུས་ཆེན་མོའི་ནང་དངོས་སུ་བཀོད་འདུག་པས་ཐ་སྙད་དེ་གཉིས་ཆེད་དུ་འདིར་གདན་དྲངས་པ་ཡིན།
ངས་པོར་ཅུ་གྷལ་ལ་རྒྱུས་ལོན་ཐ་ཐོར་ཞིག་བྱས་པ་ལས། པོར་ཅུ་གྷལ་ནི་ཨེ་ཤ་ཡའི་བོད་དང་སོག་པོ་ལྟ་བུ་ཞིག་གི་སྣང་བ་བྱུང་། བོད་དང་སོག་པོ་ནི་ཨེ་ཤ་ཡར་དེང་རབས་ཀྱི་དར་རྒྱས་མ་བྱུང་བའི་སྔོན་དུ། ཆེས་འཕེལ་རྒྱས་དང་དཔའ་མཛངས་ཀྱི་གཏམ་རྒྱུད་རྫོགས་མཐའ་མེད་ནའང་། འཕྲུལ་ཆས་ཀྱི་དུས་རབས་གསར་བ་ཐོན་པ་དང་རྟ་ཐོག་གི་མི་རིགས་འདི་གཉིས་སྣུམ་ཟད་ཀྱི་མར་མེ་ལྟར་མི་རིགས་རིག་གནས། མི་རྒྱུད་དང་བཅས་པ་རྩ་སྟོང་གི་ཉེན་ཁར་ཐུག དེ་བཞིན་ཡུ་རོབ་ཀྱི་དཔལ་ཡོན་འཛམ་གླིང་པ་དར་བའི་དབུ་ཁྱུད་བཙལ་ན་མཚོ་ཐོག་འགྲུལ་བཞུད་ལེགས་འགྲུབ་བྱུང་བ་རང་ལ་འཁེལ་ཞིང་། མཚོ་ཐོག་གི་རིག་གནས་སམ་ཡང་ན་མཚོ་ལམ་རྩད་གཅོད་དང་མཚོ་འགྲུལ་གྱི་ཆེད་དུ་པོར་ཅུ་གྷལ་བ་ཚོས་ལུས་སྲོག་ཕངས་མེད་དུ་བསྔོས་ཤིང་། རྒྱལ་སྲས་ཧན་རེ་ཡིས་ཐེངས་དང་པོ་མཚོ་འགྲུལ་བའི་སློབ་གྲྭ་བཙུགས་པ་མ་ཟད། བར་ལམ་ཞིག་ལ་པོར་ཅུ་གྷལ་དར་བའི་རྩེ་མོར་སོན་ཡོད། ཡིན་ནའང་། རིམ་གྱིས་ཧྥ་རན་སི་དང་དབྱིན་ཇི་སོགས་ཀྱི་ཟིལ་ཤུགས་ཀྱིས་པོར་ཅུ་གྷལ་རྗེས་སུ་བསྐྱུར་ཞིང་། ཧྥ་དབྱིན་གཉིས་དར་རྒྱས་ཀྱི་རྩེ་མོར་སོན་འདུག ཡིན་ནའང་། པོར་ཅུ་གྷལ་གྱི་རྒྱལ་ཁབ་ཤོར་མེད་པ་མ་ཟད། རིག་གནས་ཀྱང་ཚད་མཐོ་བའི་ཉར་ཚགས་བྱས་ཡོད་པ་མཐོང་ཐུབ་ཀྱི་འདུག
དཔེར་ན། ངེད་ཚོས་གནམ་ཐང་ནས་མགྲོན་ཁང་བར་དུ་གླ་འཁོར་ཞིག་གླས་པ་ཡིན། གོང་ཚད་སྒོར་མོ་ཉེར་ལྔའི་གཡས་གཡོན་རེད་ཟེར། ཡིན་ནའང་། མགྲོན་ཁང་སྒོ་འགྲམ་ལ་འབྱོར་རྗེས་སྒོར་མོ་ཉི་ཤུ་ལས་མ་བླངས། སྒོར་མོ་ཉེར་ལྔ་ལེན་ཆོག་ཆོག་ཡིན་ནའང་མི་ལེན་པའི་སྣང་ཚུལ་དེར་ངེད་ཅག་ཚང་མ་ངོ་མཚར་སྐྱེས། ད་ལྟའི་བར་དུ་ང་ཚོ་སོང་མྱོང་བའི་རྒྱལ་ཁབ་དག་གི་གླ་འཁོར་ཁ་ལོ་བ་ཚོས་འགྲུལ་བ་དེ་ས་ཆ་གཞན་གྱི་ཡིན་པར་ཤེས་ན་གོང་ཚད་འཕར་མ་ལེན་ཐབས་བྱེད་པ་མ་ཟད། ས་སྟོང་དག་ལ་བསྐོར་བ་བྱས་ནས་ཀྱང་སྒོར་མོ་གཅིག་གཉིས་རེ་འཕར་ཨེ་ཐུབ་ལྟ་མཁན་གྱི་ཁ་ལོ་བ་རྐྱང་རྐྱང་གིས་སུན་ལ་བསྐུར་བའི་ང་ཚོའི་སེམས་པར་ཁ་ལོ་བ་འདིས། ཧམ་སེམས་མེད་པ་དང་། གཞུང་བཟང་བའི་སྣང་ཚུལ་ཞིག་ཡིད་ལ་སྟིག་སེར་བཞག ཡིན་ནའང་། ཁ་ལོ་བ་ཅུང་ལོ་རྒན་པ་ཞིག་ཡིན་པའི་རྐྱེན་གྱིས་ཡིན་སྲིད་པའི་ཚོར་བ་ཞིག་གིས་རང་ཉིད་ལ་ལན་འདེབས་བྱས།
༠༨།༠༩ ཉིན་ངེད་ཅག་མཚོ་འགྲམ་ལ་སོང་བ་ཡིན། སྤྱིར་ཚ་བ་ཧ་ཅང་ཆེ་ནའང་མཚོ་འགྲམ་ན་རླུང་བུ་ཆེ་བས་ཧ་ཅང་བསིལ་མོ་རེད། མཚོ་ཁ་ནས་ཝུ་ཆང་འཐུང་ཞོར་ཟས་སྣ་ཚོགས་ལ་རོལ། ཕྱོགས་སྣ་མང་གི་སྐོར་ལ་ཁ་བརྡ་བྱས་ནས་ས་རུབ་སྟེ་རྒྱང་ནག་ཆད། ཐ་ན་འགྲིམ་འགྲུལ་ཡོངས་རྫོགས་མཚམས་བཞག་འདུག ཉེ་འགྲམ་གྱི་གླ་འཁོར་ས་ཚིགས་གཉིས་ཀའང་སྒོ་བརྒྱབ་འདུག