Back To Top

ཨོ་རྒྱན་སྐྱབས་ཟེར་བའི་གསར་བུ་དེ།

བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས།

བཀླགས་གྲངས། 605

ད་ལོའི་བོད་མིའི་སྤྱི་འཐུས་འོས་མིའི་ཁྲོད་ནས་ཨོ་རྒྱན་སྐྱབས་ཞེས་པར་དོ་སྣང་ཆེན་པོ་བྱུང་། ཁོས་མཚམས་མ་བཞག་པར་ཆུ་ཚོད་ལྔ་དང་སྐར་མ་བཅུ་ཅན་གྱི་ཐད་གཏོང་གཏམ་བཤད་ཅིག་བྱས་ཐལ། གཏམ་བཤད་དེ་ལས་ཁོའི་ཡོན་ཏན་མཐོང་གི་འདུག རྣམ་དཔྱོད་འཇུར་གིན་འདུག སེམས་ཤུགས་རིག་གི་འདུག ངས་ཀྱང་གཏམ་བཤད་དེ་ཐེངས་གསུམ་ལ་ཉན་པ་ཡིན། ཐ་མའི་སྐབས་སུ་དབྱེ་ཞིབ་བྱེད་འདུན་གྱི་བསམ་བློ་ཞིག་འཁོར་སོང་། སྐབས་སྔོན་མར་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་མུ་འབྲེལ་ཐད་གཏོང་གཏམ་བཤད་རིམ་པ་ཅན་ཞིག་གནང་ནས། སྤྱི་ཚོགས་ཀྱི་གོ་རྟོགས་ལ་ནུས་པ་བླ་ལྷག་ཐོན་པ་མ་ཟད། ཁོའི་འཇོན་ཐང་དང་ཤེས་རབ་ངོ་མའང་རྣམ་དཔྱོད་ཅན་དག་གིས་གསལ་བོར་མཐོང་བ་རེད། དེའི་ཕྱིར། བདེ་བླག་ངང་མང་གཙོའི་རྒྱལ་ཁའང་ཐོབ་པ་རེད། དེ་ནི་སྐབས་སྔ་མ་དག་གི་སྐབས་ཀྱི་སྲིད་ཟུར་བློ་སེང་གི་ཁ་གཏད་དུ་ལངས་ནས་སྤྱི་ཚོགས་སྐོར་བསྐྱོད་སྡིངས་ཆ་འཁྲུག་པོ་བཟུང་བ་དག་ལས་ཀྱང་ཕན་པ་ཅན་དང་ས་ཆོད་ཅན་ཞིག་ལ་མཐོང་གི་འདུག

ད་རེའི་ཨོ་རྒྱན་སྐྱབས་ལགས་ཀྱི་གཏམ་བཤད་དེ་དག་ཀྱང་དེ་ལྟར་ས་ཆོད་ཆེ་ལ་ངེས་ཤེས་འདྲོངས་ངེས་ཤིག་ལ་མཐོང་བས་སྙིང་ནས་བཀའ་དྲིན་ཆེ་ཞུ་བར་འདོད། མ་གཞི་སྤྱི་འཐུས་འོས་མི་ལྷ་ལུང་རྒྱལ་ལགས་དང་སྒོ་དྲུག་སྐལ་བཟང་ལགས། ཟླ་བ་ཚེ་རིང་ལགས་ལྟ་བུར་དེ་ལྟར་གཏམ་བཤད་ཀྱི་འཇོན་ཐང་ཡོད་པར་འདོད་མོད། དེ་ལྟར་བརྩོན་ལེན་མ་གནང་བར་འོས་མི་སྨྱོན་པ་ཚོ་དང་ལྷན་དུ་སྡིངས་ཆ་ཐན་ཐུན་རེ་རེ་ནས་སྐད་ཆ་དམ་དུམ་རེ་རླུང་ལ་བསྐུར་ནས་འོས་རྩོད་གནང་གིན་པར་འདོད་པ་མ་ཁེངས་པའི་ཚོར་སྣང་བྱུང་།

