Back To Top

ཤ་ཉེ་དགའ་དགའ། རང་བཙན་བློ་དགའ།

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རིའི་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་འགྲམ་བོད་རང་བཙན་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་བའི་བདུན་ཚིགས་དང་པོ་རྫོགས་མཚམས། སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༠༧ ཚེས་ ༠༨ ཉིན། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་གུས་འདུད་དང་བཅས་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས།

 

བཀླགས་གྲངས། 2595

རང་བཙན་བློ་དགའ། ཁ་སང་ཁྱེད་ཀྱིས་ས་ཆེན་པོ་རྣམ་པ་དགུ་རུ་གཡོ་བཅུག་སོང་། ངས་ཁྱེད་ཀྱི་སྐད་ལ་ཉན། པར་ལ་ཅེར།། བརྙན་ལ་བལྟས། ཡང་ནས་ཡང་དུ་བལྟས། ཡང་ནས་ཡང་དུ་བསམ་བློ་བཏང་མོད། དཔྱད་བཟོད་པ་ཞིག་མ་རེད། དཔྱད་མི་བཟོད་ཀྱང་དཔྱད་རྒྱུ་དང་། བསམ་མི་ཕོད་ཀྱང་བསམ་རྒྱུ། བཤད་མི་ཕོད་ཀྱང་བཤད་རྒྱུ། བྲིར་མི་ཕྲིས་ཀྱང་འབྲི་རྒྱུ་དེ་ང་ཡི་གེ་བ་ཞིག་ཡིན་པའི་འགན་འཁྲི་རེད་སྙམ། དེར་བརྟེན། ངས་རང་གི་འཆར་སྒོ་མཐའ་དག་ལྷུག་པོར་བྲིས་ནས་ཁྱེད་ལ་སྐྱེལ་མ་ཞུ་རྒྱུ་ཡིན། དེ་རིང་ཁྱེད་གྲོངས་པའི་བདུན་ཚིགས་དང་པོའང་རེད། ངའི་རྩོམ་ཡིག་འདི་ལ་བརྟེན་ནས་ཁྱེད་ལ་གོ་བ་་ཡང་དག་རྙེད་པའི་མི་གཅིག་གཉིས་རེ་བྱུང་ན། ཁྱེད་དང་ང་ཡི་བསམ་དོན་འགྲུབ་པར་འདོད།
    ཁྱོད་འཆི་ཁའི་སྐད་ཅིག་མ་དེར་ཡང་། དེ་འདྲའི་ལྷོད་ལྷོད་ཅིག ཁྱེད་ཀྱི་ཞལ་རས་ལ་མདངས་ཤོར་མེད་པ་མ་ཟད། སྨུག་ནག་གི་ངོ་གདོང་དེ་ལས་འོད་ཅིག་འཚེར་བའི་སྣང་བ་འདུག ལྷག་པར་ཁྲ་ལ་སྒོར་བའི་མིག་ཟུང་དེ་ལས་ཡིད་འཁུལ་འཁུལ་གྱི་འོད་ཟེར་གཞན་ཞིག་འཕྲོ་བའི་ཚོར་བ་འདུག ཕོ་སྐད་ལྡིར་ཆ་ཅན་དེ་ལའང་འདར་ཆ་ཅི་ཡང་མེད་པར་སྙན་ཆ་ཞིག་འཁྱིལ་འདུག དྲན་རིག་མྱུར་ལ་གསལ་བའི་རྣམ་པའང་བསྐྱར་ཟློས་མེད་ལ། གནད་འདུས་པའི་མཇུག་མཐའི་སྐད་ཆ་སྐར་མ་དྲུག་གི་ཡུན་ཚད་ཅན་དེ་ལས་་མཐོང་གི་འདུག མྱི་དང་མྱི་མི་འདྲ་བའི་སྣང་བ་ཧྲེང་ངེ་བ་ཞིག་གིས་ངའི་་ཡིད་སེམས་རབ་ཏུ་དྲག་ཏུ་གཡོས་སོང་། ཤ་ཉེ་དགའ་དགའ།  ཁྱེད་ཀྱི་བསམ་དོན་བཞིན་འགྲུབ་པར་ཤོག
  ཉིན་དེ་ནི། ཨ་རིར་འཚོགས་བཞིན་པའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲུན་བསྡུར། མཇུག་མཐའི་ཕུལ་བྱུང་རྒྱལ་ཁབ་བརྒྱད་བདམས་བསེས་ཀྱི་སྐབས་དང་འཁེལ་བས། རྩེད་སྐོར་རེ་རེ་བཞིན་ཉིན་རེ་བཞིན་ཛ་དྲག་གི་རྣམ་པ་དང་འཁྲུག་ཆ་ཧ་ཅང་ཆེ་བས་འཛམ་གླིང་མི་མང་གི་མིག་ཨ་རིར་གཏད་པའི་དུས་ཚོད་ཅིག་རེད། རྒྱ་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གཏོང་ཕྱོགས་ཟེར་བའི་བཅའ་ཁྲིམས་ནག་པོ་དེ་ལག་བསྟར་གྱི་ཐོག་མའི་དུས་ཚོད་ཀྱང་རེད།  གནས་ནི། ནེའུ་ཡོག་ལ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་འགྲམ་ཏག་ཏག་དེར། དེ་ལྟར་དུས་དང་གནས་འདེམས་སྟངས། ད་དུང་བརྗོད་དོན་སྣ་འདུས་ཀྱི་མཇུག་མཐའི་གཏམ་བཤད་འཇོག་སྟངས། ལས་འགུལ་ལ་ཧ་ཅང་གསང་རྒྱ་དམ་པོ་གནང་ལུགས་བཅས་ལས་འཐབ་རྩོད་པ་ངོ་མ་ཞིག་གི་བློ་གྲོས་དང་ལྷག་བསམ་མཐོང་གི་འདུག བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་དར་གནམ་ལ་འཕྱར། བོད་ཁ་བ་ཅན་གྱི་ཆས་གོས་ལུས་ལ་སྤྲས་ནས་གོམ་སྟབས་ཀྱིས་བསྐྱོད་སྟངས་དེས་ས་ཆེན་པོ་འདིའང་རིམ་པ་དགུ་རུ་འདར་བའི་སྣང་བ་ཞིག་གིས། ངའི་སེམས་ལ་དགའ་སྐྱོ་འདྲེས་མའི་མིག་ཆུའི་མཛོད་ཅིག་བསྐྱིལ་ནས་བུད་སོང་། ཁྱེད་དེ་་ལྟར་བསྐྱོད་ན། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་ཀྱང་ཞྭ་ཕུད་ནས་ལམ་བཤོལ་གི་ལོས་འདུག་སྙམ་པའི་དཔའ་ཉམས་ཤིག་འདུག ཤ་ཉེ་དགའ་དགའ། རི་བོ་རལ་ཞིང་ཆུ་གཏེར་འཁྲུག་པ་ལྟ་བུར་འུར་འུར་ཞེས་པའི་སྒྲ་ཆེན་རྒྱུད་མར་རབ་སྒྲོག་པས། །དྲག་པོའི་མེ་ལྕེ་གནག་པོའི་དུ་བས་འཁྱུད་པའི་ཚོགས་རྣམས་འབུམ་ཕྲག་གློག་ཕྲེང་ཆར་སྤྲིན་ནང་འཁྱུག་བཞིན། །ཤིན་ཏུ་བཟོད་དཀའི་རེག་བྱ་ཚ་བའི་ངར་ལྡན་ཞེས་གསུངས་པ་ལྟར་ཁྱེད་ཀྱི་བཞུད་སྟངས་དེ་དང་འགྱིང་སྟེང་དེ་ལ་འཇམ་དཔལ་དབྱངས་དངོས་དྲག་པོའི་་སྐུར་བསྟན་པ་་བཅོམ་ལྡན་གཤིན་རྗེ་གཤེད་ཉིད་ལས་དཔེ་ཟླ་གཞན་ཞིག་མ་རྙེད།