སྐབས་དེར། ཕོ་གཞོན་མོ་གཞོན་གཉིས་ལ་ས་འདིར་གླ་འཁོར་གྱི་ས་ཚིགས་གཞན་ཡོད་མེད་དྲིས་པ་ཡིན། དེ་ནས་ཁོ་གཉིས་ཀྱི་ཁ་པར་ལས་མཉེན་ཆས་ཕབ་ནས་གླ་འཁོར་བཙལ་བ་མ་ཟད། ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་བསྒུགས་ནས། གླ་འཁོར་ངེད་ཚོ་ཡོད་སར་ཐོན་རག་བར་དུ་བསྡད་ཅིང་། ཁ་ལོ་བར་གོང་ཚད་དང་ངེད་ཚོའི་འགྲོན་ཁང་ཡོད་སའི་ས་ཚིགས་སོགས་ཏག་ཏག་བཤད་དེ། ངེད་ཅག་རླངས་འཁོར་ནང་འབུད་བཅུག་ནས་འཛུམ་མདངས་དང་སྐད་སྙན་གྱིས་བདེ་མོ་བཞག་སྟེ་བུད་སོང་། ཚུལ་དེ་ནི་ཅུང་འུར་ན། ས་ཐག་རིང་ལ་བསྐྱོད་མཁན་གྱི་བྱིས་པ་ཞིག་ཕ་མས་ལམ་འཇུག་བྱེད་སྟངས་ལྟ་བུ་ཞིག་རེད། སྐབས་དེར་ཡང་། འདི་ཕྱོགས་ཀྱི་མི་དངོས་གནས་ཡག་པོ་འདུག་ཨང་སྙམ་པའི་ཚོར་བ་ཞིག་འགོག་མེད་དུ་སྐྱེས།
དེའི་ཕྱི་ཉིན། ངེད་ཅག་ཡུ་རོབ་ཀྱི་སྐམ་ས་དང་རྒྱ་མཚོ་ཆེན་མོ་འདྲེས་མཚམས་སུ་ལྟད་མོ་ལྟ་བར་ཕྱིན། ཡང་ངེད་ཚོས་གླ་འཁོར་ཞིག་གླས་ནས་སོང་། ལམ་ཐག་ཅུང་རིང་པོ་ཡིན་པ་མ་ཟད། གྲོང་དང་གྲོང་ཁྱེར་ཡང་མེད་པའི་ས་སྟོང་ལྟ་བུ་ཞིག་རེད། ལྟད་མོ་བ་མང་ནའང་རང་རང་གི་རླངས་འཁོར་དང་ཆེད་མངགས་སྤྱི་སྤྱོད་རླངས་འཁོར་ཅན་ཤ་སྟག་རེད། ངེད་ཚོས་ཁ་ལོ་བ་དེར། ཕྱི་དྲོར་ངེད་ཚོ་ལེན་གི་ཡོང་ཐུབ་མིན་སྐད་ཆ་དྲིས་པར། ཕྱི་དྲོར་ཁ་པར་ཐོངས་དང་། ཁོ་ལེན་གི་ཡོང་ཞེས་ཁས་བླངས་པ་མ་ཟད། ཐ་ན་གླ་འཁོར་གྱི་གླ་ཡང་ཕྱི་དྲོར་མཉམ་དུ་སྤྲད་ན་འགྲིག་ཅེས་ཕྱིར་བུད་སོང་། གླ་ཆ་མཉམ་དུ་སྤྲད་ན་འགྲིག་ཅེས་པ་དེས་ཧེད་སེ་བཏང་། ངེད་ཚོས་གླ་འཁོར་གཞན་ཞིག་མངགས་ནས་ཁོར་སྐད་མ་བཏང་ན། ཁོ་ལ་ཅི་ཡང་ཡོད་མ་རེད། ཁོས་ཆ་མེད་རྒྱུས་མེད་ཀྱོ་ངེད་ཚོར་འདི་འདྲའི་ཡིད་ཆེས་བྱ་དོན་ཅི། པོར་ཅུ་གྷལ་ན་ད་དུང་ཕོ་རབ་ཚིག་ཐོག་ཅེས་པའི་སྐད་ཆ་དེ་ཤི་མེད་དམ་སྙམ།
མི་དང་མིའི་བར་གྱི་འབྲེལ་བ་ནི་འདི་འདྲའི་ཡིད་ཆེས་ལྡན་པ་ཞིག་ཡིན་ན། དེ་ལས་ཡིད་དུ་འོང་བ་ཞིག་གང་ན་ཡོད། རྣམ་ཀུན་ཐེ་ཚོམ་དང་རྣམ་རྟོག་གིས་སྐྱེལ་བའི་མི་དང་མིའི་བར་གྱི་འབྲེལ་བ་ནི་དེ་འདྲའི་རྙོག་འཛིང་ཞིག་ག་ལ་ཡིན་མོད། བོད་ཁ་བ་ཅན་དང་ཁ་གྱེས་ནས་ལོ་ཉི་ཤུ་འགོར་བའི་རིང་རྒྱུས་མེད་ཀྱི་མི་ལ་ཡིད་ཆེས་བྱེད་མཁན་གྱི་མི་བུ་འདི་འདྲ་ཞིག་ལ་དང་པོར་ཐུག་པས། བཤད་མི་ཤེས་པའི་སེམས་ཚོར་རྣོན་པོ་སྐྱེས། སྔོན་ཆད་ངའི་ཕ་ཡུལ་ན་འདི་ལྟ་བུའི་མི་མང་པོ་ཡོད་མོད་ད་ལྟ་ཡོད་དམ། པོར་ཅུ་གྷལ་ན་ལྷག་པའི་ཡུ་རོབ་ཀྱི་སྲོལ་རྒྱུན་རིག་གནས་དང་མི་གཤིས་ཀྱང་འདི་འདྲ་ཡིན་ཨང་། འདི་དག་ནི་ཡུ་རོབ་ཀྱི་མྱུར་སྐྱོབ་རིག་གནས་ཀྱི་རིགས་ཡིན་ནམ་སྙམ་པ་མ་ཟད། གནའ་སྔ་མོའི་དུས་སུ། ཡུ་རོབ་པ་ཚོའང་བོད་དང་འདྲ་བར་ཕན་ཚུན་ལ་ཡིད་ཆེས་དང་བརྩེ་སེམས་ལྡན་པ། རྒྱུ་འབྲས་རྒྱུན་འཇགས་ཀྱི་མི་རིགས་ཤིག་ཡིན་ཨང་སྙམ།