གཅིག ཨོ་རྒྱན་གྱིས་ཕ་ཡུལ་ཨང་དང་པོར་བསྒྲགས་སོང་།

ཁོས་རང་གི་ཕ་ཡུལ་དཔའ་རིས་ནི་རྒྱ་བོད་ཀྱི་ས་མཚམས་ལ་འཁེལ་བས་དེ་ནས་སྤྱི་འཐུས་ཤིག་བྱུང་ན། ཕ་ཡུལ་གྱི་བོད་སེམས་ཅན་དག་ལ་སེམས་ཤུགས་བསྐྲུན་ཐུབ་པ་དངོས་སུ་བཤད་ནས། མ་འོངས་པར་རྒྱ་བོད་ཀྱི་ས་མཚམས་རྩོད་གླེང་སྐབས་དགོས་དམིགས་ཆེ་བ་ཤུགས་ཀྱིས་བསྟན་སོང་། ཕྱི་མ་འདི་ཁོས་དངོས་སུ་མ་སྨྲས་ཀྱང་ངས་དེ་ལྟར་འདོད། ཡིན་ནའང་། དང་པོར་ང་གད་མོ་ཤོར་སོང་། ཨ་མདོ་མ་གཞི་ནས་རྒྱ་བོད་ཀྱི་ས་མཚམས་ལ་འཁེལ་བས་དེ་ནི་རྒྱུ་མཚན་ཞིག་མ་རེད་འདོད།

ཡིན་ནའང་། རྒྱལ་མཆོག་བཅུ་བཞི་པ་དང་པན་ཆེན་བཅུ་པ་ཆེན་པོ་མཆོག་གཉིས་མདོ་སྨད་དུ་འཁྲུངས་པ་ནི། ཆེད་དུ་འཁྲུངས་པ་དང་། ས་དེ་ནི་བོད་ས་ཡིན་པ་མ་ཟད། རྒྱལ་བ་པཎ་ཆེན་གཉིས་འཁྲུངས་ས་ཡིན་པར་སྟོན་པ་རེད་ཅེས་བཤད་སྟངས་ཤིག་ཡོད། དེའང་འདང་ཞིག་བརྒྱབ་ན། བདེན་ལུགས་ཡོད་དེ། མདོ་སྨད་ནས་རྒྱ་འགྱུར་གྱི་ཉེན་ཁ་ཆེས་ཆེ་བའི་ས་ཁུལ་གཉིས་ནི། གྲོང་ཁྱེར་ཟི་ལིང་དང་འདབས་འབྲེལ་གྱི་རྒྱལ་བའི་འཁྲུངས་གཞིས་སྟག་འཚེར་གཡས་གཡོན་དང་། ཁ་ཆེ་རང་སྐྱོང་ས་ཁུལ་གྱི་དཀྱིལ་དབུས་ཀྱི་པཎ་ཆེན་རིན་པོ་ཆེའི་འཁྲུངས་གཞིས་བིས་མདོ་གཡས་གཡོན་ཡིན་འདུག དེ་བཞིན་དཔའ་རིས་ཀྱང་སྟག་འཚེར་དང་འདབས་འབྲེལ་གྱི་རྒྱ་འགྱུར་ཉེན་ཁ་ཚབས་ཆེ་བའི་གནས་ཤིག་ཡིན། དཔའ་རིས་ནས་རྒྱལ་བ་པཎ་ཆེན་འཁྲུངས་མ་ཐུབ་ནའང་བོད་མི་མང་སྤྱི་འཐུས་ཤིག་འཁྲུངས་ན་དེས་ཕ་ཡུལ་གྱི་མིང་མང་ལ་བརྡ་ཞིག་སྟོན་པ་མ་ཟད། ལོ་རྒྱུས་ཀྱི་བདེན་དཔང་རྩོད་མེད་ཅིག་ཏན་ཏན་ཡིན་པ་རེད། བོད་གཞིས་ལ་མཚོན་ནའང་། ཤེས་ཡོན་ཅན་དག་གི་དཔའ་རིས་པ་རེ་བ་ཅན་རེ་རིག་ན་དམིགས་བསལ་གྱིས་སྐྱེད་བསྲིང་གང་ནུས་བྱེད་ཀྱིན་ཡོད་མོད། འདིའི་སྐོར་རྒྱས་གླེང་མི་བྱ།

