Back To Top

རྣམ་དཔྱོད་ལྡན་པའི་གསར་བུ་ལུགས་ལྡོག་ལ་སྙན་ངག་ཧེ་ཁུའུ་སྐོར་འཆད་པ།

 ཤེད་བུས།

བཀླགས་གྲངས། 468

བོད་ཆེན་པོའི་རྒྱལ་ཁམས་ནི་འཇིག སྐད་དང་ཡི་གེ་རིན་པོ་ཆེའང་སྣུམ་ཟད་ཀྱི་མར་མེའི་རྗེས་སུ་འགྲོ་ལྡོག་དང་། རྒྱལ་མཆོག་གངས་ཀྱི་ཉི་མ་འོད་པོ་ཆེའང་དགུང་ལོ་མཐོན་པོར་ཕེབས་པ་དང་། སྙིང་ལ་རུས་པ་ཅན་གྱི་དཔའ་བོ་དཔའ་མོ་ཚོས་རེ་རེ་བཞིན་གཅིག་བཞུད་གཉིས་བཞུད་ཀྱིས་གྲངས་ཀའང་ཡིད་ལ་མི་འོང་བའི་སྐབས་འདིར། ས་སྟེང་རིན་ཆེན་གསུམ་གྱི་ཡ་གྱལ་སྙན་ངག་རིན་པོ་ཆེའི་སྐུ་དོན་ཡང་ཁྱོད་དང་ང་ལྟ་བུའི་ཤེས་ཆུང་ལབ་རྐྱ་ཚོའི་ཁ་དབར་ལག་དབར་ལ་ལྷུང་བ་རེད། འདི་ནི་ཡག་རྟགས་ཤིག་མིན་ནའང་། གནམ་སྔོན་པོས་གནང་བའི་བཀའ་དབང་ལ་གྱེན་ལྡོག་མཁན་སུ་ཞིག་ཡོད་ཨང་།
ཉིན་འདི་གར་ཁྱེད་ཀྱིས་དག་མ་ནོར་བ། སྡེབས་མ་འཆུག་པ། རིགས་པ་མ་བོར་བ། སྙན་ཆ་དཔེ་མེད་ཅན་གྱི་ཧི་མ་ལའི་ཧེ་ཁུའུ་ཞེས་པའི་ཆར་བ་ཉིན་འབབ་མཚན་འབབ་གནང་བར་ངས་ཐུགས་རྗེ་ཞུ་བར་འདོད། ང་སེམས་གཏིང་ནས་དགའ་སོང་། སྤྱིར་རྒན་པོ་ལོ་ལོན་སོང་བ་མ་གཏོགས་དབལ་ཚ་བའི་སྙན་ངག་མི་འབྲི་མཁན་ཞིག་མིན་ནའང་། ལོ་ཡིས་ཡར་ཡར་དེད་ནས་སྒྱུ་རྩལ་གྱི་དབང་རྩ་འགག དྲན་རིག་གི་དབང་བོ་བག་ལ་ཞ་ཚར་བས། སྙན་ངག་མི་ཕྲིས་པར་ཁས་མི་ལེན་རང་ལེན་རེད། ཁ་སང་ངས་བྲིས་པའི་སྙན་ངག་དེ་མཐོང་ནས་ཁྱོད་བགད་བགད་དེ་ཁམས་དཀར་ཡང་བརླ་ཐོག་ལ་འཐོར་སོང་ཟེར་གོ་གི དེ་འདྲ་ཞིག་སྙན་ངག་པའི་འཆར་ཡན་ཡིན་སྲིད་ནའང་། ཁྱེད་རང་བགད་བགད་དེ་་ཧི་མ་ལ་ཡ་ལྟ་བུའི་གཡག་རྒན་ཞིག་ཤོར་ཡོད་ནོ་ཁོ་ཐག་ཡིན། དེར་བརྟེན། ད་རེའི་སྙན་ངག་འབྲི་རྒྱུ་མིན། སྙན་ངག་ཐད་ནས་ནང་མོལ་གྱི་སྐད་ཆ་འགའ་གླེང་བར་བྱ།

