ཤེད་བུས།
བཀླགས་གྲངས། 291
དེ་རིང་ངས་ཧྥ་རན་སི་དང་སྦེལ་འཇམ། སུད་སི་བཅས་སུ་གནས་སྡོད་ཀྱི་བོད་མི་ལྗོངས་རྒྱུ་བ་རྣམས་ལ་གནས་ཚང་ཡག་པོ་ཞིག་ངོ་སྤྲོད་བྱ། གནས་ཚང་དེའི་མིང་ལ་ནོར་བུ་ཚང་ངམ་ནོར་བུ་བོད་ཀྱི་སྤྲོ་སྐྱིད་གཞིས་ཀ་ཟེར། ནོར་བུ་ཚང་ལ་ནོར་བུ་བོད་ཀྱི་སྤྲོ་སྐྱིད་གཞིས་ཀ་དང་ནོར་བུ་བོད་ཀྱི་ཟ་ཁང་བཅས་ཡོད། སྦྱིན་བདག་ནི། ཧྥ་རན་སིར་གནས་སྡོད་ཨ་ཅེ་སྒྲོན་སྐྱིད་ལགས་ཡིན། ཨ་ཅེ་སྒྲོན་སྐྱིད་ཀྱི་ཧབ་ཆ་སྐག་རྒྱ་ཅན་དང་ཕ་ཡུལ་གྱི་ཡུལ་སྐདསྣ་མང་མཉམ་བསྲེས་ཀྱི་ཁ་བརྡས་ཁྱེད་ཀྱི་གཉིད་དང་ཉོབ་མཉམ་དུ་དཀྲོགས་ནས། ཁྱེད་ཀྱི་གུང་གསེང་ལ་རླབས་རྒྱུན་གཞན་ཞིག་གི་གཤོག་པ་འདོགས་པ་ཡིན།
གནས་འདི་ནི་ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་དང་ཁད་ཉེ་བའི་བྷོག་གྷ་ཉིའི་ ( Bourgogne ) མངའ་ཁུལ་གྱི་ ཨ་བ་ལུང་ ( Avallon ) བའི་རྫོང་ཁོངས་སུ་ཡོད། www.gitenorbu.fr ཞེས་པའི་དྲ་ངོས་སུའང་བོད་ཀྱི་སྤྲོ་སྐྱིད་ཁང་དེའི་རྣམ་པ་དང་ཁ་བྱང་སོགས་གསལ་བོ་རེད། རིན་གོང་ངས་མ་དྲིས་མོད། འགྲོན་ཁང་ལས་ཆུང་བར་ངེས་ལ་རིན་མེད་ཟ་རྐྱང་ཅན་པོ་ནི། དམིགས་བསལ་མ་མགྲོན་ཅན་པོ་ངེད་ཅག་རིགས་ལས། འགྲོན་པོ་ཕྱོགས་བསླད་པ་ཁྱེད་ཅག་མིན་པ་མཁྱེན་པར་མཛོད། ཕྱོགས་བསླད་འགྲོན་པོ་ཁྱེད་ཚོར་ཕྱོགས་སྟོན་གྱི་དཀྱུས་ས་འདིར་ཡོད་པར་རྩོམ་འདི་མགོ་ནས་མཇུག་བར་ཀློག་རོགས།
ནོར་བུ་བོད་ཀྱི་སྤྲོ་སྐྱིད་གཞིས་ཀར། ཐབ་ཚང་རང་འགྲིག་དང་མྱི་རྒན་བཅུ་བཞི་ལྷོད་ལྷོད་ཀྱིས་ཉལ་ས་ལ། བཟའ་ཚང་དང་དགའ་རོགས་ལྷོད་ཀྱིས་བདེ་དགའ་རྒྱ་མཚོར་རོལ་སའི་ཉལ་ཁྲི་ཆེ་བ་གཅིག་ཅན་གྱི་ཁང་ཆུང་ཁོད་ཡངས་པ་གཅིག་ཅན། ཕོ་རྐྱང་མོ་རྐྱང་ཁེར་ཉལ་གྱིས་ཁ་པར་ནང་འུར་བརྒྱབ་ནས་མཚན་ཕུད་ཆོག་པའི་ཉལ་ཁྲི་གཅིག་ཅན་གྱི་ཁང་མིག་གཅིག་ཅན། བཟའ་མང་ཅན་ཚོས་བྱིས་པ་ཚོ་ཡ་ཕུག་ནས་བསྙལ་ནས་བཟའ་ཚང་མ་ཕུག་ནས་ལྷོད་ཀྱིས་ཉལ་སའི་ཁང་མིག་ཆེ་བ་ཉལ་ཁྲི་གསུམ་དང་བཞི་ཅན་བཅས་དང་། བྱིས་པ་མང་པོ་ཡོད་ཀྱང་ལྷོད་ལྷོད་ཀྱིས་བསྙལ་ཆོག་པ། ཁྲུས་ཁང་སོ་སོ་བ་གཉིས། གསང་སྤྱོད་ཁང་གསུམ། ཁང་མིག་རེ་རེ་བཞིན་གཞི་རྒྱ་ཆེ་ལ་ཁོད་ཡངས་པ། བཅས་ཉིས་ཐོག་ཧྲིལ་བོ་ཉལ་ས་དང་། ཐོག་ཁང་དང་པོའི་ནང་དུ་གཞི་རྒྱ་ཧ་ཅང་ཆེ་ལ་ཆ་རྐྱེན་ཕུན་སུམ་ཚོགས་པའི་ཐབ་ཚང་དང་། ཟ་མ་ཟ་སའི་སྒྲོག་ཙེ་གྲུ་བཞི་ནར་མོ་བ་མྱི་བཅུ་བཞི་ཤོང་བ། ཁ་གང་མ་བཞི་ཤོང་བ། སྒོར་སྒོར་མ་བདུན་ནས་བརྒྱད་ཤོང་བ། ཟླ་དབྱིབས་ཅན་གྱི་འབོལ་ཁྲི་གཤུར་ནས་འདུག་ས། མེ་སྒོང་བརྒྱབ་ནས་ཆང་ལ་རོལ་ས། འཚོགས་འདུ་འཚོགས་ས། ད་དུང་ར་སྐོར་ནང་དུ། བོད་ནང་གི་རྩོམ་པ་པོ་ཨ་མདོ་བ་མེ་རོས་གསར་གཏོད་བྱས་པའི་གཡག་རྩིད་ཀྱི་སྤྲོ་གུར་གཉིས་བཅས། སྤང་ཐང་ཡངས་ཤིང་གཞི་རྒྱ་ཆེ་བ། རྒུན་འབྲུམ་གྱི་སྡོང་བོ། སྟ་ལྒའི་སྡོང་བོ། སིལ་ཉོག་གི་སྡོང་བོ། ཁམ་བུའི་སྡོང་བོ། མེ་ཏོག་སྣ་ཚོགས་བཅས་ཀྱི་ཁོར་ཡུག་ཡངས་ཤིང་ཆེ་བ། མཛེས་བཟོ་ཆ་ཚང་བོད་ལུགས་ཅན་དང་ཆོས་ལུགས་ཅན་སོང་ནས་ཞོགས་པར་ཞལ་འདོན་བཏོན་ཆོག དགོང་མོར་ཟློས་འདོན་ལའང་འཚོགས་ཆོག་པ་བཅས། བོད་པ་ཚོར་ཧ་ཅང་འཚམ་པའི་སྤྲོ་སྐྱིད་ཁང་འདིར་མ་སོང་ན་ཁྱོད་ཀྱི་གྱོང་ཆེན་རེད། དཔེར་ན། ཟླ་ཤས་ལ་སྐྱོབ་གསོའི་སྒོར་མོ་ཆད་པ་ལྟ་བུ་ཞིག་རེད།
སྤྲོ་སྐྱིད་གླིང་ག་ཙམ་མིན་པར། ས་གནས་སུ་རྒུན་འབྲུམ་གྱི་ཞིང་ཁ། མེ་ཏོག་ཉི་མ་འཁོར་དང་འབྲུ་རིགས་སྣ་ཚོགས་ཀྱི་ཞིང་ཁ། སིལ་སྡོང་སྣ་ཚོགས་ཀྱི་སྡོང་ར། ད་དུང་ཟས་རིགས་སྣ་ཚོགས་ཉོ་སའི་ཚོང་རSuper U