ངའི་ཟིན་བྲིས་འདི་གླ་འཁོར་ཁ་ལོ་བ་གཅིག་བུའི་སྟེང་ནས་འཁོར་སོང་མོད། ས་གསར་བ་འདི་ནས་འབྲེལ་འདྲིས་ཀྱི་ཐོག་མ་གླ་འཁོར་ཁ་ལོ་བ་དག་ཡིན་ཞིང་། དེ་དག་གིས་ཡིད་ཆེས་དང་ཧམ་སེམས་མེད་པའི་འཛུམ་མདངས་རེ་བསྟན་པས་ང་ཚོར་ཡིད་འགུལ་གྱི་དྲན་པ་བསླངས་སོང་། དེའི་ཕྱི་ཉིན་རྒྱལ་སའི་དཀྱིལ་འཁོར་གྱི་གླིང་ཀའི་ནང་དུ། ལྗོངས་རྒྱུར་ཡོང་མ་ཐུབ་པའི་ཧྥ་ཇག་ཚོར་དྲ་ལམ་ནས་གླེང་མོལ་བྱས་ཏེ་མཚན་ནག་བར་དུ་འགོར། གསལ་ལེ་དང་ངེད་གཉིས་ཀྱི་ཐ་མག་ཚར་ནས་ཅི་བྱ་བརྟོལ་བྲལ་དུ་གྱུར་བས། གསལ་ལེས་སྲང་ལམ་གྱི་སྤྲང་བོ་ཞིག་ལ་ཐ་མག་སློང་མོ་བྱས་པར་སྤྲང་བོ་དེས་ཐད་ཀར་རྐང་བཅུ་གྲངས་ཤིག་སྤྲད། གསལ་ལེ་ཡིད་འགུལ་ཐེབས་ཏེ་ཁུག་མ་ནང་ལག་བསྙབས་ཀྱིས་ཡུ་སྒོར་ཉི་ཤུ་སྤྲད་པར། སྤྲང་པོ་དེའང་ཡིད་འགུལ་གྱིས་མིག་ཆུ་ཤོར། ཁོང་གཉིས་ཕན་ཚུན་ཡིད་འགུལ་ཐེབས་ཏེ་མགོ་བོ་གཏུགས་ནས་ཡུན་རིང་ལ་ཁ་བརྡ་བྱས་པར་དགོད་ཅིང་བྲོ་ལ། དོན་དངོས་སུའང་ནུབ་ཕྱོགས་ན་འདི་འདྲའི་གཏོང་ཕོད་ཅན་གྱི་སྤྲང་བོ་མེད་ལ། འདི་འདྲའི་སྦྱིན་པ་པོའང་ཤིན་ཏུ་དཀོན་པས། འདིའང་མི་གཤིས་ཀྱི་གཉོམ་སོ་གཉོམ་དུང་ངེ་བ་ཞིག་གི་སྣང་ཚུལ་རེད་ཨང་།
ཡུལ་དངོས་ལྟ་སྐོར་ལས་རྒྱལ་སྲས་ཧན་རེའི་དྲན་རྟེན་གྱི་བཟོ་དབྱིབས་ནི། གྲུ་གཟིངས་ཤིག་གི་ཚུལ་དུ་རྒྱ་མཚོ་ནང་ལ་བསྐྱོད་པར་གྲ་སྒྲིག་གི་ཚུལ་དུ་བཟོས་ཤིང་། རྒྱབ་ལོགས་སུ་རལ་གྲི་ཞིག་གྲུ་ནང་ལ་བརྡབས་པ་དང་། འགྲམ་ན་རྒྱལ་སྲས་ཧན་རེ་དང་གྲུ་ཤན་པ་སྐོར་ཁག་ཅིག་གི་མགོ་བོ་ནམ་མཁར་གཏད་ནས་རྩལ་ཤུགས་སྤྲུགས་པའི་རྡོ་བརྐོས་གསོན་ཉམས་ལྡན་པ་ཞིག་གིས་རང་གི་མེས་པོར་རྗེས་དྲན་དུ་བཞེངས་པ་དེར་ཡིད་སྨོན་དཔག་མེད་ཅིག་སྐྱེས་ཤིང་། ཉེ་འགྲམ་གྱི་ལོ་རྒྱུས་ལྡན་པའི་ལྷ་ཁང་སོགས་རྫོགས་མཐའ་མེད་པའི་གནའ་ཤུལ་མང་པོ་ཞིག་གི་སྣང་བརྙན་དག་ནི། ཕྱོགས་གཅིག་ནས་སེམས་དང་མིག་གི་ལོངས་སྤྱོད་བཟང་པོ་ཞིག་དང་ཕྱོགས་གཅིག་ནས་རྒྱལ་ཁབ་ཤོར་བའི་མྱི་འཁྱམ་ཞིག་ལ་མཚོན་ན། སྙིང་ནད་གསོ་བའི་གདུག་རྩུབ་ཀྱི་ཆོ་འཕྲུལ་གཞན་ཞིག་ཡིན་པས་ཤེས་འདོད་ཀྱི་ཡི་གའང་དེ་ཙམ་མི་འདུག དེར་བརྟེན། ཚིག་ཇ་དང་ཝུ་ཆང་། མཚོ་ཟས་དང་། སྐམ་ཤ་མར་བསྲེག་མ་བཅས་ཀྱི་རོ་ལ་རོལ་བཞིན་རྩོམ་རིག་གི་གླེང་མོལ་དུ་ཞུགས་ན། ངལ་གསོ་དང་གུང་གསེང་ཡག་ཤོས་ཀྱང་དེར་ངེས་པས། ལྟ་སྐོར་དངོས་གཞི་བེ་ལམ་བཙན་རྫོང་ལའང་མ་ཕྱིན་པར། ཐད་ཀར་པོར་ཅུ་གྷལ་རང་སའི་ཟ་ཁང་གྲགས་ཆེན་ཞིག་གཟས་ནས་སོང་། ཟ་མ་ཟས་ཚར་བ་དང་ཆེད་དུ་བཏུང་བར་རོལ་སའི་ཚིག་ཇ་ཁང་ཞིག་ནས་སྲས་མོ་ལྕམ་སྐུ་མ་རྣམས་དང་ལྷན་ཆང་ལ་རོལ་ཞིང་ཀུ་རེའི་ཁ་མཚར་དང་། ཡིད་འགུལ་སྙིང་གཏམ་གྱི་རྒྱ་མཚོར་རོལ་ནས་མཚན་གྱི་ཆུ་ཚོད་བཅུ་གཉིས་ཡས་མས་བར་བསྡད། དེ་ནས་བྱིས་པ་དང་ལྕམ་སྐུ་ཚོ་འགྲོན་ཁང་ལ་བསྐྱལ་ནས་ཇག་རྒན་ཚོས་ཆང་དུམ་དང་རྒྱུ་མ་སྐམ་པོ། ཆུར་བ་སྐམ་པོ་སོགས་ཆང་ལ་འཕྲོད་པའི་ཟས་རིགས་འགའ་ཁྱེར་ནས་གླིང་ཀའི་ནང་དུ་ཕྱིན།
དྲུག་པ། སྲོག་སྤུན་ཟུང་གི་དམ་བཅའ་གཉན་པོ་དང་མཇུག་མཐའི་སྙན་ངག་གི་གད་རྒྱངས།