གཅིག

སྙན་ངག་གི་ཆེ་ས་གཞན་དོན་དང་འབྲེལ། ཆུང་ས་མི་སྒེར་དང་འབྲེལ་བས། རྗེ་རིན་པོ་ཆེས། སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར། །ལང་ཚོ་མི་སྡོད་རྒྱུག་པའི་རི་གཟར་ཆུ། །དེ་ཀྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས། །བདག་གིས་རིག་གནས་གང་ལ་སྦྱངས་སྙམ་ན། །ཞེས་པ་ནས་། མ་རྟོགས་འགྲོ་ལ་བརྩེ་བས་ཐོག་མར་་ནི། །ཟིང་ཟིང་སྦྱོར་བས་དགའ་བར་བྱས་པའི་མཐར། དོན་བཟང་ཚིག་ལེགས་སྙན་པར་སྨྲ་བ་ཡིས། །བསྐུལ་་བས་བཟང་པོ་སྤྱོད་ལ་འཇུག་པར་ཤོག །ཅེས་སོགས་གསུང་བ་ཚིག་ནག་ལ་ཕབ་ནས་བཤད་ན། རྣམ་གྲོལ་དོན་གཉེར་གྱི་སྐྱེས་བུ་རེ་ཡོད་ན། སྙན་ངག་སྦྱོང་རོགས། གཞན་དོན་རྣལ་མ་རེ་་བྱེད་ནའང་སྙན་ངག་སྦྱོང་རོགས་ཨ་ཕ་ལེ་ལེ་ཚོ། ཞེས་གསུངས་པ་རེད། དེར་བརྟེན། སྙན་ངག་དང་ངན་སྲེད་ཀྱི་དབྱེ་བ་ཕྱེ་ཤེས་དགོས། དེ་མ་ཤེས་ན། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ། །གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས། །ཞེས་པའི་སྐད་ཆ་འདི་འདྲ་ཐལ་སྲིད། ཡིན་ནའང་། དེ་རིང་སྤྱི་བཤད་ནང་མི་འཁོར་བར་བྱ།