ཁྲོམ་ར་དང་། ཧྥ་རན་སིའི་གླང་ཤ་སྐད་གྲགས་ཅན་བཅས་རིན་གོང་བདེ་བོས་ཉོ་རྒྱུ་ཡོད་པ་མ་ཟད། བོད་ཟས་ཤ་མོག་སོགས་ཟ་འདོད་ནའང་། ནོར་བུ་བོད་ཀྱི་ཟ་ཁང་དང་ཐག་ཉེ་བོ་ཡོད་པ་བཅས། ནུབ་ཕྱོགས་ཀྱི་བོད་པ་སྤྲང་བོ་ཚོས་རྒྱགས་རྩེད་ཀྱི་འདྲ་པར་དང་། བརྙན་ཐུང་ངོམ་སོ་བྱེད་སའི་གནས་མཆོག་ཅིག་ལ་འདི་ལས་ལྷག་ཅིག་ཡུ་རོབ་ནས་རྙེད་དཀའ་ཚོད་རེད་ཅེས་ཞུ་བར་འདོད་དོ། །
གནས་རྙིང་དང་གནའ་ཤུལ་ལ་བོད་པ་ཚོར་དོ་སྣང་ཆུང་ནའང་ཆོས་དམག་ལ་དོ་སྣང་དང་བྱང་ཆ་ལྡན་པས། སྤྲོ་ཁང་འདིའི་ཉེ་འགྲམ་གྱི་རི་བོ་བེ་ཛི་ལེར་ Vézelay གནས་ཆགས་པའི་དགོན་པ་ (Basilique Sainte-Marie-Madeleine) ཞེས་པ་འདིར་ཡེ་ཤིའི་ཆོས་དམག་གམ། རྒྱ་གྲུམ་རྒྱང་སྐྱོད་དམག་དཔུང་གཉིས་པ་འདི་ནས་བརྩམས་ཤིང་། དབྱིན་རྒྱལ་དང་པོ་དང་ཧྥ་རྒྱལ་གཉིས་པ་གཉིས་ཀྱིས་རྒྱང་སྐྱོད་དམག་ཆེན་གསུམ་པའང་གནས་འདིར་བརྩམས་པས། གནས་འདི་ཡུལ་སྐོར་གྱི་ལྟེ་བ་ཞིག་རེད། བོད་པ་རྣམས་དགོན་པ་ལ་དགའ་བས། དགོན་པ་འདིའི་གཡས་ངོས་རྣམས་སུ་ཡེ་ཤིའི་གྲྭ་རྐྱང་ཚོའི་གྲྭ་ཤག་དང་གཡོན་ངོས་ཀྱི་དོང་ལམ་ནི་འདབས་འབྲེལ་གྲོང་སྡེ་མང་པོར་ཐུག་པ་དང་། དོང་ལམ་བརྒྱུད་ནས་དད་ལྡན་མང་ཚོགས་ཀྱི་གྲྭ་བ་ཚོར་གུང་ཚིགས་བསྐྱལ་བ་དང་། དམག་དཔུང་གི་མཚོན་ཆ་དང་ཟ་མའང་དོང་ལམ་དེ་བརྒྱུད་ནས་བསྐྱལ་རབས་ཀྱི་ལོ་རྒྱུས་ཤིན་ཏུ་མོད།
ད་དུང་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིའི་རྩོམ་པ་པོ་དང་ལྟ་གྲུབ་སྨྲ་བ་རོ་མེན་རོ་ལངས། (Romain Rolland, 1866–1944)
ལགས ༡༩༣༨ ལོར་གནས་འདིར་གཏན་སྡོད་བྱེད་པར་བསླེབས་ཤིང་། ༡༩༤༤ ལོར་གནས་འདིར་སྐུ་གཤེགས། ཁོང་གིས་དམག་ཆེན་གཉིས་པའི་དུས་ཟིང་སྐབས་བེ་ཟེ་ལེ་ཡི་རང་བྱུང་དང་ཞི་བདེའི་ཁོར་ཡུག་སྐོར་བརྩམས་ཆོས་མང་པོ་བརྩམས། འགྲེམས་སྟོན་ཁང་ (Musée Zervos - Maison Romain Rolland) ཡང་གནས་འདིར་ཡོད།