མཚན་མོ་དེར། ཚ་གདུག་ཡལ་བ་མ་ཟད། ཟླ་འོད་ཀྱང་བསིལ་མོ་ཞིག་ག་ལེར་ཤ་གསེང་ལ་འཁྱིལ་ཡོང་བ་དང་། གློག་འོད་དག་ཀྱང་ཁྲ་འཁྱིལ་དགུ་འཁྱིལ་གྱི་སྐར་མའི་ཟོལ་གྱིས་ཤར་ཞིང་། བསིལ་རླུང་འཇམ་པོ་ཞིག་གིས་ལྗོན་པ་དག་གི་ཡལ་འདབ་ག་ལེར་སྒུལ། འཛམ་ཆུང་ཡལ་བ་མེད་པའི་སྙིང་སྡུག་མ་བདུད་རྩི་སྐྱིད་དང་དབྱངས་ཅན་མ་ཟུང་གིས་ཀྱང་གར་གྱི་སྟངས་སྟབས་བསྒྱུར། བསླུ་བྲིད་ཀྱི་ནུས་པ་མཐུ་ཆེན་དུ་མངགས་ནས་ཇག་རྒན་ཚོའི་རྣམ་རིག་གློག་དམར་འཁྱུག་འཁྱུག་དང་ཁ་ལྕེ་མེ་སྟག་མཆེད་མཆེད། སྙིང་སྟོབས་སྤྲིན་དཀར་འཕྱོ་འཕྱོ། ཞར་དང་ཞོར་ནས་སྤྱན་ཆབ་ཀྱི་སྦྲང་ཆར་སབ་སིབ་ཀྱང་འཇོ། དེ་དུས་ནམ་གུང་གི་ཆུ་ཚོད་བཅུ་གཉིས་ཏག་ཏག་རེད། སྙན་ངག་པ་གཅན་རང་སད་ཀྱི་སྙན་ངག་ཅིག་གི་ནང་དུ། བྱམས་པ་དགུང་གྲངས་བཅོ་བརྒྱད་ཏག་ཏག་རེད། ཅེས་པ་ལྟར། ཡོད་ཚད་ནས་ཡོད་ཚད་ཆུ་ཚོད་བཅུ་གཉིས་ཏག་ཏག་རེད།
ཨ་ཁུ་སྨན་བླར་སྲོག་སྤུན་དབྱངས་བྷ་ཞེས་འབོད་སྲོལ་ཞིག་ཡོད་པ་ལྟར་བོས་ན། ངའི་ཇག་རོགས་ཚོ་ནི་ས་མཐའི་ངའི་སྲོག་སྤུན་ཚོ་ཡིན། ཧྥ་ཇག་ཚོ་དང་ཡང་དགོས་ངའི་སྲོག་སྤུན་རྒན་ཟླ་བ་ཚེ་རིང་དང་གསལ་ལེ་རྒྱལ་གཉིས་ནི། གླང་ཆེན་སྨྱོན་པ་ཡོང་ན་ལམ་མི་བཤོལ་ལ། གཤིན་རྗེ་ཆོས་རྒྱལ་ཐོན་ན་ཞྭ་མི་འཕུད་མཁན་གྱི་རྒད་པོ་རང་ཚུགས་ཅན་གཉིས་སམ། ཡང་ན་སྐོར་ལོག་གཉིས་ཡིན་མོད། བློ་དཀར་ས་ལ་གངས་རི་ལྟར་དཀར་བའི་མི་བུ་རླབས་ཆེན་གཉིས་ཀྱང་ཡིན། ཁོང་གཉིས་ཕ་རེ་སི་ནས་ར་བཟི་སྟེ་ཕོར་ཅུ་གྷལ་བསྐོར་བ་ཞིག་བྱས་ནས་ར་མ་དྭངས་པར་ཕྱིར་ཕ་རེ་སིར་འབྱོར་མཁན་གྱི་ཡུལ་སྐོར་བ་ཐོག་མ་དེ་གཉིས་ཀྱང་ཡིན་ལ། ཆང་དང་འབྲེལ་བའི་རྣ་སྡུག་དང་བཀའ་སློབ་ཀྱི་དབང་ལུང་མན་ངག་ཆ་ཚང་བརྙེས་པའི་སྐལ་ལྡན་ལས་འཕྲོ་ཅན་པ་དེ་གཉིས་ཀྱང་ཡིན། ངས་ཀྱང་ཁོ་གཉིས་ལ་ཆང་དང་འབྲེལ་བའི་བཀའ་བཀྱོན་དང་ཡིད་ཆད་ཀྱི་དབང་ལུང་ཡོངས་རྫོགས་རྒྱལ་བ་རིན་པོ་ཆེས་བོད་མི་མང་ལ་མང་གཙོ་རང་དབང་གནང་གནང་བྱས་མོད། ཉན་འཇོག་གི་བསམ་འདུན་ཤུགས་དྲག་ནའང་སྙིང་སྡུག་མ་བདུད་རྩི་སྐྱིད་ཀྱི་བརྩེ་སེམས་ལ་གྱེས་བརྡ་གཏོང་མ་ཕོད། ཡིན་ནའང་། ཐེངས་འདིར་ཁོང་གཉིས་རང་འགུལ་གྱིས་དམ་བཅའ་དང་གྲ་སྒྲིག་ཅིག་བྱས་པ་ནི། ཧྥ་ཇག་དབྱར་སྐྱིད་རྫོགས་པ་ནས་ལོ་གསུམ་གྱི་རིང་ཤེས་བཞིན་བསམ་བཞིན་དུ་ཆང་ཐིགས་པ་གཅིག་ཁ་ལ་མི་ལེན་པར་ཤི་ཡུལ་དང་གསོན་ཡུལ་གྱི་ཕ་མ་ཚད་ལ་བཙུགས་ཏེ། ལག་པ་ལག་པའི་ནང་ལ་བཞག་ནས་དམ་བཅས་ཡོད་པས། ད་རེའི་ཧྥ་ཇག་དབྱར་སྐྱིད་ཀྱི་ཡུན་ཚད་བསམ་བཞིན་དུ་ཆང་གིས་བསྐྱལ་བ་རེད། ངེད་ཚོས་ཀྱང་ཁོང་གཉིས་དཀོན་མཆོག་གོང་འཕུད་ཀྱི་ཚུལ་དུ་ཞོགས་ཇར་རོལ་མ་ཐག་ནས་གསེར་སྐྱེམས་ཀྱི་མགོ་འཛུགས་གནང་རྐྱང་དང་། ར་རོ་བར་མི་འགྱུར་བའི་ཕྱིར་ཆང་དཀར་ཉུང་འཐུང་བྱས་པ་ལས། ཝུ་ཆང་ལ་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ཡུལ་སྐོར་གྱི་མཇུག་བསྡུས་པ་ཡིན།