ངས་བརྙན་ཐུང་དེར་ཡང་ཡང་བལྟས་པ་ཡིན། ཁྱེད་ཀྱིས་མགྱོགས་མྱུར་གྱིས་གོམ་པ་ཉི་ཤུ་བསྐྱོད་མཚམས། རྒྱལ་དར་བརྟན་པོ་ཞིག་བཙུགས་ཏེ། ལག་ནས་ཤོག་བུ་ཆག་པ་ཞིག་བླངས་ནས་ཅི་ཞིག་ཀློག་འདོན་གྱི་རྣམ་པ་དང་ལྷན་དུ་མེ་སྦར་སོང་། མེ་སྦར་ནས་སྐར་ཆ་བཅུ་ཙམ་གྱི་མཚམས། ཟུར་ལ་ཅུང་བུད་དེ་ཕྱག་གི་ཡིག་ཆ་དག་ཀྱང་ཤུགས་ཀྱིས་དགུང་དུ་གཏོར་བའི་སྣང་བ་ཞིག་་དང་། མེ་ལྕེའང་ཁྱེད་ཀྱི་རིང་ཚད་ལས་ལྡབ་གསུམ་གྱིས་དགུང་དུ་མཆེད་ཅིང་དྲག་ཏུ་འབར་སོང་། ཁྱེད་ཉིད་འགུལ་སྐྱོད་ཅི་ཡང་མི་བྱེད་པར་བརྟན་པོར་བཞེངས་ནས་བསྡད་པ་མ་ཟད། མེ་ལྕེ་དུམ་བུ་དུམ་བུ་ཆད་ནས་སར་ལྷུང་གིན་འདུག སྐར་ཆ་བཞི་བཅུ་ཞེ་དྲུག་ཙམ་གྱི་མཚམས། དང་པོར་པུས་མོ་སར་བཙུགས་དེ་ནས་ཕྱག་ཟུང་སར་བཙུགས་ནས་ཕྱག་འཚལ་བའི་ཚུལ་གྱིས་མདུན་ལ་འགྱེལ་བ་དང་མེ་ལྕེའང་ཁྱེད་དང་ལྷན་དུ་འགྱེལ་བའི་ཚུལ་གྱིས་མེ་ཤུགས་ཅུང་ཆུང་བར་གྱུར་བའི་ཚོར་བ་བྱུང་། ཕལ་ཆེར་རྒྱལ་བ་ཡིད་བཞིན་ནོར་བུ་སྤྱི་གཙུག་ལ་དྲག་ཏུ་བསྒོམ་་ནས་ཕྱག་འཚལ་བ་ཡིན་རྒྱུ་རེད་སྙམ་པའི་ཚོར་བ་ཞིག་འགོག་མེད་དུ་སྟེར། འཆི་ཁར་བླ་མ་སྤྱི་གཙུག་ཏུ་སྒོམ་ཐུབ་པ་ནི་ཆོས་གཞུང་ན་བཤད་ན་སྙིང་སྟོབས་ཆེན་པོ་ཞིག་རེད། ཕལ་ཆེར་ཁྱེད་ལ་སྙིང་སྟོབས་དེའང་ལྡན་པའི་ཚོར་བ་ཞིག་སྐྱེས། གྲྭ་ལོག་གི་སེམས་ཁམས་གྲྭ་ལོག་གིས་ཤེས་པས། གཅིག་བྱས་ན་དེ་ལྟར་ཡིན་ངེས་ལ་གཞན་ཡང་ཡིན་སྲིད། གང་ལྟར་སྐར་མ་གཅིག་དང་སྐར་ཆ་བཅུའི་མཚམས་མེ་གསོད་པས་རྒྱང་རིང་ནས་ཆུ་མདའ་བརྒྱབ་ནས་ཐོན་བྱུང་། ཨ་རི་བའི་མྱུར་ཚད་དེར་ཧ་ལས་ནའང་། མེ་གསོད་མཁན་གྱིས་ཀྱང་མེ་བསད་རྗེས་འཁྲིས་ལའང་མི་བསྐྱོད་པར་རྒྱང་རིང་ནས་བསྡད་འདུག སྐབས་དེར་བུད་མེད་ཅིག་བརྒྱུག་ཡོང་ནས་ཅི་བྱ་བརྟོལ་བྲལ་གྱི་རྣམ་པས་ཁྱེད་ལ་བསྐོར་བ་བྱེད་ཞོར། གང་ཞིག་ལ་ཁ་པར་གཏོང་གིན་པའི་རྣམ་པ་མཐོང་གིན་འདུག ཕྱོགས་གང་ནས་བསམ་ནའང་སྐབས་དེར་ཁྱེད་ཀྱི་འགྲམ་ན་འགྲོ་བ་མི་ངོ་མ་ཞིག་ཡོད་པ་ནི་བུད་མེད་དེ་ཁོ་ན་རེད་འདུག ངོ་མི་ཤེས་པའི་བུད་མེད་ལགས། ཁྱེད་བཀའ་དྲིན་ཆེ། ཁྱེད་ཚེ་ཐག་རིང་།
མི་ཆོས་དཔལ་ཡོན་གྱི་རྫོགས་ལྡན་ལ་ལོངས་སྤྱོད་མཁན་གྱི་ཨ་རི་བ་ཚོའི་འཁྲིས་ནས་མི་གསོན་པོར་མེ་འབར་ནའང་ལྟ་ལོང་མེད་པར་རླངས་འཁོར་མོད་པོ་དུང་སྒྲ་དང་ལྷན་དུ་བཞུར་བ་དང། ཐ་ན་རྐང་འཁོར་བསྐོར་མཁན་ཚོའང་ཤུར་ཤུར་བསྐྱོད་ཀྱིན་པར་བསམ་ཞིང་བསམ་ཞིང་འཁོར་བའི་གདོང་རིས་ངོ་མ་འདི་ཡིན་ཨང སྙམ་ཞིང་། ཡར་ཐོན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་གཉུག་གཤིས་རུལ་ཟུངས་དུ་གྱུར་པའི་ཚད་ཇི་འདྲའི་མཐོ་ཨང་སྙམ་ཏེ། མི་ཆོས་ཀྱི་རྫོགས་ལྡན་འཚོ་བ་ལ་སྐྱུག་མེར་བའི་ཚོར་བ་ཞིག་སྐྱེས། དཔའ་བོའི་སྙིང་ཁམས་ག་ལ་ཡོད། དཔའ་རྒོད་ཁྱེད་ཀྱི་བརྙན་ཐུང་ཙམ་ཡང་མིག་གིས་མི་བཟོད་པའི་སྡར་མ་ངས་་རང་ཉིད་ལའང་མཁོ་ཆད་པའི་ཡི་ག་ཅིག་དང་ལྷན། བསམ་བཞིན་དུ་རང་སེམས་ལ་མྱ་ངན་བསྐྱིལ་ཕྱིར། སྡར་སེམས་རིལ་མ་འདྲ་བོ་ཕྱིར་འདོན་ཆེད། བརྙན་ཐུང་དེར་ལན་གྲངས་མང་པོར་བལྟས་ནས་བསམ་བློ་བཏང་བ་་ཡིན། འདི་ནི་ངས་རང་ཉིད་ལ་ཀྱག་ཀྱག་བྱེད་སྟངས་ཤིག་དང་ཁྱེད་ལ་སེམས་ཀྱི་གཏིང་ནས་ཉན་སྟངས་ཤིག་ཡིན་པར་འདོད་ཡོད།
མི་རྣམས་ཀྱིས་ཁྱེད་ལ་དེ་འདྲའི་སྙིང་སྟོབས་ཤིག་ཅིའི་ཕྱིར་ཡོད་དམ། ཞེས་དེའི་ལན་རྙེད་ཀྱི་མི་འདུག འདི་ནི་མི་ཚང་མའི་དྲི་བ་རེད། ང་ལ་མཚོན་ན་དེ་ནི་དྲི་བ་ཞིག་མ་རེེད། དེ་ལ་ངེས་ཤེས་ཡོད་ཀྱང་ཉམས་ལེན་གྱིས་སྙོབ་ཀྱི་མེད་པའི་མི་ཞིག་ཡིན། ཡིན་ནའང་། མ་བརྟག་མ་དཔྱད་པའི་བློ་རྩིང་ངེ་བ་ཚོས་དེའི་དོན་གོ་མི་ཐུབ། དེ་དག་ལ་དྲན་སྐུལ་ཙམ་ཞུས་ན། དེ་ནི་རིག་གནས་ཤིག་རེད། བསམ་བློ་ཞིག་རེད། བརྩེ་བ་ཞིག་རེད། ཕ་མས་བུ་ཕྲུག་གི་ཆེད་དུ་ཚེ་སྲོག་གཏོང་བར་བློ་འགྱོད་དང་ཐེ་ཚོམ་གཏན་ནས་མེད། དེ་ནི་ཕ་མ་ཐམས་ཅད་་བུ་ལ་ལྷག་བསམ་རྣམ་དག་གི་བརྩེ་སེམས་དང་བུ་འཇིགས་ལས་སྐྱོབ་འདོད་ཀྱི་བརྩེ་བ་རྣམ་དག་ཡོད་པའི་རྒྱུ་མཚན་གྱིས་རེད། དེ་བཞིན་བོད་ལ་བརྩེ་བ་དང་བོད་སྐྱོབ་འདོད་ཀྱི་བསམ་པ་རྣམ་དག་ཅན་གྱི་དཔའ་རྒོད་རང་བཙན་བློ་དགའ་ལགས་བོད་ཀྱི་ཆེད་དུ་སྐུ་སྲོག་འབུལ་བར་བློ་འགྱོད་དང་ཐེ་ཚོམ་ཅི་ཡང་མེད་པ་ནི་བརྩེ་བ་ཞིག་རེད།
གཉིད་ན་སད་ན་བསམ་བློ་གཞི་གཅིག་ལ་བཏང་། དེ་ལག་པའི་སྟེང་ལ་ཁབ་གཙག་གིས་བྲིས། ལས་ཀ་ཁོ་ན་ཨང་ཀི་དང་པོར་གྱུར་པའི་ནུབ་ཕྱོགས་མི་ཁོམ་པའི་གནས་ནས་ཀྱང་། བོད་ཀྱི་ལས་འགུལ་རེ་ཐོན་ན་དེར་བརྒྱུགས་ནས་ལས་ཀ་གཡུག ཡང་ལས་ཀ་གསར་བ་ཞིག་བཙལ་ནས་འགྲོ་བའི་རང་བཙན་བློ་དགར་མཚོན་ན། བོད་རང་བཙན་གྱི་ཆེད་དུ་བསམ་བློར་ཞུན་བརྡར་ཐུབ་ཡོད་པ་མ་ཟད། མྱོང་བ་དང་གདེང་རྙེད་ཡོད་པར་སྨྲ་ཆོག་སྟེ། རྗེ་ཙོང་ཁ་བས། འཇིག་རྟེན་རྒུད་པ་ཅི་སྙེད་པ། དེ་ཡི་རྩ་བ་མ་རིག་སྟེ། །ཞེས་གསུངས་པ་ལྟར། རང་བཙན་བློ་དགས་ཀྱང་འཆི་ཁ་མའི་སྔོན་ཏག་ཏག་ལའང་། བོད་ཀྱི་ཤོར་བ་ཅི་སྙེད་པ། དེ་དག་རང་བཙན་ཤོར་བས་ཤོར། རང་བཙན་ཡོད་ན་ཐམས་ཅད་ཡོད། རང་བཙན་མེད་ན་ཐམས་ཅད་མེད་ཅེས་ཚིག་ཐག་ཆོད་པས་བསྒྲགས་གཏམ་ནན་པོ་སྤེལ་བ་ལས་ཧ་གོ་བ་ཞིག་རེད། དེར་བརྟེན། དེ་ནི་བསམ་བློ་ཞིག་རེད་ཅེས་ཀྱང་སྨྲ་བར་འདོད།
ཡང་ཕྱོགས་གཅིག་ནས་དེ་ནི་བོད་ཀྱི་རིག་གནས་རེད། རང་བཙན་བློ་དགའ་ལགས་གྲྭ་ལོག་དཔེ་ཆ་བ་ཞིག་མིན་ནའང་། གྲྭ་ས་ཆེན་མོར་ལོ་མང་བསྡད་པའི་གྲྭ་ལོག་ཅིག་ཡིན་པས། བོད་ཀྱི་རིག་གནས་ལ་ངེས་ཆ་མེད་ཀྱང་གནད་རྩར་བདའ་འཕྲོད་ཡོད་ངེས་ཡིན། བོད་ཀྱི་རིག་གནས་ཀྱིས་གདོང་ལེན་བྱེད་ས་དངོས་ནི་འཆི་བ་ཡིན། བཀའ་འགྱུར་བསྟན་འགྱུར་དུམ་པ་སུམ་བརྒྱ་བོ་དང་དེའི་དགོངས་འགྲེལ་དང་བཅས་པས་འཆི་བ་ལ་མི་སྐྲག་པའི་བཟོད་བསྲན་ཞིག་ལས་ཅི་ཡང་བཤད་ཀྱི་མེད་ཅེས་སྨྲས་ནའང་ཧམ་པ་གཏན་ནས་མིན། བོད་ཀྱི་རིག་གནས་ཀྱིས་སྡུག་བསྔལ་བཞི་ལ་བགོས་ནས་འཆི་བའི་སྡུག་བསྔལ་ལ་ཞེད་སྣང་མེད་པར་བུ་ཕ་ཁྱིམ་ལ་ལོག་པ་ལྟར་དགའ་བཞིན་སྤྲོ་བཞིན་དུའཆི་བ་ནི་བོད་ཀྱི་རིག་གནས་པ་ཨང་དང་པོ་ཞིག་ཡིན་པར་ཡང་ཡང་ནན་གྱིས་གསུངས་ཡོད། དེར་བརྟེན། རིག་གནས་ཆེན་པོ་འདིའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་པ་མ་ཟད། རིག་གནས་ཆེན་པོ་འདི་ཉིད་ལ་འཆད་རྩོད་རྩོམ་གསུམ་གྱི་གནས་ཆེན་པོ་ཞིག་ནས་མི་ཚེའི་དབྱར་གཞུང་རྫོགས་པའི་གྲྭ་ལོག་འདི་ལ་རིག་གནས་འདིའི་དྲི་མའམ་ཞག་རྩི་ཡོད་ངེས་ཡིན། དེར་བརྟེན། སྙིང་སྟོབས་དེ་བོད་ཀྱི་རིག་གནས་ཤིག་རེད་ཅེས་ཀྱང་ཞུ་བར་འདོད། དཔེར་ན། རྒྱ་མི་ཞིག་གིས་དེ་ལྟར་ལྟར་མེར་བསྲེགས་ཡོད་ན། སངས་རྒྱས་སྟོང་རྩ་གཅིག་འོད་ལམ་མེར་བྱོན་ཡང་དེའི་ལན་རྙེད་མི་སྲིད། ཁོ་ཚོ་ནི་ལོ་ལྔ་སྟོང་གི་རིང་ཧམ་པ་ཉིད་གཙོ་རྒྱུག་གི་རིག་གནས་བླ་བོ་ཞིག་གི་གཙང་ངོགས་ནས་ནར་སོན་པའི་ཆུ་འབུ་གློ་མེད་ཞེ་གཅིག་ཡིན་པས་སོ། །སྙིང་རྗེ་ཨཱ། ཁོ་ཚོས་ལོ་ལྔ་སྟོང་གི་རིང་མྱི་ངོས་ཟིན་ཡོད་པ་མ་རེད། མྱི་ཞེས་པ་ཡིད་ཀྱི་རྣམ་ཤེས་ལ་ངོས་མི་འཛིན་པར་རང་ཉིད་ཀྱི་རོ་ཐོར་ངོས་བཟུང་ནས་དུར་སྒམ་གྱི་སྔུན་ནས་ཁ་བརྡ་བྱས། དུར་སྒམ་ལ་ཟ་མ་བསྐྱལ་ནས་ཡོང་བ་རེད། བོད་ལ་མཚོན་ན་མི་ནི་ཡིད་ཀྱི་རྣམ་ཤེས་དང་རོ་ཐོ་ནི་ཤི་རྗེས་བྱ་རྒོད་ལ་གཡེང་རྒྱུའི་བྱ་རྒོད་ཀྱི་ཟ་མ་དང་རྣམ་ཤེས་ཀྱི་གོན་པ་ཙམ་གྱི་འདུ་་ཤེས་ལས་ཡོད་པ་མ་རེད། ཡིན་ནའང་། བོད་ཀྱི་རིག་གནས་མི་ཤེས་པའི་བོད་ཀྱི་མི་རབས་གསར་བ་འདི་ཚོ་འཆི་དུས་སུའང་སྡུག་བསྔལ་གཞན་ཞིག་མྱོང་ངེས་པས། ཤ་ཉེ་དགའ་དགའ། ད་གང་དགའ་ཅི་དྲག

ཁྱེད་ཅིའི་ཕྱིར་མེར་སྦར་བ་ཡིན་ནམ། ལན་འདི་ལ་ངས་བསམ་བློ་བཏང་བ་ཡིན། ད་ལྟ་ཁྱེད་ཀྱི་ཁ་ཆེམས་ཞེས་འུར་གྱིན་པའི་སྐར་མ་དྲུག་ཅན་གྱི་མཇུག་མཐའི་གཏམ་བཤད་དེའི་ནང་དུ་ཡོད་ནའང་། ཕྱོགས་ཡར་མར་ལ་འཐེན་ཆོག་ཆོག་ཅིག་རེད། ཡར་འཐེན་མར་འཐེན་ཅི་ཡང་བྱེད་ས་མེད་པ་ནི། ཁྱོད་འཆི་ཁ་མའི་སྔོན་ཏག་ཏག་ལ་གོམ་པ་གསུམ་སྤོས་ནས་ཕྱིར་མིག་དང་བཅས་ལངས་ཏེ། བོད་རང་བཙན། བོད་རང་བཙན། ཞེས་ཁུ་ཚུར་གནམ་ལ་བསླངས། དེ་ནས་ཧོམ་པ་གསུམ་པ་སྤོ་ཞོར་བོད་རང་བཙན་ཞེས་ཁུ་ཚུར་གནམ་ལ་འཕྱར་བཞིན། བོད་རང་བཅན་ཐེངས་གསུམ་བོས་ནས་ཕྱིར་མིག་དང་བཅས་མགྱོགས་པོར་འགྲོ་བའི་བརྙན་ཐུང་སྐར་ཆ་དྲུག་ཅུའི་ཆ་ཤས་ཆ་དྲུག་ཅན་གྱི་བརྙན་ཐུང་ཞིག་སྤྱི་བསྒྲགས་གནང་ཡོད་པ་་དེ་ཉིད་རེད། ད་དུང་་ཁྱེད་ཀྱིས། Free Tibet. དང་་། China out of Tibet. ཞེས་པའི་སྦྱར་ཡིག་གཉིས་ཀྱི་རྗེས་ལ། རྡོག་རྩ་ཆིག་སྒྲིལ་གྱི་ཁུ་ཚུར་མགོ་ན་བོད་རང་བཙན་གཙག་བྲིས་མའི་ལག་ངར་བསྟན་པའི་ཁྱེད་ཀྱི་སྐུ་པར་མི་འདྲ་བ་ལྔ་བཞག་ཡོད་པ་དེ་རེད་སྙམ། དོ་སྣང་མི་བྱེད་མཁན་ཚོས་་པར་ཕྱི་མ་བཞི་གཅིག་པར་སྙམ་ནའང་དོན་ལ་པར་ཚང་མ་མི་འདྲ་བ་རེད་འདུག དེར་བརྟེན། ཁྱེད་ཀྱི་བསམ་བློའི་ཞིབ་ཆ་ལ་ཧ་ལས་སོང་། ཤ་ཉེ་དགའ་དགའ། བཀའ་དྲིན་ཆེ།