གཉིས།

ཧེའུ་ཁུའུ་ནི་ལུང་ཚན་གྱི་དབང་དུ་བྱས་ན། འཇར་པན་གྱི་སྙན་ངག་གི་རིགསཤིག་རེད། དེང་རབས་སྙན་ངག་གི་ཁྲོད་དུ་ཡིད་བརྙན་ཞེས་པའི་མཚོན་ཐབས་གྲགས་ཆེན་དེ་འབྱུང་སའི་ཞིང་སའང་རེད། ལོ་ཤས་སྔོན་སྐུ་ཞབས་ལྗང་བུའི་སྙན་ངག་རྒྱལ་མོའི་ལམ་ཀ་དང་ལྷན་ཨེ་ཛཱར་ཕཱོང་ཌིའི་( Ezra Pound)སྙན་ངག་སྐོར་ལ་དོ་སྣང་བྱེད་དུས། ཕཱིང་ཌིས། གཅིག རྒྱ་བསྐྱེད་མི་ཐུབ་པའི་དཔེ་མི་སྤེལ་བ། གཉིས། དགོས་མེད་ཀྱི་ཚིག་མི་སྤྱོད་པ། གསུམ། ཚིག་དབྱངས་འགྲོས་དང་བསྟུན་པ་ལས་དབྱངས་འགྲོས་ཀྱིས་ཚིག་མི་འཁྲིད་པ་བཅས་དོན་ཚན་གསུམ་ལ་དོ་སྣང་བྱས་ནས་སྙན་ངག་འབྲི་བ་ཤེས། དོན་ཚན་གསུམ་པོ་དེ་ལས་ཡིད་བརྙན་ཡོང་བཞིན་པའང་ཚོར། དེའི་ཁུངས་ཧེ་ཁུའུ་ལ་ཐུག་པའང་རྟོགས། ཧེ་ཁུའུ་ནི་ཞི་བ་དང་མི་རྟག་པ་སོགས་ཀྱི་བསམ་བློར་ཐུག་པར་རྟོག
ད་དུང་ཧྥ་ཇག་དཔེ་ཚོགས་ནང་། ་གསལ་ལེ་རྒྱལ་གྱིས་ཁ་བ་ཞེས་པའི་ཧེ་ཁུའུ་བརྗོད་གཞིར་བྱས་པའི་ཧྥ་རན་སིའི་སྒྲུང་གཏམ་གྲགས་ཆེན་ཞིག་བོད་བསྒྱུར་བྱས་ཡོད། དེའི་ནང་དུ་ཡིད་བརྙན་སྒྲུང་དུ་བྲིས་འདུག་ཅེས་བཤད་ཆོག་པ་མ་ཟད། འཇར་པེན་གྱི་ཧེ་ཁུའུ་སྙན་ངག་པ་ཆེན་པོ་ལྔའི་ཧེ་ཁུའུ་རྣམ་པར་ཐར་བ་སྒྲུང་གཏམ་གྱི་རྣམ་པར་་བྲིས་ཡོད། དེ་ཡང་ཡིན་ཏེ། ཧེ་ཁུའུ་སྙན་ངག་པ་ཆེན་པོ་ལྔའི་ལྟ་དགོངས་ཁ་བའི་གཏན་ཚིག་ལྔ་རུ་སྦྱར་ནས་སྒྲུང་སྙིང་སྤྲད་ཡོད། སྒྲུང་ཚན་འགའི་འགོར། ཧེ་ཁུའུ་སྙན་ངག་གི་ཡབ་ཆེན་བཞི་(བྷ་ཞྭོ། Bashō བྷུ་སཱོན། Buson ཨིས་ཟྭ། Issa ཞྭིས་ཀིས། Shiki ) དང་ཨ་ཅེ་སྙན་ངག་པ་ཆིས་ཡོ་ནཱི་(Chiyo-ni)བཅས་ཀྱི་སྙན་ངག་རེའང་ལུང་འདྲེན་བྱས་འདུག དེ་དག་དང་འབྲེལ་ངས་ཧེ་ཁུའུ་ལ་དོ་སྣང་བྱུང་མྱོང་ཡོད་པས། ང་ཧེ་ཁུའུ་ལ་ནག་ཁུང་མིན་པར་འདོད་ཡོད།

གསུམ།

ཧེ་ཁུའུ་དང་འབྲེལ་ཧམ་བཤད་ཅིག་བྱས་ན། ཧེ་ཁུའུ་ཞེས་པ་བོད་སྐད་དུ་བསྡུས་དོན་ལ་མཇུག་པར་འདོད། ཨ་ཁུ་ཡི་དམ་ཚེ་རིང་གི་ཚིག་བདུན་སྙན་ངག་གམ་བཞི་གཅིག་གཉིས་ཀྱི་སྙན་ངག་(༤ - ༡ - ༢) ནི་ཧེ་ཁུའུ་ཞི་ལི་དང་། རང་མོས་སྙན་ངག་ནི་ཧེ་ཁུའུ་ཚ་བོ་ཡིན་པར་སྨྲས་ཆོག