མཇུག་མཐའི་མཚན་མོར། ཁོང་གཉིས་ཀྱིས་དམ་བཅའི་ལྗིད་ཚད་དང་ངོ་བོ་འབྲས་བུ་བཅས་བསྒྲགས་པ་མ་ཟད། ཕ་རེ་སིར་འབྱོར་བ་ནས་བཟུང་བདུད་རྩི་སྐྱིད་ཀྱི་ངོ་ས་ལ་བསྒོར། ཁ་རྒྱ་ལ་གཏད་ཀྱི་ཡིན་རབས་ཀྱི་དམ་བཅའ་རྡོ་རྗེ་བྲག་རི་བཞིན་བཞག ལྕམ་སྐུ་ཞབས་མ་ཚོས་དེ་འདྲ་ཞིག་ཅུང་བཙན་ཐལ་པའི་རེ་འདུན་བཏོན་ནའང་ཁོང་གཉིས་ལ་འགྱུར་བ་མ་བྱུང་། ངའང་ཉ་འདར་བཞིན། ཡིད་གཡོ་བཞིན་ཡར་ལངས་ནས་ཡི་རངས་ཀྱི་ཚིག་འགའ་དང་ལྷན་ཐ་ཚིག་ཅིག་བསྒྲགས་པ་ཡིན། ངའི་ཡུལ་སྐོར་ཟིན་བྲིས་ཀྱི་མཇུག་ཏུ་གནས་ཚུལ་འདི་གསལ་བོར་འགོད་རྒྱུ་ཡིན་པ་མ་ཟད། ཁྱེད་གཉིས་སུ་རུང་དམ་བཅའ་འདི་ལས་གཟུར་བའི་གནས་ཚུལ་རེ་བྱུང་ན། ཉིན་དེ་ནས་བཟུང་། འབྲེལ་ཐག་ཡོད་ཚད་ཆད་པའི་ཉིན་མོ་དེ་ཡིན་པར་མནའ་རབ་ཅིག་གིས་ཐམ་ག་དང་བཅས་སྐད་ཆ་མཇུག་བསྡུས།
གོང་དུ་བཤད་པ་བཞིན། ཇག་རྒན་ཚོ་གླིང་ཀར་འཛོམས་ནས་རྩོམ་རིག་གི་ལྟ་གྲུབ་ཐད་ནས་གླེང་མོལ་སྣ་ཚོགས་བྱས། དོན་གྲུབ་རྒྱལ་གྱིས་རང་མོས་སྙན་ངག་གི་ལམ་སྲོལ་གསར་ཏུ་བཏོད་པ་ནས་གནའ་མཁར་འདྲེ་བཞིའི་སྐབས་སུ་ཁྱི་ཁ་ཚུམས། སྨྱུ་གུར་ཁ་གྲག་ཆུགས་ཞེས་སྙན་ངག་གི་ཁ་ཕྱོགས་ལ་འགྱུར་བ་སོང་རབས། དེ་ནས་མི་རབས་གསུམ་པ་དང་གངས་ཞུན་སོགས་ཀྱི་སྐབས་སུ་འགྱུར་བ་ཕྲན་བུ་བྱུང་བ། བར་སྐབས་ཤིག་ཚིགས་བཅད་བསྐྱར་དར་བྱས་པ། དེ་ནས་རྒྱ་ནག་ཐད་གཏོང་གི་དུས་རབས་ལ་མཆོང་བསྐྱོད་བྱས་པ་ནས་བོད་ཀྱི་སྙན་ངག་གཙང་ཆེན་སྐམ་པའི་སྐོར་སོགས་དང་། སྙན་ངག་པ་ཡི་དམ་ཚེ་རིང་སོགས་བོད་ཡིག་མི་ཤེས་རུང་རིགས་ཞེན་བླ་མེད་ཅན་གྱི་སྙན་ངག་པ་སྐོར་ཁག་ཅིག་གི་སྐོར་སོགས་བཤད་བཤད་ཀི་ཐ་མར། རྗེ་རིན་པོ་ཆེའི་སྙན་ངག་གི་ནང་དུ་བསྐྱོད།
བར་སྐབས་དེར། ཁྱོས་རྗེ་རིན་པོ་ཆེ་ཞེས་སྐད་དེ་འདྲ་མ་རྒྱག མི་རིགས་ཚང་མར་རང་རང་གི་རྗེ་རིན་པོ་ཆེ་ཡོད་རེད། འུ་གོའི་དེ་དེ་འདྲའི་དམིགས་བསལ་བ་ག་རེ་ཡོད་དམ། ཡོད་ན་ཤོད་དང་ཟེར།
བར་སྐབས་དེར། ངའི་ཚོར་བ་སྙིང་སྡུག་མ་བདུད་རྩི་སྐྱིད་ཀྱི་ཤ་དྲོད་ཀྱིས་དྲོས་ཤིང་། ངའི་དྲན་རིག་ངག་དབང་དབྱངས་ལྡན་མས་ཁ་ལོ་བསྒྱུར། དབྱངས་ཅན་མའང་ཏག་ཏག་ལ་རླུང་ལངས་པ་འདྲ། ངའི་ཁ་ལྕེ་དམར་པོར་ཆུ་མི་འགོས་པའི་སྣང་བ་ཞིག་བྱུང་། མདོ་ལས། ཚིག་འབྲུ་བཟང་པོ། ཡོངས་སུ་མ་འདྲེས་པ་ཞེས་པས་རྒྱལ་བའི་གསུང་གི་ཁྱད་ཆོས་བསྟན་པ་མ་ཟད། སྙན་ངག་བསྟན་པ་དང་། རྗེ་རིན་པོ་ཆེས་ཁུངས་དེ་ལ་གཏུགས་ནས་སྙན་ངག་རིག་པ་བོད་ཀྱི་རིག་གནས་ཆུང་བ་ལྔ་ལས་ཆེ་བ་ལྔའི་གནས་སུ་འཐེན་པ་མ་ཟད། རིག་གནས་ཆེ་བ་ལྔ་ལས་ཀྱང་བློ་གྲོས་ཆེན་པོ་བ་རྣམས་ཀྱིས་ངེས་པར་སྦྱངས་དགོས་པའི་རིག་གནས་གསུམ་དམིགས་སུ་བཀར་ནས་དེའི་གཅིག་ལ་སྙན་ངག་བགྲངས་ཡོད་རབས། རྗེ་རིན་པོ་ཆེ་གསུང་འབུམ་དུམ་ཆེན་བཅོ་བརྒྱད་པོ་རེ་རེ་བཞིན། མགོ་སྙན་ངག་གིས་བརྩམས་ཏེ་མཇུག་སྙན་ངག་གིས་བསྡུས་ཡོད་རབས། ཆོས་པ་ཡིན་ཡང་སྙན་ངག་གི་སྐལ་ཆད་པ་རྣམས་ནི་གཞན་དོན་སྒྲུབ་པའི་མཛད་པ་རྒྱུན་ཆད་ཀྱི་རིགས་སུ་གཏོགས་རབས། དཔལ་ལྡན་ཟླ་བ་གྲགས་པ་དང་དཔལ་མགོན་འཕགས་པ་ཀླུ་སྒྲུབ། རྒྱལ་སྲས་ཆེན་པོ་ཞི་བ་ལྷ། ཡང་སྒོས་རྗེ་ཙོང་ཁ་བ་བཅས་ཀྱི་བརྩམས་ཆོས་ཀྱི་འཕྲིན་ལས་ཉམས་པ་མེད་པར། ལོ་ཇི་ལྟར་བརྒལ་ན་འོད་དེ་ལྟར་མཆེད་པའང་དེ་དག་ཆོས་པ་དང་མཚན་ཉིད་རིག་པ་བ་ཡིན་པའི་རྒྱུ་མཚན་ཙམ་མིན་པར། གཙོ་བོ་ནང་གི་རྒྱལ་བོ་ནི་སྙན་ངག་ལ་དབང་འབྱོར་བའི་རྒྱུ་མཚན་ལ་ཐུག་པ་དང་། རྗེ་རིན་པོ་ཆེས་སྙན་ངག་དེ་གཞན་དོན་སྒྲུབ་པའི་ཐབས་བླ་ན་མེད་པར་གསུངས་པའི་བདེན་རྟགས་གསོན་པོ་ཡིན་རབས།
སྙན་ངག་ནི། ཐོས་བསམ་སྒོམ་གསུམ་ལས་ཀྱང་སྒོམ་པའི་ཆར་གཏོགས་པའི་ཆ་ནས། ཆོས་པ་སྒོམ་ཆེན་པ་མི་ལ་རས་པ་དང་། གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་ཀྱིས་སྙན་ངག་གི་གཏམ་གྱི་རྒྱ་མཚོ་བསྐྱིལ་ནས་ཡོང་རབས། དེང་རབས་བོད་ཀྱི་སྙན་ངག་དཔྱད་བརྗོད་པ་ཚོས་བོད་ཀྱི་གནའ་རྩོམ་རྣམས་ནི་བསྟོད་རྩོམ་ལས་འདས་ཡོད་མ་རེད་ཅེས་སྒམ་ཚུགས་འཛིན་པ་དེ་ནི། སྒམ་ཚུགས་ཤིག་མིན་པར་སྒོམ་པར་འདྲིས་ཆ་མེད་པའི་རྟགས་མཚན་བླ་ན་མེད་པ་ཞིག་རེད། རྗེ་ཙོང་ཁ་བའི་སྙན་ངག་མང་པོ་ཞིག་བརྩེ་བ་སྙིང་རྗེ་ཆེན་པོ་སྙིང་བོ་ཅན་གྱི་སྒོམ་བྱུང་གི་མྱོང་བ་དམར་རྗེན་མ་ཤ་སྟག་རེད།
མཁས་པ་ཡིན་ནོ་ལོ་འགས་སྙན་ངག་དམའ་སར་དེད་དེ་ཞིབ་འཇུག་དང་ཚན་རིག་ཅེས་འུར་བ་དེ་གསར་རྩོམ་གྱི་རྩ་སྐམ་ནས་ལུང་སྐམ་ཕྱོགས་སྒྲིག་གི་ངལ་བ་ལྷུར་ལེན་པ་ཞིག་རེད། ཡང་གཅིག་བཤད་ན། དེ་དག་ནི་དཀོན་མཆོག་གྷོ་གྷལ་གྱིས་བཟོས་པའི་མཁས་དབང་ཚོ་དང་དེ་ལ་ཡི་རངས་པའི་རིགས་ཤིག་རེད།
ཆོས་པ་ཡིན་མདོག་གིས་སྙན་ངག་སྦྱངས་ན་འདོད་པ་འཕེལ་བའི་གཞི་རུ་ངོས་འཛིན་མཁན་ཚོས་སྙན་ངག་ག་ལ་ངོས་ཟིན། བརྩེ་བའང་ངོ་ཤེས་ཀྱི་མེད། བརྩེ་བ་མེད་ན་གྲོགས་དང་གཉེན་ཉེ་ག་ལ་ཡོད། ཕ་མ་དང་བུ་ཕྲུག་ཅེས་པའང་བརྩེ་བ་ཉག་གཅིག་གི་འབྲེལ་ཐག་གིས་སྦྲེལ་བར་ཡིད་བློ་ཙམ་ཡང་ཕྱོགས་མེད་པས། དེ་དག་གིས་དཔལ་ལྡན་ཟླ་བ་གྲགས་པས། དང་པོར་བདག་གིས་སྙིང་རྗེ་བསྟོད་པར་བགྱི། །ཞེས། དབུ་མ་འཇུག་པའི་ཐོག་མར་བརྩེ་བ་སྙིང་རྗེ་ཆེན་པོར་བསྟོད་པ་དང་། འཚང་རྒྱ་བར་འདོད་ན་བརྩེ་བ་སྙིང་རྗེ་ཆེན་པོ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་གདམས་པའི་གནད་ཀྱི་དོན་པོར་ཡིད་དཔྱོད་ཀྱི་རྟོག་པ་ཙམ་ཡང་སྐྱེས་ཐུབ་མེད།
ནང་བའི་ཆོས་ཀྱི་སྙིང་བོར་ནན་གྱིས་གསུངས་པའི་སྟོང་བ་རྟེན་འབྲེལ་ཞེས་པའང་། རྡུལ་ཕྲན་དང་ནུས་ཤུགས་འགའ་ཤས་ཀྱི་འབྲེལ་ཐག་ར་འཕྲོད་རྒྱུ་ཙམ་མིན་པར་བརྩེ་བའི་འབྲེལ་ཐག་ལ་ངེས་པ་གཏིང་ནས་རྙེད་རྒྱུ་དེ་ཡིན་པས། སྟོང་ཉིད་སྙིང་རྗེ་སྙིང་བོ་ཅན་ཞེས་པའི་ཐ་སྙད་ཟབ་ལ་བརླིང་བ་དེ་ཐོན་པ་ཡིན།