གཉིས། ཨོ་རྒྱན་གྱིས་བོད་མིའི་འཐབ་རྩོད་གཉིས་པར་བསྒྲགས་སོང་།

ང་ཚོས་རང་གི་རྐང་པའི་སྟེང་ལངས་དགོས་པ་རེད་ཟེར་གྱིན་ཟེར་གྱིན་གཞན་ལ་རེ་བ་བརྒྱབ་ནས་ཁ་ནུབ་ཕྱོགས་ལ་འཁོར་ཏེ། བོད་དོན་རོགས་སྐྱོར་བཙལ་ནས་ལོ་དྲུག་ཅུ་བསྐྱལ་བ་རེད། དེས་ཕན་གི་མི་འདུག རང་གི་རྐང་བའི་སྟེང་ལངས་ན་ཁ་བོད་ལ་འཁོར་ནས། བོད་ནང་ནས་འཐབ་རྩོད་བྱེད་པར་སྐུལ་སློང་གཏོང་དགོས་པ་དང་། རྒྱ་མིའི་དྲ་རྩིག་གཏོར་བྱེད་ཀྱི་མཉེན་ཆས་དག་བརྒྱུད་ནས་ཁ་པར་དང་ལྷན་དུ། འཚེ་མེད་ཞི་བའི་འཐབ་རྩོད་བྱེད་པར་བཀོད་འདོམས་ཐུབ་དགོས་པར་བཤད་སོང་། ད་དུང་དེང་སྐབས་སྔོན་མ་དང་མི་འདྲ་བར་བོད་ནང་ནས་ཀྱང་རྒྱ་མིས་བསད་ཆོག་ཆོག་ཡོད་པ་མ་རེད་ཅེས་བཤད་སོང་། བོད་ནང་ནས་དེ་འདྲའི་ལངས་ཆོག་ཆོག་ཅིག་ག་ལ་ཡོད་སྙམ་པ་མ་ཟད། བོད་ནང་གི་མིའི་ཚེ་སྲོག་ལ་ཤིན་ཏུ་དམར་ནའང་དོན་ཆེན་པོ་དང་བློས་གཏོང་ཆེན་པོ་གཉིས་སུས་ཀྱང་རྐྱ་བཀར་མི་ཐུབ།

དེར་བརྟེན། མཐར་ཐུག་གི་འབབ་ས་འདི་རེད། དེ་ཁས་ལེན་དགོས་ཀྱི་འདུག ལྷག་པར་སྐད་ཆ་འདི་རྒྱ་ནག་ལ་ཧ་ཅང་གནོད་པའི་སྐད་ཆ་ཞིག་རེད། དགོས་པ་རྒྱུ་མཚན་ཆེན་པོ་འདུག བཀའ་དྲིན་ཆེ་ཞུ་བར་འདོད། རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ནུས་པ་མཐུ་ཅན་དུ་གྱུར་ནས་བཙན་བྱོལ་བོད་མི་མང་པོ་ཞིག་སྡར་མ་སྡར་རྐྱང་ལ་འགྱུར་བཞིན་པའི་སྐབས་འདིར་སྐད་ཆ་འདི་ཙམ་ཡང་ཧ་ཅང་རྩ་ཆེན་པོ་དང་དགོས་པ་རྒྱུ་མཚན་ལྡན་པ་ཞིག་རེད།