སྐར་མ་དྲུག་ཅན་གྱི་མཇུག་མཐའི་གཏམ་བཤད་ཀྱི་བརྙན་ཐུང་དེ་ནི་བྱེ་བྲག་རང་རེའི་བོད་རིགས་སྤུན་ཟླ་ཚོར་གཞེན་སྐུལ་གྱི་སྐད་ཆ་དང་། བོད་རང་བཙན་གྱི་བསྒྲགས་གཏམ་རེད་སྙམ། ངས་ཁྱེད་ལ་ཉན་ནས་བསྡད་ན་འདི་འདྲ་ཞིག་གོ་སོང་། ཤ་ཉེ་དགའ་དགའ། ཁྱེད་ཀྱིས་བོད་པ་ཚོ་རྡོག་རྩ་ཆིག་སྒྲིལ་གྱིས་བོད་རང་བཙན་ལོངས་ཞེས་ཚོར་བ་ཅན་གྱི་ཤ་ཡི་སྟེང་ལ་ཁབ་བཙུགས་ནས་བྲིས་ཏེ། ལས་འགུལ་སྣ་ཚོགས་ཀྱི་ནང་དུ། ་ལག་ངར་དེ་གནམ་ལ་བསླངས་ནས་ལོ་འདི་སྙེད་ཅིག་ལ་བརྒྱུགས་པ་རེད། ཁྱེད་སྐུ་ཚེགས་མྱངས་སོང་། འོ་བརྒྱལ་བཞེས་སོང་། མཐར་རང་ལུས་སྤར་མོ་གང་བོ་མེ་ལ་སྦར་ནས་གསོལ་འདེབས་ཞུས་པ་རེད། ཁྱེད་ཀྱིས་འདི་ལས་ལྷག་ཅི་ཞིག་བྱེད་ཨང་། བཀའ་དྲིན་ཆེ། ཐུགས་རྗེ་ཆེ། བོད་ཀྱི་སྐྱེས་བུ་དམ་པ་ཚོའི་གསུང་གི་ནང་དུ། ལྷག་བསམ་རྣམ་པར་དག་པའི་བདེན་་སྟོབས་ཀྱིས། །ཞེས་ལྷག་བསམ་རྣམ་དག་གི་མཐུ་སྟོབས་ནི་མཐུ་སྟོབས་ཀུན་གྱི་རབ་དང་ཕུལ་ཏུ་ཡང་ཡང་གསུངས་པ་ལྟར། སྐུ་ཉིད་ཀྱི་ལྷག་བསམ་རྣམ་པར་དག་པའི་མཐུ་སྟོབས་ཀྱིས་འཛམ་གླིང་ཧྲིལ་བོ་ཡོམ་ཡོམ་སྒུལ་སོང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་ཆེན་པོ་འཕར་བ་མ་ཟད། བོད་པ་ཚོ་རྡོག་རྩ་ཆིག་སྒྲིལ་གྱི་མེ་ཁ་གསོས་ཤིང་། འཛམ་གླིང་ས་ཕྱོགས་གང་སར་བོད་གཞུང་མང་གཉིས་ཀྱིས་ལས་འགུལ་གྱིས་གནམ་ས་གཡོས་ཤིང་། ཁྱེད་ཀྱི་འཐབ་གྲོགས་རེ་རེ་བཞིན་མདུན་ལ་མཆོང་ནས་བོད་རང་བཙན་གྱི་གད་རྒྱངས་མཐོན་པོར་སྒྲོག་གིན་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཁ་གྲགས་པ་མ་ཟད། པེ་ཅིན་ནས་ཀྱང་ཁྱི་སྐད་ཅིག་གོ་གི་འདུག ཡིན་ནའང་། འཛེམ་བྱ་མང་པོ་ཅན་གྱི་ཆབ་སྲིད་པ་ཚོའི་སྐད་ཆ་ལ་དོ་སྣང་བྱེད་རང་དེ་ཙམ་མ་མཆིས་མོད། ཁྱེད་ཀྱིས་རྒྱུན་ཏུ་འཕགས་པ་སྤྱན་རས་གཟིགས་དང་སངས་རྒྱས་དངོས་ཞེས་འབོད་པའི་རྒྱལ་བ་ཡིད་བཞིན་ནོར་བུས་ཀྱང་ཁྱེད་ཀྱི་སྐུ་པར་ལ་དབུ་ཐུག་བརྒྱབ་ནས་ཐུགས་སྨོན་གཟབ་ནན་གནང་གིན་འདུག ང་ངོ་མ་ཅིག་དགའ་སོང་། ཡིད་བློ་གཏིང་ནས་བདེ་སོང་། ཁོང་གིས་ཀྱང་གཅེས་ཕྲུག་ཁྱེད་ཀྱི་སྐུ་སྲོག་ཤོར་བ་ལ་ཐུགས་བཟོད་དཀའ་བའི་ཉམས་ཤིག་མཐོང་གི་འདུག ཤ་ཉེ་དགའ་དགའ་། ད་ནི་བློ་བདེ་བོ་གྱིས་ཨཱ། ང་ངོ་མ་ཅིག་དགའ་སོང་། སླར་ཡང་བོད་ལ་སྐྱེ་བར་ངེས་ཤིང་། བོད་ལ་སྐྱེས་ནས་བོད་རང་བཙན་གྱི་བཀྲ་ཤིས་བདེ་དགའ་རྒྱ་མཚོར་རོལ་བའི་སྨོན་ལམ་སྙིང་ནས་འདེབས།


གཤམ་ནས་ངས་ཁྱེད་ཀྱི་མཇུག་མཐའི་གཏམ་བཤད་ལ་དབྱེ་ཞིབ་ཅིག་བྱེད་པར་འདོད། སྐུ་ཉིད་དགོངས་པ་ཡངས་པོ་གནང་བར་མཛོད། ཚིག་ཙམ་ལ་རྩོད་པར་དགའ་བ་ཚོས་ཡང་ཚིག་ལ་རྩོད་པའི་དབུ་ཁྱུད་འབྲི་གིན་གདའ་མོད། ཚིག་ཙམ་ལ་དགོས་པ་ཅི་ཡང་མཐོང་གི་མི་འདུག ཁྱོད་བོད་རང་བཙན་གྱི་ཆེད་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་མེར་བསྲེགས་པ་སུས་ཀྱང་བསུབ་མི་ཐུབ་ལ། མེར་བསྲེགས་གནང་མཁན་ཚང་མའི་འབོད་སྒྲ་ཁྱེད་ཀྱི་འབོད་སྒྲ་དེ་ཉིད་ཡིན་པར་ཡང་སུས་ཀྱང་སྒྲུབ་མི་ཐུབ། བོད་དང་རྒྱལ་བ་ཡིད་བཞིན་ནོར་བུར་མི་ཕྱེད་པའི་ཡིད་ཆེས་བརྟན་པོ་དང་། དེའི་ཆེད་རང་གི་ཚེ་སྲོག་དཔལ་འབར་ལ་བསྒྲོན་ཕོད་པ་ནི། ཁྱེད་ཅག་ཐུན་མོང་གི་ཆོས་ཅན་ཐུན་མོང་བ་རེད། དེའང་སུས་ཀྱང་བསུབ་མི་ཐུབ་པས་རང་བཙན་དང་དབུ་མ་ཞེས་པའི་ཚིག་ལ་རྩོད་མཁན་ཚོར་ཧ་ཅང་སུན་པས་ང་ལ་དབུ་མ་དང་རང་བཙན་གང་གི་ལངས་ཕྱོགས་ཀྱང་མེད། དེ་གཉིས་ལ་འགལ་ཟླ་ཞིག་དགོས་པར་ངས་མི་ཤེས། ཡབ་གཞིས་མི་ཚང་གཅིག་གི་ནང་དེ་གཉིས་ཀ་ཤོང་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་ནང་དེ་གཉིས་ལྷན་ཅིག་མི་ཤོང་བའི་གནས་ལུགས་ཙུག་རྟུག་ཙམ་ཡང་ངས་མི་རྙེད་ཀི ཤ་ཉེ་དགའ་དགའ། བོད་དང་རྒྱལ་བ་རིན་པོ་ཆེ་གཉིས་ལ་ངོས་འཛིན་ཟབ་མོ་ཡོད་པའི་འཐབ་རྩོད་པ་ཚོར་ལོས་དགའ། ཁྱི་ཞིག་ཡིན་ནའང་ང་ཧ་ཅང་དགའ་བས། ཁྱེད་ཀྱིས་མེར་བསྲེགས་གནང་ཚུལ་ལས་ཀྱང་བསམ་བློ་གཏོང་ཚུལ་དེ་དག་གིས་ངའི་ཡིད་སེམས་གཏིང་ནས་བཀུགས་བཞག་ཐལ། ཤ་ཉེ་དགའ་དགའ། ཐུགས་རྗེ་ཆེ།