བཞི།

དེའང་ཡིན་ཏེ། ཧེ་ཁུའུ་haiku སྙན་ངག་གི་ཡབ་ཆེན་སྔ་མ་གསུམ་གྱི་སྐབས་སུ་ཁོའི་མིང་ལ། Hokku ཟེར། དེ་ནི་མཉམ་བྲིས་རཱིན་ཀ་ Renga ཡི་གླེང་བརྗོད་དམ་བསྡུས་དོན་ཡིན་ཟེར། ༥-༧-༥ དེ་ནས་ ༧-༧ དེ་ནས་ ༥-༧-༥ འདི་ལྟར་སྙན་ངག་པ་མང་པོས་མཉམ་བྲིས་ཀྱིས་ཚིགས་བརྒྱ་ཕྲག་སྟོང་ཕྲག་འཁོར་ནས་འབྲི་བའི་སྲོལ་ཞིག་ཡོད་པ་དེ་ཡི་བསྡུས་དོན་ལྟ་བུ་ཡིན། ཧེ་ཁུའུ་ནང་དུ་དོན་མང་སྡུད་ཅིང་རྒྱ་བསྐྱེད་ཐུབ་པའི་སྣང་བརྙན་དགོས་པ་ལས་སྒྲ་ཚིགས་ལྔ་བདུན་ལྔ་ཙམ་གྱིས་ཧེ་ཁུའུ་ཡག་པོ་ཞིག་འཁྱོང་ཡོད་པར་བདག་གིས་མི་འདོད། སྒྲ་ཚིགས་ལྔ་བདུན་ལྔ་དེ་ཚིག་ཁྱིམ་ལྔ་བདུན་ལྔ་ལ་བསྒྱུར་ན། དེའང་འགྱུར་བ་ཞིག་ཡིན་ཆོག་པའི་བསམ་ཚུལ་ལས་འཇར་དབྱིན་གྱི་སྒྲ་ཚིགས་ནི་བོད་ཀྱི་ཚེག་ཁྱིམ་ལ་ངོས་བཟུང་ན་བདག་གིས་ཀྱང་འགྲིག་པར་འདོད་མོད། གོང་གི་ཁུངས་སྣེ་སྣ་མ་སྣ་ཚོགས་མཐུད་ནས་འདང་ཞིག་བརྒྱབ་ན། ཧེ་ཁུའུ་དོན་ངོ་མ་ནི་བསྡུས་དོན་གྱི་སྟེང་དུ་བབ་འདུག་ཅེས་ཁོ་བོས་མགྲིན་པ་བསྲིངས་པར་འདོད། ཁྱེད་ཀྱིས་མུ་འབྲེལ་སྙན་ངག་རིང་བོ་རེ་བྲིས་ཏེ། མགོར་ཧེ་ཁུའུ་རེ་ཕྲིས་དང་། ཁྱོད་ཀྱིས་ཧེ་ཁུའུ་བསྡུས་དོན་ཡིན་པར་ངེས་ཤེས་གཏིང་ནས་འདྲོངས་པ་མ་ཟད། ཁྱོད་ཀྱི་ཧེ་ཁུའུ་ཧི་མ་ལ་ཡ་ལས་ཀྱང་མཐོ་མིན་ན་ང་བླ་མ་མ་རེད་ཅེས་སྨྲས་དང་། བསམ་འཆར་ཅི་ཡང་མེད།

ལྔ་།

ཨ་ཁུ་ཡི་དམ་ཚེ་རིང་གི་ཚིག་རྐང་དང་པོ་བཞི་ནི་སྙན་ངག་ཧྲིལ་བོའི་གླེང་གཞིའམ་མ་གདན་ལྟ་བུ་ཡིན་ལ། ཧེ་ཁུའུ་ཚིག་རྐང་དང་པོའང་ནམ་དུས་ཡང་ན་ག་དུས་ག་བར་སྟོན་པའི་སྙན་ངག་གི་གླེང་གཞི་ལྟ་བུ་ཡིན། ཡི་དམ་ཚེ་རིང་གི་བར་གྱི་ཚིག་རྐང་གཅིག་ནི་བྱ་དངོས་ཀྱི་ངོ་བོ་རྗེན་པར་མཚོན་བྱེད་ཡིན་ལ། ཧེ་ཁུའུ་བར་གྱི་ཚིག་བདུན་ཡང་རང་བཞིན་དངོས་བྲིས་བྱེད་རྐྱེན་ཡིན། ཡི་དམ་ཚེ་རིང་གི་ཐ་མའི་ཚིག་རྐང་གཉིས་ནི་སྙན་ངག་ཧྲིལ་བོའི་སྡོམ་ལྟ་བུ་ཡིན་ལ། ཧེ་ཁུའུ་ཐ་མའི་ལྔ་ཚིག་ནི་བསམ་གཞིག་གི་བར་སྟོང་སྟོབས་ཆེན་བཀོལ་ས་ཡིན་་ལ། དེ་ལས་ཀྱང་ཁ་གསལ་བཤད་ན། ཅུང་ཀྱོག་ཀྱོག་ཅིག་བྱས་ནས་ཚན་པ་སྔ་མ་གཉིས་ལ་སྲོག་དབང་སྤྲོད་སྐྱེད་་ཡིན། ཨ་ཁུ་ཡི་དམ་ཚེ་རིང་གི་ཐ་མ་གཉིས་ཀྱིས་ཅུང་ཁ་གསལ་གྱིས་སྡོམ་རྒྱག་གིན་ཡོད་པས། མི་འདྲ་ས་དེ་ཡིན་ལ། འདྲ་སའང་དེ་ཡིན། དེའི་ཕྱིར། ཁོང་གི་ཚིག་བདུན་སྙན་ངག་གིས་ཧེ་ཁུའུ་སྙན་ངག་གི་ཐབས་རྩལ་ཡོངས་སུ་བླངས་ཡོད་པར་འདོད་པས། ངས་ཧེ་ཁུའུ་བུ་རེད་ཅེས་བསྒྲགས་པར་འདོད་སོང་།

དྲུག

གསར་བརྗེའི་འབོད་སྒྲ་ལྟ་བུའི་རང་མོས་མིང་ཅན་ཚོ་དང་། སྐྱོ་སྡུག་རྨོངས་གསུམ་ལྷུག་བརྗོད་ཀྱི་ལ་གཞས་སྲོག་ཞུགས་ཀྱི་རང་མོས་སྙན་ངག་མིང་ཅན་དག་ལས་གཞན། རང་མོས་སྙན་ངག་གི་ཁྱད་ཆོས་མཐར་ཐུག་ཡིད་བརྙན་ཡིན་ཞིང་། དེའང་ཕོང་ཌི་ནི་ཡིད་བརྙན་གྱི་གྲུབ་མཐའི་མཁན་པོ་དང་ཁོང་གི་སྙན་ངག་ནི་ས་འོག་མེ་འཁོར་འབབ་ཚུགས་ཤིག་ཅེས་པ་ཚབ་མཚོན་གཅིག་བུར་གྱུར་བ་ཡོངས་གྲགས་ལྟར་ཡིན། ཕོང་ཌིས་ས་འོག་མེ་འཁོར་འབབ་ཚིགས་འབྲི་དུས། དང་པོར་ཤོག་གྲངས་གཅིག་དང་ཕྱེད་ཀ་བྲིས་དེ་ནས་ཇེ་ཉུང་ཇེ་ཉུང་ལ་བཏང་ནས་ཚིག་ཕྲེང་གཉིས་བྲིས་རབས་ཡོད། དེའང་ཧེ་ཁུའུ་སྙན་ངག་གི་ཐབས་རྩལ་ལ་ལད་བྱས་པ་ཡིན་པས། རང་མོས་སྙན་ངག་ཀྱང་ཧེ་ཁུའུ་ཚ་བོ་ཞིག་རེད་ཅེས་པའི་སྐད་ཆ་འདི་ཤོར་སོང་།