གསུམ་པ། དཔལ་འབྱོར་གྱི་སྐོར་ནས་བསྒྲགས་སོང་།

དངུལ་ཁང་འཛུགས་མི་ཐུབ་ནའང་དངུལ་ཁང་གི་ཚབ་ལ་བསམ་བློ་བཏང་ཆོག་པ་དང་། སྒོར་མོས་སྒོར་མོ་འཚོལ་དགོས་ལུགས་སོགས་དཔེ་དང་འབྲེལ། གཞུང་ལུགས་དང་སྦྲགས། ལོ་རྒྱུས་དང་སྦྱར་ནས་རྒྱས་པར་བཤད་སོང་མོད། ང་ལ་བསམ་ཚུལ་འདོན་པའི་ནུས་པ་མི་འདུག ཡིན་ནའང་། དེང་རབས་ཅན་དུ་བསྐྱོད་ཐབས་སྐོར་འཆད་སྐབས། འཇར

པན་གྱིས་འཛམ་གླིང་ལ་རིག་པ་བཙལ་བའི་སྐོར་དང་འབྲེལ་མགྱོགས་མྱུར་ངང་ཚད་བརྒལ་གྱི་ཡར་རྒྱས་ཕྱིན་པའི་ལོ་རྒྱུས་དང་སྦྱར་ནས་དཔལ་འབྱོར་རིག་པའི་དཔེ་ཆ་བོད་བསྒྱུར་དང་ལག་ཆ་ལེན་ཐབས་ཀྱི་སྐོར་དེ། ཧ་ཅང་སྙན་པོར་མཐོང་ལ་དཔལ་འབྱོར་གྱི་སྐོར་ངོ་མའང་དེ་རེད་སྙམ།

བཞི་པ། ཨོ་རྒྱན་གྱིས་བོད་མིའི་མང་གཙོའི་སྐོར་བསྒྲགས་སོང་།

མདོར་དྲིལ་ན། མང་གཙོ་ནི་མང་གཙོ་རང་ཡིན་པས། མང་གཙོའི་རྩ་བའི་རྩ་དོན་ནང་དུ་དམིགས་བསལ་ཡོང་ས་མེད་ཅེས་ཆོས་བརྒྱུད་སྤྱི་འཐུས་དང་ཨ་རི་དང་ཡུ་རོབ་ཀྱི་སྤྱི་འཐུས་ཕྱིར་བསྡུ་དགོས་པར་བསྒྲགས་སོང་། བསམ་ཚུལ་འདི་གཉིས་ནི་ངའི་དྲན་ཕྱོགས་དང་འདྲ་བོ་རེད། སྤྱི་ལོ་༢༠༠༥ ལོར་ངས་ཆོས་བརྒྱད་སྤྱི་འཐུས་མི་དགོས་པའི་རྩོམ་ཡིག་བྲིས་པ་མ་ཟད། ༢༠༡༠ ལོར་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་བསྒྲགས་གཏམ་སྤེལ་མྱོང་ལ རྩོམ་ཡིག་འགའ་ཤས་བྲིས་ལ་བགྲོ་གླེང་འགའ་ཤས་སུའང་དེ་ལྟར་བཤད་མྱོང་། རྩོམ་ཡིག་གཅིག་ ༼ https://tibettimes.net/2010/01/28/100175/ ༽ དྲ་ཐག་འདིར་ཡོད།