    ཁྱོད་འཆི་ཁའི་སྐད་ཅིག་མ་དེར་སེམས་ཁྲལ་གཅིག་ཉིད་ལས་མི་འདུག སེམས་ཁྲལ་དེ་ཕ་མ་གཉེན་ཉེ་མ་རེད། དགའ་མ་བུ་ཕྲུག་མ་རེད། རྒྱུ་ནོར་ལོངས་སྤྱོད་ག་ལ་ཡིན། གཅེས་པའི་ཚེ་སྲོག་ཀྱང་མ་རེད། ཁྱེད་འདི་ལྟར་བཞུད་པ་ལ་ཁག་གཡོགས་ནས་སྐྱབས་མགོན་ཡིད་བཞིན་ནོར་བུའི་འཁྲུངས་སྐར་དགྱེས་སྟོན་ལ་་ལྷོད་གཡེང་ཅུང་ཟད་རེ་ཤོར་ཨེ་ཡོང་བསམས་པ་དེ་རེད། དེ་ལ་དགོངས་ནས་ཁྱེད་ཀྱིས། ✔️ གཉིས་པའི་ཆ་ལ། དེ་རིང་གལ་སྲིད་ངས་ལས་འགུལ་དེ་འདྲའི་ཤུགས་ཆེན་པོ་ཞིག་སྤེལ་བ་ཡིན་ན། སྤེལ་བའི་རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོའི་རིག་གཞུང་དེ་ཚོ། དཔེར་ན། སང་ཉིན་གནང་ཉིན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུ་གོ་གཅིག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཆགས་ཡོང་གི་ཡོད་པ་རེད། དེ་བཞིན་གཞས་དང་ཞབས་བྲོ་ལ་སོགས་པ། དེ་ཚོ་རིག་གཞུང་སྲུང་སྐྱོབ་དང་འཕྲོད་བསྟེན་རེད། དེ་བཞིན་གཞོན་སྐྱེས་ཚོར་རིག་གཞུང་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་རེད། དེར་བརྟེན་དེ་ཚོ་རྩ་བ་ཉིད་ནས་བཀག་ན་འགྲིག་གི་མ་རེད།
གལ་སྲིད་ངས་ལས་འགུལ་ཞིག་སྤེལ་བ་ཡིན་ན། དེའི་རྐྱེན་བྱས་ནས་ ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་སོགས་པ་ལྷོད་གཡེང་བཏང་ན་རྩ་བ་ནས་འགྲིག་གི་མ་རེད། ྋགོང་ས་མཆོག་གི་འཁྲུངས་སྐར་དེ་ཡག་པོ་ཞིག་དང་གྲ་རྒྱས་པོ་གཏོང་ཐུབ་པ། དེ་བཞིན་གཞས་ཞབས་བྲོ་འཁྲབ་མཁན་དེ་ཚོ་ཚང་མས་གཞས་ཞབས་བྲོ་ཁྲབ་དགོས་རེད། དེ་འགོག་དགོས་མ་རེད། མྱ་ངན་བྱེད་དགོས་མ་རེད། ག་རེ་བྱེད་དགོས་རེད་ཟེར་ན། དེ་འཁྲབ་པའི་ཞོར་ལ་སོ་སོ་བོད་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས། བོད་མི་རིགས་འདི་ཡི་ཆེད་དུ། བོད་རྒྱལ་ཁབ་འདི་ཡི་ཆེད་དུ་ག་རེ་བྱ་རྒྱུ་འདུག་དེར་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། ཅེས་ནན་གྱིས་གསུངས་པ་དེ་ལས་རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་ལ་དགའ་དགའ་སྐྱིད་སྐྱིད་བྱེད་རྒྱུ་དེེར་དོན་དག་སྡུག་པོ་ཅི་ཞིག་བྱུང་ནའང་ལྷོད་གཡེང་མི་རུང་བའི་གཞེན་སྐུལ་དྲག་པོ་གནང་འདུག ངོ་མ་བདེན་ཨང་། ཤ་ཉེ་དགའ་དགའ། འུ་ཚོའི་མི་རབས་འདིར་བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ་གཅིག་ཉིད་ཡོད་པ་ནི་རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་འཁྲུངས་པ་དང་། སྐུ་ཚེ་མི་ཤིགས་རྡོ་རྗེ་ཁམས་ཀྱི་ངོ་བོར་བརྟན་པར་བཞུགས་པ་འདི་་ཉིད་ལས་ཅི་ཞིག་ཡོད་ཨང་། རྒྱལ་ཁབ་ཡོད་ཀྱང་གཞན་ལ་ཤོར་ཡོད། ཕ་ས་ཡོད་ཀྱང་རྒྱང་དུ་ལུས་ཡོད། ཕ་མ་ཕུ་ནུ་ཡོད་ཀྱང་ཚེ་བྲལ་བྱས་ཡོད། འདུ་འབྲལ་ལག་སྟོང་གི་འཇིགས་པའི་ཡོ་ལང་ཆེས་ཆེར་དར་བའི་འུ་ཚོ་བཙན་བྱོལ་བ་ཚོར་ཁྱོད་དང་ང་ཡི་ཁ་སྣ་རྩོད་ས་ཞིག་གང་དུ་ཡོད་ཨང་། ཤ་ཉེ་དགའ་དགའ། བློ་བདེ་བོའི་སྒོ་ནས་ཕེབས་རོགས། སྙིང་སྡུག་ཡིད་འོང་གི་མཛའ་ན་མོའང་ལན་རེར་ཁ་རྩོད་འཆོར་ལ། བརྩེ་བའི་གཅེས་སྲོག་གི་དུམ་བུ་རང་ཉིད་ཀྱི་གཅེས་ཕྲུག་ལའང་ལན་རེར་ཁྲོ་བའི་གཅར་རྡུང་བྱེད་དུས་ཀྱང་ཡོད་ན། འུ་ཚོའི་སྤྱི་ཚོགས་ཅུང་རེ་འཁྲུག་པ་ནི་ཡིད་ཆད་སྐྱེད་ཅིག་ཡིན་ནའང་། འཇིགས་སྣང་ཅན་ཅི་ཡང་མ་ཡིན་ནོ། །
ཁྱེད་ཀྱིས་མིག་གཏན་དུ་བཙུམ་ཁ་མ་དེར་ཡང། བློ་ཡིད་ཚིམ་པའི་དོན་དག་གཉིས་ཡོད་འདུག དོན་གྱི་བདག་པོ་གཞིས་བཞུགས་རྒྱ་ཆེའི་མི་མང་གི་ལྷག་བསམ་རྣམ་པར་དག་པའི་བོད་ཀྱི་ཤ་ཞེན་དང་སྙིང་སྟོབས་དེ་རེད། གཅིག་ནི་རྒྱལ་མཆོག་ཡིད་བཞིན་ནོར་བུས་བཙན་ཐབས་ཀྱིས་གནང་བའི་མང་གཙོ་དེ་གཉིས་རེད་འདུག དེ་ལ་དགོངས་ནས་བརྙན་ཐུང་དེར། བོད་ནང་ལ་བཞུགས་མཁན་བོད་མི་ཚོར་གང་ཡང་ཞུ་རྒྱུ་མེད། ལྷག་བསམ་རྣམ་དག་གིས། སོ་སོའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། མི་ཉམས་གོང་འཕེལ། ཉམས་པ་སླར་གསོ་གནང་རྒྱུར་ཧ་ལས་པ་རེད་འདུག དེ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཞུ་རྒྱུ་གང་ཡང་མེད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་གཞན་པ་བསམ་ཚུལ་གང་ཡང་ཞུ་རྒྱུ་མེད་ཅེས་ཞུས་པ་ཡིན། ཞེས་དང་།