ད་དུང་ཧྥ་རན་སིའི་རྩོམ་པ་པོ་དང་མཚན་ཉིད་རིག་པ་བ་དང་། གསར་འགོད་པ་གྲགས་ཆེན་མུའུ་རེ་ཀ་ལ་བེལ་ (Maurice Clavel, 1920–1979) ལགས་ཀྱི་དུར་ཁྲོད་ཡོད་ལ། ཁོང་གིས་ཚེ་མཇུག་གནས་འདིར་བསྐྱལ་ཞིང་། གནས་འདིར་ལྟ་གྲུབ་དང་རྩོམ་རིག་སྐོར་གྱི་བརྩམས་ཆོས་མང་དུ་མཛད།
ད་དུང་ཧྥ་རན་སིའི་མཁས་དབང་དང་སྙན་ངག་པ། ཟློས་གར་རྩོམ་པ་པོ་ རྗོལ་རོ་མེན་ (Jules Romains, 1885–1972) གནས་འདིར་ཡུན་རིང་བཞུགས་ཤིང་གནས་འདིར་ཁོང་གི་རྩོམ་རིག་གི་བློ་རྒྱ་བསྐྱེད་པའི་གླེང་སྲོལ་ཡོད།
ད་དུང་ཧྥ་རན་སིའི་མཚང་འབྱིན་རྩོམ་པ་པོ་དང་སྙན་ངག་པ། བརྙན་འཕྲིན་མི་སྣ་གྲགས་ཆེན་མེག་སི་ཕོལ་ཧྥོ་ཞིའི་མཱ་སེལ་ གྷོ་ཌེལ། (Max-Pol Fouchet, 1910–1980)
དུར་ཁྲོད་འདིར་ཡོད་པ་མ་ཟད། གནས་འདིར་བརྩམས་ཆོས་མང་དུ་མཛད་དེ་གྲགས་པ་རྒྱས།
ད་དུང་ཧྥ་རན་སིའི་རྟོག་འཆར་རིང་ལུགས་ཀྱི་སྙན་ངག་པ་གྲགས་ཆེན་ཕོལ་ཨེ་ལུར་ཌི་(Paul Éluard) ལགས་དམག་ཆེན་གཉིས་པའི་སྐབས་གནས་འདིར་ཡིབ་སྡོད་ཀྱིས་སྙན་ངག་གྲགས་ཆེན་རང་དབང་ Liberté གི་རྩོམ་གདན་བཏིང་རབས་ཡོད་མོད། ངོས་འདི་དག་ཧྥ་ཇག་ཚོར་མཁོ་བ་ལས་ཁྱེད་ཅག་ལ་སྤྱང་ཀིའི་རྣ་བར་ཆོས་བཤད་ཡིན་པ་ངས་སྔར་ནས་ཤེས་ཡོད།
ད་ལོའི་ཧྥ་ཇག་དབྱར་གནས་ཀྱི་འགྲུལ་བཞུད་ལམ་དབར་ནས་སྦྱིན་བདག་མ་འདིས་གདན་ཆ་ལེགས་པར་བཤམས། ཤ་ཆང་གི་རྒྱ་མཚོ་བསྐྱིལ། ཟུར་མིག་གི་རྒྱལ་མཚན་བསྣར། ཀུ་རེ་དང་ཧབ་ཆའི་རོལ་མོ་མཐའ་ཡས་པས་ངེད་ཅག་ལེགས་པར་བསུས་པ་ལའང་ཐུགས་རྗེ་ཆེ་ཞུ།
ཤེད་བུས་སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༠༨ ཚེས་ ༡༣ ཉིན།
ཧྥ་རན་སིའི་གྲོང་གསེབ་ Saint julian en genevois བར།