མི་གཅིག་འོས་གཅིག་ཅེས་པའི་ནུབ་ཕྱོགས་ཀྱི་བཤད་སྟངས་དག་ངས་མི་ཤེས་མོད། སྐབས་དེར་ཆོས་བརྒྱུད་སྤྱི་འཐུས་ཞེས་པ་འདིས་བསྟན་པ་གནོད་ཆེན་པོ་སྐྱེལ་ངེས་པའི་ཚོར་ཤུགས་རྣོན་པོ་ཞིག་གིས། ངས་རྩོམ་ཡིག་དེ་དག་བྲིས་པ་ཡིན། སངས་རྒྱས་ཐུགས་རྗེ་ཅན་གྱིས། ང་ཡི་བསྟན་པ་ཟབ་མོ་འདི། །གཞན་གྱིས་འཇིགས་པར་མི་ནུས་ཏེ། །ང་མིན་ང་འདྲ་གཅིག་གིས་བཤིག །ཅེས་གསུངས་པ་ལྟར། ཆོས་བརྒྱུད་སྤྱི་འཐུས་ཚོས་སྟོན་པའི་ཆོས་གོས་སྤྲས། །ཆོས་པ་ཡིན་ཁུལ་བྱས། ཆོས་པའི་ཚབ་མཚོན་ཁུལ་བྱས་ནས་མི་མང་པོའི་སེམས་ཀྱི་དད་པ་བརླག དགེ་འདུན་གྱི་སྡེ་ཆེན་པོར་ཁ་གཏོང་བཅུགས་ནས་ལས་ངན་བསགས་བཅུག་པ་ནི། མི་དེ་དག་གི་སེམས་ཀྱི་བསྟན་པ་བཤིགས་པ་རེད། དེ་དག་གི་སེམས་ཀྱི་དད་མོས་ནི་དེ་དག་གི་སེམས་ཀྱི་སངས་རྒྱས་ཀྱི་བསྟན་པ་རེད། དེར་བརྟེན། ཆོས་བརྒྱུད་སྤྱི་འཐུས་གླེང་དུས་སངས་རྒྱས་ཀྱི་བསྟན་པའི་ཡོན་ཏན་གླེང་བ་ནི། འབྲེལ་མེད་དོན་གཞན་དོན་གཞན་དང་ལྟག་ཆོད་འབའ་ཞིག་རེད། ཡིན་ནའང་། དེའི་སྐོར་དེ་ཙམ་གྱིས་འཐུས་པར་བྱ།

དམིགས་བསལ་ཞེས་པ་ནི་སྐྱག་མགོར་ས་ཚུབ་ཉིད་ཡིན་པས། མི་རིང་བར་དྲི་མ་ཁ་བ་ཆོས་ཉིད་རེད། ཆོས་བརྒྱུད་སྤྱི་འཐུས་བཞིན་ཨ་རི་དང་ཡུ་རོབ་སོགས་ས་ཁུལ་གྱི་སྤྱི་འཐུས་འདི་དག་ལའང་དྲི་ངན་མཆེད་མགོ་བཙུགས་སོང་། དེང་སྐབས་ཆོས་བརྒྱུད་སྤྱི་འཐུས་ཕྱིར་བསྡུ་ཞེས་པ་འདི་ཆོལ་ཁའི་གནད་དོན་དུ་གྱུར་ཚར་བས་ཕྱིར་བསྡུ་བྱེད་དཀའ་རྒྱུ་རེད་སྙམ། ཡིན་ནའང་། བར་སྐབས་འདིར་ནུབ་ཕྱོགས་སུ་བོད་མི་གནས་སྤོའི་གྲངས་འབོར་ལ་ཁ་གཡར་ནས་ས་ཁུལ་སྤྱི་འཐུས་གྲངས་སྤར་གྱིས་ཆོལ་ཁའི་སྤྱི་འཐུས་ཚབ་མཚོན་ཙམ་གྱི་ངོ་བོར་བསྒྱུར་འདོད་ཀྱི་རྨི་ལམ་ཅན་མང་པོ་མཐོང་སོང་། དེའང་དོན་ལ་ཆོལ་ཁའི་ཁེ་བཟང་སྙིང་བོ་ཅན་གྱི་རྩ་དོན་ལ་གནག་སེམས་ཤིག་རེད། དེར་བརྟེན། ཨོ་རྒྱན་ལགས་ཀྱིས་བཤད་པ་ལྟར། ས་ཁུལ་སྤྱི་འཐུས་དག་ཕྱིར་བསྡུ་ས་ཁུལ་དེ་དག་གི་མི་མང་ལའང་ཆོལ་ཁའི་འོས་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་རྒྱུ་ཅི་བར་གལ་ཆེ་བར་འདོད།