ང་ཚོའི་མང་གཙོ་འདི་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག འཕགས་པ་སྤྱན་རས་གཟིགས་ཀྱིས། མང་གཙོ་ཚད་ལྡན་གནང་བ་དེ་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་རེད། མི་རྒྱུ་གཉིས་ཀྱི་འགྲོ་སོང་གང་ཡང་གཏོང་མི་དགོས་པའི་ཐོག་ནས། མང་གཙོ་མར་གནང་ཡང་ང་ཚོས་མི་དགོས་ཞེས་ཡར་ཕུལ་པ་རེད། ཡིན་ན་ཡང་། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མང་གཙོ་ཚད་ལྡན་ཞིག་གནང་བཞག་ཡོད་པ་རེད། ཅེས་གསུངས་་པ་འདི་རེད། ཤ་ཉེ་དགའ་དགའ། ཁྱེད་ཀྱིས་ངའི་ཡིད་རབ་ཏུ་འཕྲོག་སོང་། གོ་བ་དེ་ལྟར་བླངས་ནས་བོད་རང་བཙན་གྱི་འཐབ་རྩོད་བྱས་ན་གནད་ས་ངོས་ཟིན་པའི་སྒོ་ནས་རང་བཙན་རྩོད་སྟངས་ཤིག་རེད། དོན་གྱི་བདག་པོ་གཞིས་བཞུགས་རྒྱ་ཆེ་མི་མང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་འགྱུར་བ་མེད་པའི་ཆོད་སེམས་བརྟན་པོ་འཐབ་རྩོད་ཀྱི་གཞི་རྟེན་དང་སྲོག་ཤིང་ཡིན་པ་མ་ཟད། རང་རེའི་མང་གཙོའི་གཞུང་འདི་འཐབ་རྩོད་ཀྱི་མིག་དང་ལག་པ་ལྟ་བུ་ཡིན། གཞུང་འདིའང་མང་གཙོའི་ངོ་བོར་མ་འགྱུར་བར་བླ་མའི་བླ་བྲང་དང་གང་ཟག་སྒེར་འཛིན་གྱི་ངོ་བོར་གྱུར་ན་འཐབ་རྩོད་ཀྱི་རྩ་་བ་ཡན་ལག་དང་བཅས་པ་རུལ་སུངས་དུ་གྱུར་བ་ཡིན།
ད་དུང་ཁྱེད་མེ་རུ་མ་སྦར་བའི་སྔོན་ཏག་ཏག་ལ། ཕུ་ནུ་ཆིག་སྒྲིལ་གྱི་ཀི་སྒྲ་གནམ་ས་འགེངས་པ་ཞིག་དང་། བོད་རང་བཙན་གྱི་བསྒྲགས་གཏམ་རྡོ་རྗེ་ཐོག་འདྲ་ཞིག་སྤེལ་ནས་བུད་སོང་བའི་སྣང་བ་ཞིག་འདུག བརྙན་ཐུང་དེར། ད་ང་ཚོ་བཙན་བྱོལ་ནང་དུ་སྡོད་མཁན་ཚོར་ཞུ་རྒྱུ་ཞིག་ལ། མི་རིགས་ཤིག་གི་འཐབ་རྩོད་ཆེད་ཞི་བདེ་དང་། གང་ཡང་བྱ་མི་དགོས་པའི་ཐོག་ནས་རག་གི་མ་རེད། དེར་བརྟེན། བཙན་བྱོལ་ནང་དུ་སྡོད་མཁན་ཚོས་ཤུགས་མང་ཙམ་རྒྱག་དགོས་འདུག་ཅེས་ཞུ་རྒྱུ་ཡིན། ཞེས་དང་། མང་གཙོ་གནང་བ་དེ་ནང་ལོགས་ལ་ནང་འཛིང་འགོད་རྒྱུའི་ཆེད་དུ་མ་རེད། དེ་བོད་མི་རིགས་ཀྱི་ཆེད་དུ། བོད་རྒྱལ་ཁབ་ཀྱི་ཆེད་དུ་ཡར་རྒྱས་ཤིག་འགྲོ་ཐུབ་ན། ལྷག་པར་དུ་ྋརྒྱལ་བ་རིན་པོ་ཆེས་སྔོན་མ་ག་རེ་གསུངས་ཡོད་པ་རེད། ཕྱི་རྒྱལ་ཡུ་རོབ་ལ་སྡོད་མཁན་ཡིན་ན། ཨ་རི་ལ་སྡོད་མཁན་ཡིན་ན། ཁང་པ་ཞིག་དང་རླངས་འཁོར་ཞིག་ཡོད་ན། ད་ང་འགྲིག་སོང་དྲན་ནས་བསྡད་པ་ཡིན་ན། ཞབས་འདྲེན་རེད་ད། ཁྱེད་ཚོ་ཚང་མ་བོད་མི་རིགས་ཀྱི་མགྲིན་ཚབ་ཡིན་ད། དེ་ཡིན་དུས་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་ལས་དགོས་པ་རེད། བོད་མི་རིགས་ཀྱི་ཆེད་དུ་དཀའ་ལས་རྒྱག་དགོས་པ་གསུངས་བཞག་ཡོད་པ་རེད། དེ་ལས་ལྷག་ྋརྒྱལ་བ་རིན་པོ་ཆེས་གསུང་ཐུབ་ཀྱི་མ་རེད།

གང་ཡིན་ཟེར་ན། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མི་རིགས་དཀར་ནག་མེད་པར། འཛམ་གླིང་འདིར་ཡོངས་སུ་རྫོགས་པ། ཆོས་ལུགས་ཡོངས་སུ་རྫོགས་པ། མི་རིགས་ཡོངས་སུ་རྫོགས་པ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དང་། འཛམ་གླིང་ཞི་བདེ་གནས་རྒྱུའི་ཆེད་དུ་ཕྱག་ལས་གནང་བསྡད་པའི་སངས་རྒྱས་ཤིག་རེད། ང་ཚོ་སངས་རྒྱས་མ་རེད། ང་ཚོ་སེམས་ཅན་རེད། ནང་འཛིང་འགོད་དགོས་ན་ཧ་ལས་པ་འདུག་ག་ཅེས་གསུངས།
ད་དུང་ཁོང་གིས། རྒྱ་ནག་གུང་ཕྲན་གྱིས་མདོ་སྟོད་མདོ་སྨད། དབུས་གཙང་ཞེས་དབྱེ་བ་བཀར་མེད་པར་བཙབ་ཡོད་པ་རེད། དེར་བརྟེན་ང་ཚོ་ཚང་མ་བོད་པ་རེད། བོད་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་ལས་དགོས་རེད། བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་ལས་དགོས་རེད་ཅེས་དང་། ད་ལྟ་ང་ཚོར་འགྲོ་བ་མིའི་ཐོབ་ཐང་མི་འདུག སྨྲ་བརྗོད་རང་དབང་མི་འདུག སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཤམ་རྒྱུའི་རང་དབང་མི་འདུག་ཅེས་ལབ་ན། རང་དབང་ཡོངས་སུ་རྫོགས་པ་དེ་ཅིའི་ཕྱིར་མེད་པ་རེད་དམ་ཞེས་ན། རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་མེད་པ་ཆགས་པ་རེད།
རྒྱུ་མཚན་དེ་ཡིན་དུས་ང་ཚོ་ཚང་མས་ཉི་མ་དེ་རིང་ནས་བཟུང་། བོད་གཞུང་ཡིན་ན་རེད། སྤྱི་འཐུས་གྲོས་ཚོགས་ཡིན་ན་རེད། བོད་མི་མང་ཡིན་ན་རེད། ཚང་མས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས། བོད་རྒྱལ་ཁབ་དང་མི་རིགས་འདི་ཡི་ཆེད་དུ་ཕྱག་ལས་གནང་རྒྱུ་དང་། རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོས། ཆོལ་ཁ་དང་ཆོས་ལུགས་ཀྱི་བརྩད་མ་བརྒྱབ་པར། རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་རྒྱུ་དང་། བོད་རང་བཙན་གྱི་ཆེད་དུ་ཕྱག་ལས་གནང་རོགས། ཞེས་བཙན་བྱོལ་ནང་ལ་ཡོད་པའི་བོད་པ་ཚོར་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་རྒྱུ་ཡིན། ཞེས་དང་།