སྙན་ངག་ནི། བརྩེ་བ་སྙིང་བོ་ཅན་གྱི་རྩོམ་རིག་ཨང་ཀི་དང་པོ་དེ་ཡིན་པས། གཞན་དོན་སྒྲུབ་འདོད་ཀྱི་སེམས་པ་དྲག་ཏུ་འཕྱོ་ན་སྙན་ངག་འདོར་བ་ནི་ཐབས་ལ་མི་མཁས་པའི་བྱ་བ་འབའ་ཞིག་ཡིན། རྗེ་ཙོང་ཁ་པས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཅེས་པའི་ང་རོ་དེའང་དགོས་པ་རྒྱུ་མཚན་དེའི་དབང་གིས་བསྒྲགས་པ་དང་། ད་དུང་། གསུངས་ཤིང་ཤིན་ཏུ་དཀར་བའི་ཁང་བཟང་ལའང་། །བསིལ་ཟེར་བྱེད་པའི་འོད་ཀྱིས་བྱུགས་པ་བཞིན། །དོན་བཟང་བ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས། །སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། །ཞེས་སྙན་ངག་གི་དགེ་མཚན་གླེང་བ་རེད། སྙན་ངག་ལ་ཚིག་གི་མཆོག་དང་ངག་གི་དཔལ་ཞེས་པའི་ཟབ་བརླིང་གནད་འཁེལ་གྱི་མཚན་འདི་གདགས་པར་མཛད་པ་མ་ཡིན་ནམ།
རྗེ་ཙོང་ཁ་པས། ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་གྱིས་ཞེས་དུམ་ཆེན་བཅོ་བརྒྱད་ཀྱི་མགོ་ནས་མཇུག་བར་བཀངས་མོད། བོད་ཀྱི་ཆོས་པ་ཚོ་ཐོས་རྐྱང་རིགས་རྐྱང་གིས་གྲོད་ཁོག་བརྒྱངས་ཏེ་ཐོས་སྒམ་ཡ་བྲལ་དུ་གྱུར་བས། མིག་ལ་མི་རན་པའི་ཆོས་པ་དམར་ལྡང་མ་སྐོར་ཁག་ཅིག་འུ་ཚོས་ཡང་ཡང་མཐོང་བ་མ་ཡིན་ནམ། རྗེ་ཙོང་ཁ་པས། མཁས་པ་ལ་སྙན་ངག་ལས་ལྷག་པའི་ཡིད་འཕྲོག་གི་ནོར་བུ་གཞན་མེད་པ་དང་། གཞན་དོན་དང་སྙན་ངག་ཡ་བྲལ་མི་འོས་པའི་མགྲིན་པ་ནམ་མཁའི་མཐོངས་སུ་བསྲིངས་ནའང་། སྙན་ངག་སྦྱངས་ན་འདོད་པ་འཕེལ་ནས་གྲྭ་མགོ་མི་ཐོན། མགུར་མར་བལྟས་ན་རི་ལ་བྲོས་ནས་ཆོས་མགོ་མི་ཐོན་པའི་བཤད་ཡམས་གཉིས་འུ་ཚོའི་ཆོས་པའི་སྡེ་རུ་དར་བ་མ་ཡིན་ནམ།
སྐབས་དེར། པོར་ཅུ་གྷལ་གྱི་རྒྱལ་སའི་མཁའ་ན་ཤར་བའི་སྐར་མའི་ཚོགས་དང་། ས་ན་བཞད་པའི་གློག་འོད་ཀྱི་ཚོགས་ཀྱང་འོད་ཀྱིག་གེར་འཛུམ་དམུལ་ལེར་ང་ལ་ཉན་པའི་སྣང་བ་ཞིག་བྱུང་བ་དང་། རྗེ་ཙོང་ཁ་པའི་ཤེས་རབ་དང་བྱམས་བརྩེའི་གདམས་པས་ཡིད་རབ་ཏུ་གཡོས་ཤིང་མོས་གུས་ཤུགས་དྲག་པོ་ཞིག་གིས་རང་སེམས་ཀྱང་རྣམ་པ་དགུ་རུ་གཡོས་ཤིང་གནམ་ས་ཆ་ལང་རྡེབ་པའི་སྣང་བ་ཞིག་གིས། བདག་གི་མགྲིན་པ་བརྣང་ཞིང་སྐད་ལ་འདར་ཆ་ཐོན། མིག་རྩ་ཁྲག་གིས་ཚོས་ཤིང་གདོང་ལ་མཆི་མ་ལུད།
གསལ་ལེས། དེ་བདེན་གི་མོ། སྙན་ངག་སྦྱངས་ནས་ཁྱོད་ར་སྡོམ་མགོ་མ་ཐོན་པ་ལོས་ཡིན་ཟེར། ཚིག་དེས་ངེད་ཅག་འུར་དིར་རེ་བཏང་། གསལ་ལེའི་ཁ་མཚར་དང་ཀུ་རེ་ཚིག་རྒྱག་གིས་མྱི་དགོད་འཇུག་ལ། ཁྲོ་ཡང་འཇུག ངེད་ཅག་གི་དབྱར་སྐྱིད་ལ་གསལ་ལེ་མེད་ན། ཕལ་ཆེར་ངེད་ཅག་པོར་ཅུ་གྷལ་ནས་གད་མོ་གཅིག་མ་བགད་པར་ཕ་རེ་སིར་ལོགས་དགོས་རྒྱུ་རེད། གསལ་ལེ་ཡོད་པས་ངེད་ཅག་གི་དགོད་སྒྲ་དང་འུར་མ་འཇགས་པར་ཧྥ་ཇག་དབྱར་གནས་གྲོལ་བ་ཡིན།