ད་དུང་ཁོས་མི་འབོར་སྐོར། རིག་གཞུང་ཉམས་ཞིབ་སྐོར། ཆབ་སྲིད་ཀྱི་སྐོར། དབུ་མ་དང་རང་བཙན། བདེན་པའི་ཨུ་ཚུགས་དང་རང་ཐག་རང་གཅོད་བཅས་པར་གཤིབ་བསྡུར། མ་འོངས་བོད་ཀྱི་གནས་བབ་སྐོར། རྒྱ་དམར་གཞུང་ནང་འཁྲུག་དང་རང་བྱུང་གི་འཇིགས་པ། དབང་རྩོད་དང་དམག་འཁྲུག་གང་རུང་གི་བརྒྱུད་རིམ་ཁྲོད་འཇིག་ན་གོ་སྐབས་འཚོལ་སྟངས། རིག་གཞུང་དང་ལེགས་བྱང་། སྐད་ཡིག་དང་ཆོས་ལུགས། བྱེ་བྲག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་ཟ་མ། ཆོས་གོས་བཅས་ཀྱི་སྐོར་རྒྱས་པོ་དང་ལྷུག་པོ། མཚན་ཉིད་རིག་པའི་དཔྱད་ཐབས་ཀྱི་རྣམ་པ་ཅན་གྱི་གཏམ་བཤད་རིང་བོ་དེས་ངོ་མ་ཡིད་དབང་འཕྲོག་ཐལ། བུ་རྒོད་འདི་སྤྱི་འཐུས་ཀྱི་འོས་མི་ཚད་ལྡན་ཡིན་པ་མ་ཟད། བཀའ་བློན་ཞིག་ལ་བསྐོས་ནའང་ཤེས་ཚད་ཀྱིས་སྙོབ་པའི་སྣང་བ་ཞིག་ངང་གིས་འཁོར།

ལྔ་པ། ཨོ་རྒྱན་སྐྱབས་ངོ་སྤྲོད་བྱེད་དོན།

྄ ང་ཚོས་སྤེན་སེང་ཁྲིམས་ཐུག་གི་བརྒྱུད་རིམ་ལ་ཕྱིར་དྲན་ཞིག་བྱས་ན། རྣམ་རྒྱལ་ཚེ་སྐྱིད་ལགས་ལ་སྤེན་པ་ཚེ་རིང་གི་ཁྲིམས་རྩོད་པ་བྱེད་པའི་སྙིང་ཁམས་ཡོད་པ་དེར་བསམ་གཞིག་གིས་དཔོག་ཐུབ་ཀྱི་མེད། མཇུག་མཐའི་གསར་འགོད་གསལ་བསྒྲགས་སྐབས་སུ་འདི་ནི་ཁྲིམས་ཀྱི་རྒྱལ་ཁ་རེད། མང་གཙོའི་རྒྱལ་ཁ་རེད་ཅེས་སྐད་ཆ་རྡོག་རྡོག་གཉིས་གཡུག་པ་དེེ་ལས་སྐྱེས་མ་དེའི་བསམ་བློའི་བང་རིམ་ལ་རྩིས་ཐང་འབུལ་དགོས་བྱུང་། ཡིན་ནའང་། ཨོ་རྒྱན་སྐྱབས་ཀྱི་གཏམ་བཤད་དག་ལ་ཉན་དུས་ད་གཟོད་སྐྱེས་མ་རླབས་ཆེན་དེའི་བསམ་བློ་དང་བསམ་བློའི་རྒྱབ་རི་མཐོང་ཡོང་གི་འདུག