དེ་ཡིན་དུས་མ་འོངས་པ་ལ་སྐུ་མཁྱེན། ཐུགས་རྗེ་གཟིགས་དེ་ཤུགས་ཆེ་གནང་རོགས་གནང་ཞེས་ངས་འབོད་སྐུལ་དེ་ཞུས་པ་ཡིན། གང་ཡིན་ཞུས་ན་གལ་སྲིད་ངས་ལས་འགུལ་ཞེ་སྣང་ཅན་ཞིག་སྤེལ་བ་ཡིན་ན། དེ་ནི་ང་ལ་ཟ་རྒྱུ་མ་རག ང་ལ་གྱོན་རྒྱུ་མ་རག ང་སྡུག་བསྔལ་བྱས་ནས་མ་རེད། ངས་རྒྱལ་ཁབ་འདིའི་ཆེད་དུ་སྤེལ་གྱི་ཡོད་པ་རེད། བོད་རྒྱལ་ཁབ་ཀྱི་ཆེད་དུ་སྤེལ་གྱི་ཡོད་པ་རེད། བོད་རྒྱལ་ཁབ་འདིའི་ཆེད་དུ་སྤེལ་བཞིན་ཡོད་དུས། བོད་རྒྱལ་ཁབ་འདི་ལ་གང་ཡོད་པ་དེ་ཚང་མ་མུ་མཐུད་དུ་བྱ་དགོས་པ་རེད་ཅེས་གསུངས།
དེ་བཞིན་མྱ་ངན་གྱི་མིང་ཐོག་ནས་དེ་དག་མཚམས་འཇོག་མི་རུང་བ་དང་། མྱ་ངན་ཞུས་ན་ངས་རེ་བ་ཞུས་པ་ལྟར་གྱི་མཇུག་ལ་འགྲོ་དགོས་པ་རེད། ང་ཚོར་མེད་ས་ཡོངས་སུ་རྫོགས་པ་ག་རེ་བྱས་ནས་བྱུང་བ་རེད། རང་བཙན་མེད་པའི་རྒྱུ་མཚན། རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་རེད། ང་ཚོར་རང་བཙན་རག་པ་ཡིན་ན། ང་ཚོར་ཚང་མ་ཡོད་པ་རེད། དེར་བརྟེན་རང་བཙན་གྱི་ཆེད་དུ་ཚང་མས་དཀའ་ལས་རྒྱག་དགོས་པ་རེད་ཅེས་དང་། ཚང་མས་མུ་མཐུད་ནས་དཀའ་ལས་རྒྱག་རོགས་གནང་ཞུ་རྒྱུ་ཡིན། བོད་རང་བཙན་རྒྱལ་ལོ་ཞེས་གསུངས་པ་ལས་གསལ་བོར་མཐོང་གི་འདུག
ཁོང་གིས་བོད་རང་བཙན་གྱི་ཆེད་དུ་མེར་བསྲེགས་གནང་ནའང་རྐྱེན་ངོ་མ་རྒྱ་ནག་གི་བཅའ་ཁྲིམས་གསར་བ་དེ་ཡིན་པ་ནི། ཁོང་གིས་གཏམ་བཤད་མགོ་བཙུགས་མ་ཐག་ རྒྱ་ནག་གུང་ཁྲན་གྱིས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་ཆེད་དུ་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ཅེས་དབུ་བཙུགས་པ་ཉིད་ལས་གསལ་བོ་བཟོས་པ་རེད།

ཤ་ཉེ་དགའ་དགའ། ཁྱེད་ནི་ནེའུ་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེར་བསྲེགས་བྱེད་མཁན་གྱི་བོད་པ་ཆེས་ཐོག་མ་དང་། འགྲོ་བ་མི་ཨང་གཉིས་པ་དེ་རེད། འདི་ནས་ཡར་བརྩིས་པའི་ལོ་དྲུག་ཅུ་རེ་གཅིག་གི་གོང་། ༡༩༦༥ ལོའི་ཟླ་ ༡༡ ཚེས་ ༩ ཉིན། ཝེ་ཏི་ནམ་གྱི་དམག་འཁྲུག་ལ་ངོ་རྒོལ་ཆེད་ནེ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་ཨ་རིའི་ན་གཞོན་Roger Allen LaPorte ཞེས་པས་མེར་བསྲེགས་གནང་བ་དང་། ཡང་Bellevue Hospital སྨན་ཁང་ནང་སྐུ་གྲོངས་འདུག ཁྱེད་གཉིས་མེར་བསྲེགས་ཀྱི་གནས་གཅིག་ལ་གྲོངས་ཡུལ་གྱི་སྨན་ཁང་གཅིག་པ། ཤུལ་དུ་ན་བཟའ་ཕྲན་བུ་རེ་ལྷག་པ་ཚུན་ཆད་འདྲ་བོ་འདུག ཡིན་ནའང་། ཁོང་གི་ཤུགས་རྐྱེན་གྱིས་མི་མང་གཉིད་ལས་བསླངས་ཏེ་མི་མང་གིས་ཁྲོམ་སྐོར་དང་ངོ་རྒོལ་རིམ་པར་བྱས་པ་བརྒྱུད་ལོ་བཅུའི་རྗེས་དམག་འཁྲུག་མཚམས་འཇོག་བྱས་ཡོད། ཁྱེད་ཀྱི་ཤུགས་རྐྱེན་ཡང་དེ་ལྟར་སྤང་ལ་མེ་ཤོར་བ་ལྟར་མཆེད་པའི་སྨོན་འདུན་དྲག་པོ་ཞུ། བསྡུར་དཔྱད་འདི་འདྲའང་བརྒྱུད་ལམ་ཁག་ནས་ཤུགས་ཆེན་པོ་གླེང་རྒྱུ་གལ་ཆེན་པོར་མཐོང་།
ད་དུང་གོ་ཐོས་ལ་རང་བཙན་བློ་དགའ་ལགས་ཨ་རིའི་མི་སེར་རེད་ཟེར། ཨ་རི་བ་ཞིག་གིས་རྒྱ་ནག་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ན་ཨ་རིའི་སྲིད་འཛིན་དང་བཅས་ཁ་གྲགས་དགོས་པ་མ་ཡིན་ནམ། ཨ་རིའི་གཞུང་མང་ལ་གྲགས་འགུལ་མེད་པ་འདི་ལས་བོད་པ་ནི་བོད་པ་ཡིན་པ་ལས་ཅིག་དང་ཉིག་གི་མི་སེར་ཞེས་པའི་ཤོག་ཆད་དེ་གནམ་གྲུའི་ནང་འགྲོ་དུས་ལས་བེད་སྤྱོད་མེད་པ་གསལ་བོར་གྱུར་པ་མ་ཡིན་ནམ། ཤ་ཉེ་དགའ་དགའ་ཚོ། གང་ལ་བསམས་ནའང་། བོད་དང་བོད་ཀྱི་རིག་གནས་ལས་རེ་ས་གཞན་དུ་མེད་པའི་ངེས་ཤེས་ཧྲེང་ངེ་བ་ཞིག་ཡོང་གི་མི་འདུག་གམ། ད་དུང་སྤུན་ཟླ་ནང་ཁུལ་གྱི་ཚིག་བཏོགས་ནས་ཚིག་མདའ་འཕེན་རེས་བྱས་འདུག་རྒྱུ་ཡིན་ནམ།


རང་བཙན་བློ་དགའ་ལགས་ནི། བོད་མདོ་ཁམས་ཏྲེ་ཧོར་རྫ་ཁོག་ཏུ་སྐུ་འཁྲུངས། སྤྱི་ལོ་ ༡༩༧༤ ཟླ་ ༦ ཚེས་ ༡ ཉིན། གད་ཁ་ཚང་ཕ་བསོད་ནམས་དར་རྒྱས་སམ་བསོད་དགའ་དང་། མ་རྡོ་རྗེ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་རང་ཡུལ་དགོན་པར་རབ་ཏུ་བྱུང་། གད་ཁའི་བཀྲ་ལོས་གཙོས་པའི་ཁོང་གི་ཁྱིམ་རྒྱུད་ཀྱི་མིང་སྲིང་གསུམ་རྒྱ་ནག་གི་་བཙོན་ཁང་ནངདུ་སྐུ་གྲོངས་ཡོད་འདུག
༡༩༩༢ ལོར་་རྒྱ་གར་དུ་འབྱོར་རྗེས། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་མི་ལོ་བཅུ་གསུམ་ལ་བཞུགས་། དེའི་རིང་ཆབ་རིལ་སོགས་གྲྭ་ཚང་གི་ལས་སྣེ་མང་པོ་ཁུར།