བདུན།

ཡིད་བརྙན་ཞེས་པར་སྙན་ངག་པ་དང་དཔྱད་བརྗོད་པ་ཚོས་ཁ་འདྲ་ཞིག་གླས་ཡོད་མོད། དོན་ངོ་མ་ནི། ངས་གོང་དུ་བཤད་པའི་ཕོན་ཌིའི་སྙན་ངག་འབྲི་དུས་ཀྱི་རྩ་འཛིན་དང་པོ་རྒྱ་བསྐྱེད་མི་ཐུབ་པའི་དཔེ་མི་འགོད་པ་ཞེས་པ་དེར་བཤད་ཀྱིན་་ཡོད། དེ་ནི་ཁྱོད་ཀྱི་ཞལ་ནི་ཆུ་སྐྱེས་ཏེ་ལ་སོགས་ལ་མི་ཟེར། དེ་ནི་ཁྱོད་ཀྱི་ཞལ་རས་ངོ་ལྟའི་ནང་ཤར་བ་ལྟ་བུ་ཞིག་ཡིན། དེས་རྒྱ་ཅི་ཡང་བསྐྱེད་མི་ཐུབ། རྒྱ་བསྐྱེད་ཐུབ་པའི་དཔེ་ནི། དཔེ་འཕྲོད་མོ་ཞིག་ཡིན་པའི་ངེས་པ་མེད་ལ། གཟུགས་སུ་བཀོད་པས་ཀྱང་མི་ཆོག ཁྱོད་ཀྱི་ཞལ་རས་ལ་སྒེའུ་ཁུང་གི་དཔེ་སྦྱར་བ་ལྟ་བུ་ཞིག་ཡིན། དཔེ་དང་དཔེ་ཅན་གྱི་འབྲེལ་ཐག་ཀྱང་མི་གསལ་ལ། སྒེའུ་ཁུང་ནང་ཁྱོད་ཀྱི་ཞལ་རས་ཀྱང་མི་གསལ། ཡིན་ནའང་། སྒེའུ་ཁུང་ནང་ནས་ཁྱེད་ཀྱི་ཞལ་རས་མཐོང་ལ། ཕྱི་ལོགས་ཀྱི་རི་ར་བ་ཁང་ཁྱིམ་ཡང་མཐོང་། ད་དུང་སྒེའུ་ཁུང་གི་ཕྱི་རོལ་ནས་ཀྱང་ཁྱོད་ཀྱི་ཞལ་རས་མཐོང་བ་ཡིན། འདི་འདྲའི་དཔེ་དང་དཔེ་ཅན་གཉིས་སྐད་ཅིག་མའི་ཡུན་ཚད་ཅན་གྱི་སྒྲ་ཚིགས་ཤིག་ལ་དྲངས་ཐུབ་ན་ད་གཟོད་ཁྱེད་ཧེ་ཁུའུ་སྙན་ངག་པ་རེད།
དེ་མིན་སྙན་ཆ་གཏམ་དཔེ་ལའང་ཡོད། དོན་ཆེན་ལེགས་བཤད་ཀྱིས་ཀྱང་སྟོན། སྦས་ཙམ་གབ་ཚིག་གིས་ཀྱང་བྱེད་པས། ཧེ་ཁུའུ་ལ་མཚོན་ན་དེ་དག་ནི་སྐྱག་དྲི། རྟུག་དྲི། རུལ་དྲི་ལས་ཞིམ་མངར་གྱི་་དྲི་བསུང་གང་ཡང་མ་ཡིན་ནོ། །

བརྒྱད་པ།

མདོར་ན། ང་ནི་ཁྱེད་ལ་རེ་བ་ཧ་ཅང་ཆེ། ལྷག་པར་ཧེ་ཁུའུ་འབྲི་བར་རེ་བ་ཆེ། ཧེ་ཁུའུ་ནི། སུམ་རྟགས་དག་གསུམ་གྱི་འབུམ་རམས་པ་ཚོས་མི་ཕྲིས་པ་མ་ཟད། རྟགས་གསལ་ཁྱབ་གསུམ་གྱི་ལྷ་རམས་པ་ཚོས་ཀྱང་མི་ཕྲིས། གཏན་ཚིགས་ཀྱི་རིགས་ལམ་ལྡན་པ། སྡེབས་སྦྱོར་གྱི་རྩལ་ཡོད་པ། སྒྱུ་རྩལ་གྱི་ཁམས་ཡངས་པའི་བུ་ཁྱོད་འདྲས་ཕྲིས་ལ་འབྲིའང་དགོས།

དེར་བརྟེན། ཁྱེད་ཀྱིས་ཧེ་ཁུའུ་བྲིས་པར་བཀའ་དྲིན་ཆེ། མུ་མཐུད་འབྲི་བར་རེ་བ་ཆེ། སྐོར་ལོག་བྱེད་མིན་ཁྱོད་ཀྱིས་ལྟོས་ཞེས་ཀྱང་ཐལ་ལོ། །

བོད་གངས་ཅན་གྱི་སྙན་ངག་སྨྲ་བ་བོན་རྒྱ་བསྟན་འཛིན་རབ་རྒྱས་སམ་ཤེད་བུས།
སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༠༨ ཚེས་ ༡༨ ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར།
སརྦ་མངྒ་ལཾ།

བེ་ཛི་ཝེན་གྱི་ས་འོག་དོང་སྣེ།
2026-08-19 ལུགས་ལྡོག
ཧའེ་ཁུ་ལ་དོ་སྣང་བྱས་པ་བཀའ་དྲིན་ཆེ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།