ཇག་རྒན་རྡོ་གོར་མོ་དང་རྒན་ཟླ་བ་གཉིས་ཀྱིས་སྐད་ཆ་འདི་གསར་བ་ཞིག་རེད། ངོས་འཛིན་གཞན་ཞིག་རེད། འདི་ངེས་པར་དུ་རྩོམ་ཡིག་ཅིག་གི་ངོ་བོར་འབྲི་དགོས་པའི་དགོས་འདུན་བཏོན། སྲོག་སྤུན་གསལ་ལེ་རྒྱལ་གྱིས། ཁྱོད་སྐད་ཆ་འདིར་ཉན་བསྡད་ན་ཅིག་ལོས་ཡིན་འདོད་མོད། འདི་འབྲི་ཉན་རྒྱུ་མ་རེད། མ་འབྲི། ཨ་ཕ་ལེ་ལེ་ཟེར། ཁོང་གཉིས་ཀྱིས་ཅིའི་ཕྱིར་བྲིས་ན་མི་འགྲིག་པའི་ཐད་བཙིར་འདེད་བྱས་པར། ང་ལ་སྐྱོན་འདི་ཞེས་འཛུགས་ས་མེད་ནའང་། ངས་འདིས་བཤད་ཀོ་ནོ་འདི་གློའུ་བཤད་ཅིག་ཨེ་ཡིན་ནམ་སྙམ་པའི་སེམས་ཁྲེལ་འདུག གལ་ཏེ་གློའུ་བཤད་ཅིག་ཡིན་ན་མ་བྲིས་ན་བཟང་ག་ཟེར།
དེ་ལྟར་ངེད་ཅག་བརྩེ་བ་དང་རྩོམ་རིག རིགས་ཞེན་གྱི་རྟེན་འབྲེལ་ལམ་འབྲེལ་ཐག་གིས་འདུས་བྱས་པའི་དམར་ཆུང་སྲོག་གི་སྤུན་ཁོ་ཚོས་དགའ་སྐྱོ་ཆགས་སྡང་གི་སྐད་སྒྲས་པོར་ཅུ་གྷལ་གྱི་རྒྱལ་ས་འུར་ལ་བསྐུར། ལྷིང་འཇགས་ཧྲུལ་བོར་གཏེད། འདི་ནི་གངས་འདབས་ཀྱི་ཇག་རྒོད་སྐོར་ཞིག་གིས་པོར་ཅུ་གྷལ་གྱི་མཚོ་ཇག་ཚོའི་རྗེས་ཤུལ་ཉུལ་བའི་སྐབས་ཀྱི་དྲན་ཐོ་ཐ་ཐོར་ཡིན།
ཤེད་བུས། སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༠༨ པའི་ཚེས་ ༢༡ ཉིན་རྫོགས་པར་བྲིས།
སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༡༢ པའི་ཚེས་ ༣༡ ཉིན་བསྐྱར་ཞིབ་ཐན་ཐུན་ཞིག་གིས་རྫོགས་པར་བྱས་པ་དགེ་ལེགས་སུ་གྱུར་ཅིག་གུ།
སྙན་ངག་ངོས་འཛིན་གྱི་ཟྐོར་ལས་འཕྲོས་པའི་བསམ་ཚུལ་དེ་ལེགས། བསམ་ཚུལ་ཞིག་སྤེལ་འདོད་སོང་སྟེ། ཡི་ཚོགས་མང་སོང་བ་འདྲ། ཡར་སྤེལ་ཤེས་མ་སོང་།
ཇག་དཔོན་ཤེད་ཀྱི་བུས་གཙོས་ཇག་གྲོགས་རྣམ་པ་ལ་ཕྱི་ལོ་གསར་ཚེས་རྟ་འདོ་བ་བསམ་པའི་དོན་འགྲུབ་ཀྱི་ལོ་ལ། ཅི་འདོད་འབད་པའི་ཤུགས་ལ་བརྟེན་ནས། ལེགས་སྒྲུབ་ཐུབ་་པའི་སྨོན་འདུན་ཞུ། ཐུབ་བསྟན་སྲོག་གི་བྱམས་དང་སྙིང་རྗེའི་བདག །
བདག་མེད་སྨྲ་བའི་སེང་གེའི་ནགས་སུ་གནས། །
གནས་བདག་བྲན་དུ་འཁོར་རྒྱུག་བྱེད་པ་ཡི། །
ཡི་དམ་རྣལ་འབྱོར་དྲང་སྲོང་རིགས་ཀྱི་བུ། །
བུ་མཆོག་རྟོགས་པའི་གདེང་ཚོད་མཐོ་བ་ལ། །
ལ་ལུང་བརྒལ་བའི་སྐེད་ཆིངས་རང་བྱུང་མཛེས། །
མཛེས་པའི་ནང་གི་མཛེས་པ་སྙན་ངག་ཉིད། །
ཉིད་ཀྱིས་མཐོང་ན་ཆོས་ཉིད་གཞན་ཡོད་དམ། །
ཡུལ་སྐོར་ཟིན་བྲིས་ཀྱི་མཇུག་གི་དུམ་ཚན་བཀླགས་འཕྲལ་དུ་ལུགས་ལྡོག་གིས་ཡིད་ལ་གང་ཤར་དོན་ནོར་དང་བཅས་ཤར་མར་བྲིས།
དམར་ཡག་སྟག་གི་སྙིང་ཁམས་ཅན་གྱི་གསར་རྒོད་ཀྱེ། ཀི་བཞེངས་ལན་གསུམ་གྱིས་དང་། རྟ་མཆོག་བསམ་པའི་དོན་འགྲུབ་ཀྱི་ཁ་རྔོག་སྤྲིན་ལ་འདྲེས་ནས་སླེབས་སོང་།
ཤུག་དམར་སྡོང་ཕྲུག་གི་རང་མདངས་རྒྱས་པའི་སྨན་ཤར་ལགས། མཆོད་ཁ་ལན་གསུམ་གྱིས་དང་། རྟ་མཆོག་བསམ་པའི་དོན་འགྲུབ་ཀྱི་འཚེར་སྐད་ལྷང་ལྷང་སླེབས་སོང་།
དེ་རིང་རྟ་ཐོག་གི་མི་རིགས་ཤིག་རང་དབང་གི་དཔལ་ལ་རོལ་བའི་ལོ་ཚེས་སོང་། ས་སྟེང་གི་འབུ་སྲིན་གྲོག་རིགས་ཚང་མ་རྟ་མཆོག་རྒོད་པོའི་རྨིག་འོག་ལ་བརྫི་བའི་ལོ་གསར་བ་ཚེས་སོང་། བཀྲ་ཤིས་བདེ་ལེགས།
ཤེད་བུས། སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༠༡ ཚེས་ ༠༡ ཉིན།
ཧྥ་རན་སའི་རྒྱལ་ས་ཕ་རེ་སིར།