ང་ཚོ་བོད་ལ་དར་རྒུད་བར་མ་སྣ་ཚོགས་ཤིག་བྱུང་མོད། དར་བའི་སྐབས་ཐམས་ཅད་དུ་ཤེས་ཡོན་ཅན་དང་། དེ་ལས་ཀྱང་མཚན་ཉིད་རིག་པའི་བསམ་བློ་ཅན་གྱི་དབུ་ཁྲིད་ཤ་སྟག་གི་སྐབས་ཡིན། མི་རིགས་ཐམས་ཅད་ལའང་དེ་འདྲ་ཡིན་ཚོད་འདུག་ལ། དེ་ལྟར་ཡིན་ཡང་དགོས་པ་ཡིན། སྤྱི་འཐུས་འོས་མིའི་ནང་མིག་ཤད་ཅིག་བྱས་ན། དྲ་དཔོན་སྨྱོན་པ་ཚོ་དང་ཆོལ་རྩོད་མཁན་པོ་ཚོ་དང་པོར་ཐོན་ཞིང་ང་སོང་ནས་ཆོལ་རྩོད་ངར་པོ་བྱེད་རྒྱུ་ཡིན་ཞེས་སྐད་གསེང་མཐོན་པོས་ཡོང་གིན་པས། ང་ལ་ཞེད་སྣང་དང་དངངས་སྐྲག་ཡོང་གི་འདུག

བོད་ཀྱི་གྲོས་ཚོགས་སྐབས་བཅུ་དྲུག་པ་དང་བཅུ་བདུན་པ་གཉིས་ནི། བོད་མི་ས་ཡ་དྲུག་གི་རེ་བའི་རྒྱབ་རི་དང་འཐབ་རྩོད་ཀྱི་གཞི་རྩ། རྒྱལ་བ་རིན་པོ་ཆེས་མི་ལོ་དྲུག་ཅུའི་རིང་སྐུ་ངལ་བརྒྱ་ཕྲག་གིས་བསྐྲུན་པའི་སྒྲིག་འཛུགས་ལ་ཉེན་ཁ་བཟོ་མཁན་དང་། ཡང་ན་ལྷ་ཡི་ལེགས་སྐྱེས་སུ་གྱུར་བའི་འུ་ཚང་གི་མང་གཙོའི་ཀ་བ་བརྫོགས་མཁན་དང་ཀ་སྙིང་འབྲུ་མཁན་ཡིན། སྐབས་བཅུ་བདུན་པས་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་ཁྲ་གྱི་ལེར་བསྐོ་བཞག་ཐུབ་ཡོད་མདོག་སྟོན་གྱིན་ཡོད་མོད། དེ་ནི་སེང་གེ་ཞིག་ལ་མཚོན་ན་མཆེ་བ་བཀོག་ཚར་བའི་སེང་གེ་ཞིག་རེད། སེང་གེ་ཁྲི་ལས་བདའ་མཁན་སྐབས་བཅུ་དྲུག་པ་རེད། སེང་གེའི་མཆེ་བ་བཀོག་མཁན་སྐབས་བཅུ་བདུན་པ་རེད། ནག་ཉེས་ལ་ལྕི་ཡང་ཞིག་ངས་མཐོང་གི་མི་འདུག

ཁྲིམས་བཟོ་ལྷན་ཚོགས་ཀྱིས་་དོན་ཆེན་མང་པོ་ཞིག་གཏན་ལ་འབེབ་དགོས་པས་སློབ་སྦྱོང་ཅན་དང་བསམ་བློ་ཅན་རེ་ནང་ལ་ཐོན་རྒྱུ་ཅི་བས་གལ་ཆེ། དེར་བརྟེན། གཏམ་བཤད་ཡོད་ཚད་ལ་བསམ་བློ་དང་མཚན་ཉིད་རིག་པའི་བྲོ་བ་ཅན་གྱི་གསར་བུ་འདི་ངས་སེམས་པ་རྣམ་དག་གིས་མི་མང་ལ་ངོ་སྤྲོད་བྱེད་པར་འདོད།

སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༠༤ ཚེས་ ༢༣ དུས་ཚོད་༣:༡༠ སྟེང་བྲིས་ཚར་བ་དང་སྤེལ་ཚར་བ་དུས་མཉམ་བྱས།

2026-04-30 དངོས་གྲུབ།
དེ་དེ་མོ་ཟིག་ངར་ན། ད་དེ་ལ་ཐོབ་འདུག 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།