༢༠༠༦ ལོར་ཨ་རིར་ཕེབས་ཏེ། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བཅས་ཀྱི་འགན་བཞེས། ས་གནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་བཞུགས་ཡོད།
ཕྱི་ལོ་༢༠༢༦ ཕྱི་ཟླ་ ༧ ཚེས་ ༢ ཉིན། ཕྱི་དྲོའི་དུས་ཚོས་༦:༣༠ སྟེང་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་བོད་རང་བཙན་ཆེད་རྒྱ་ནག་ལ་ངོ་རྒོལ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་སྐུལ་གཏོང་ཕྱོགས་ཀྱི་བཅའ་ཁྲིམས་ཞེས་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ། ཨ་རིའི་ Bellevue སྨན་ཁང་ནང་སྐུ་གྲོངས།
༡༩༩༨ ཟླ་ ༤ ཚེས་ ༢༧ ཉི། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་བྱས་པ་དེ་ནི། བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་དམར་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་འགོ་འཛུགས་ས་དེ་ཡིན་པ་དང་། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས། ༢༠༠༩ ལོར་ལོའི་ ༠༢ ཚེས་ ༢༧ ཉིན། རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བྱས་པ་དེ། སླར་ཡང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་གྱི་དབུ་བསླངས་པ་ཞིག་ཏུ་གྱུར།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་རྒྱ་ལྟར་ན། དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་བཟུང་བོད་ནང་དུ། བོད་མི་ 159 ཡིས་རང་ལུས་མེར་བསྲེགས་བཏང་ཟིན་པ་དང་། བཙན་བྱོལ་དུ་ད་ལྟའི་བློ་བཟང་དཔལ་ལྡན་བརྩིས་ན། བོད་མི་ 11 གིས་རང་ལུས་མེར་བསྲེགས་བཏང་ཟིན་པ་བཅས། ད་ལྟ་བར་ཁྱོན་བོད་ཕྱི་ནང་གཉིས་སུ་བོད་མི་ 170 ཡིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཟིན་པ་བཀོད།
གོང་གི་རང་བཙན་བློ་དགའ་ལགས་ཀྱི་མཇུག་མཐའི་གཏམ་བཤད་ཡིག་འབེབ་དང་ཁོང་གི་ལོ་རྒྱུས་བཅས་ནི། ཐོན་མིའི་གཙུག་ལག ཉིན་རེའི་རྒྱལ་སྤྱིའི་གསར་འགྱུར་ཞེས་པ་ཟུར་བཏུས་བྱས་པས་གསར་འགོད་པ་ཁོང་ལ་བཀའ་དྲིན་ཆེ་ཞུ།

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རིའི་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་འགྲམ་བོད་རང་བཙན་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་པའི་བདུན་ཚིགས་དང་པོ་རྫོགས་མཚམས། སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༠༧ ཚེས་ ༠༨ ཉིན། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་གུས་འདུད་དང་བཅས་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས།

2026-07-18 གནད་དུ་ཐིངས་པའི་རྩོམ།
2026-07-10 མཛོད་གསེར་སྨྱུག
བཀླགས་ཟིན། བཀའ་དྲིན་ཆེ། 
2026-07-10 ངོ་མ་ཡག་པོ་ཞིག་བྲས་འདུག་བཀའ་དྲིན་ཆེ
2026-07-09 བློ་བཟང་

2026-07-09 ཡ
2026-07-09 བ་རོང་མགོན་པོ།
ཧ་ལས་པ་ཞིག་བྲིས་འདུག་བཀའ་དྲིན་ཆེ། 
2026-07-09 དབྱི་ཤོད་རྐང་མིག་
རྗེས་དྲན་རྩོམ་ཡིག་ཡག་པོ་བྲིས་འདུག་བཀའ་དྲིན་ཆེ། 
2026-07-09 ཡག་པོ་འདུག
བཀླགས་ཟིན།
2026-07-09 བཀའ་དྲིན་ཆེ་
2026-07-09 དཔེ་ཡག་པོ་བྲི་འདུག།ཐུགས་ཆེ་གནང་།
2026-07-09 ཐུགས་ཆེ་གནང་།
2026-07-09 འཕྲིན་ལས།
2026-07-08 བློ་དོན
2026-07-08 ཡག་པོ་འདུག་བཀླགས་ཟིན།
2026-07-08 ཇག་ལྷ་དཀར་པོ།
2026-07-08 ཚེ་རིང་།
བཀླགས་ཡོད། ཡག་པོ་འདུག
2026-07-08 བློ་བཟང་།
ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་དུ་རང་ལུས་མེར་སྲེག་བཏང་བར་མཉམ་འབྲེལ་རྒྱལ་ལ་བདེན་པའི་རྒྱབ་ལངས་གནང་དགོས་པའི་རེ་བ་ཤུགས་ཆེ་ཡོད་པའི་གོ་དོན་ངེས་པར་ཡོད་དགོས་སྙམ། དེ་མིན་ངོ་རྒོལ་བྱ་ས་རྒྱ་གཞུང་ཡིན་པས་རྒྱ་གཞུང་གི་གཞུབ་ཚབ་མདུན་དུ་ངོ་རྒོལ་བྱས་ན་འོས་འཚམ་མ་ཡིན་ནམ། དེ་གཅིག་ཡིན། 
གཉིས་པ་དེ་རང་ལུས་སྲེག་བཏང་བ་ནི་དགྲ་བོ་ལ་ངོ་རྒོལ་དང་། རྒྱལ་སྤྱི་ལ་ཞུ་འབོད་ཡིན་པས་མེ་མཆོད་མ་ཡིན་པའི་ཚུལ་དང་། མེ་མཆོད་ཟེར་ན་མི་འགྲིག་པའི་གཏན་ཚིགས་ཤིག་ངེས་པར་སྨྲ་དགོས་རྒྱུ་ལ་ལྷག་པ་ཡིན་ནམ་ཅི། འདི་གཉིས་ཁྱོད་ཀྱི་རྩོམ་ཡིག་ཀློག་མགོ་རྩོམ་སྐབས་ཡོད་ཤག་བྱས་པ་མི་འདུག་པ་མ་གཏོགས་གཞན་བཤད་རྒྱུ་ཞིག་མེད་ཀི་་་་་་ཨ་མའི་བུ་རེད། 
2026-07-08 ལེགས་སོ།
2026-07-08 Gonpo

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།