བཀླགས་གྲངས། 188
——ས་ཡོམ་ལས་འཕྲོས་ཏེ་བོད་པ་ཐད་གཏོང་བར་བལྟས་ན།
༼ རྩོམ་ཡིག་འདི་ནི་སྤྱི་ལོ་༢༠༢༣ ལོའི་ཟླ་༡༢ པའི་ཚེས་ ༡༨ ལ་མདོ་སྨད་རྡོ་སྦིས་ཕྱོགས་སུ་ས་ཡོམ་བརྒྱབ་རྗེས་བྲིས་པ་ཞིག་རེད། བྲིས་ཀྱང་སྤེལ་མི་འདུག་པས་དེ་རིང་སྤེལ་བ་ཡིན། ལྟ་འདོད་མེད་མཁན་ཚོས་མ་བལྟས་ན་འགྲིག དུང་རི་ལ་ས་ཡོམ་སྐབས་ཀྱང་རྩོམ་རིག་ཞིག་འདུག དེའང་ག་ལེར་སྤེལ་ན་ཐང་། ༽
ཕ་ཡུལ་ལ་ས་ཡོམ་བྱུང་བའི་གནས་ཚུལ་གྱིས་སེམས་པ་སྐྱོ་ལྷང་ངེར་བཏང་། ཡུལ་ཤུལ་ས་ཡོམ་སྐབས་ཀྱི་འཇིགས་རུང་གི་སྣང་ཚུལ་དག་ཀྱང་ཡིད་ལ་དྲན། མི་འདྲ་ས་དང་བློ་བདེ་འོས་པ་ཞིག་ལ། མི་ལ་སྐྱོན་མེད་པའི་གནས་ཚུལ་ཐོས། ཡིན་ནའང་། དགུན་འཁྱག་ཁ་མེད་ལ་སྒོ་ཁར་དེད་པའི་བགྲེས་སོང་རྣམས་ཀྱི་ཉ་འདར་ངག་ལྐུགས་ཀྱི་སྣང་ཚུལ་དག་གིས་གློ་སྙིང་ལན་མང་དུ་སྟེང་འོག་བརྗེས། ངས་ཅི་ཞིག་བྱ། ནུས་མེད་གཉོམ་ཆུང་གི་ངས་ཅི་ཞིག་བྱ། ཕ་ཡུལ་ལ་གཟན་ནན་གྱིས་ཉན་རྒྱུ་དེ་རེད། ངས་གཟབ་ནན་གྱིས་ཕ་ཡུལ་ལ་ཉན་པ་ཡིན། ས་ཡོམ་ལ་བརྩེ་བ་མེད་ཀྱང་སྤུན་ཟླའི་བརྩེ་སེམས་ཀྱིས་བདག་གི་སེམས་ཁ་དྲོས། རྡོ་བིས་མི་མང་གི་གོ་ཁའང་དྲོས་སོང་། དེར་བརྟེན། ངས་དྲ་དཔོན་བརྩེ་བ་ཅན་ཚོར་སེམས་རུས་པའི་གཏིང་ནས་བཀའ་དྲིན་ཆེ། ཞེ་བསམ་པའི་དཀྱིལ་ནས་ཡི་རངས་ཞུ་ཟེར་འདོད་པ་དེ་ཡིན།
དེང་སྐབས་རྒྱ་ནག་ཐད་གཏོང་གི་དུས་རབས་ཡིན་ལ་བོད་པའང་ཐད་གཏོང་གི་དུས་རབས་ཡིན། སྤྱིར་ཐད་གཏོང་གི་དུས་རབས་ནི་རྗེས་ལུས་ཀྱི་དུས་རབས་ཤིག་ཡིན། དངོས་ཡོད་དང་བདེན་པས་ས་རྒྱ་མི་ཆོད་པར་རྫུན་མ་དང་ངོ་གདོང་སྙིང་རྗེ་མོ་གཙོ་བོ་དང་སེམས་བཟང་པོ་སྣང་མེད་ཀྱི་དུས་རབས་ཡིན། རྗེས་ལུས་ཀྱི་དུས་རབས་ནང་དུ་གློག་ཆས་ཀྱི་ལག་རྩལ་བསྣན་པས་ངོ་གདོང་སྙིང་རྗེ་མོའང་མི་དགོས་པར་ངོ་ཚུགས་ཡག་པོས་རེ་འདུན་ལ་ཁ་ལོ་བསྒྱུར་ཐུབ་ཀྱི་ཡོད། ཡིན་ནའང་། སེམས་བཟང་པོ་དང་དངོས་ཡོད་ཀྱི་བདེན་པ་ནི། ནམ་ཡང་གཞོམ་ཞིག་བྲལ་བའི་སྲོག་གི་ཀ་བ་ཡིན་པས། ད་རེ་བོད་ཀྱི་དྲ་དཔོན་ཚོས་སེམས་བཟང་གིས་བསླངས་བའི་ལག་རྗེས་མངོན་གསལ་དུ་བསྟན་པ་ལ་ཡི་རངས་ཤོར་སོང་། འདི་བོད་ཀྱི་རིག་གནས་ཀྱི་ལྷག་འཕྲོ་ཞིག་རེད།
བོད་ཀྱི་རིག་གནས་ཀྱི་ལྷག་འཕྲོ་ལས་ཡག་བཙོག་ཚང་མ་ཐད་གཏོང་ནང་མཐོང་རྒྱུ་ཡོད། ངས་ལྷག་འཕྲོ་ཟེར་དོན་ནི། བོད་ཀྱི་རིག་གནས་ཀྱི་སྡེ་ཁག་ཐམས་ཅད་ལས་ཡག་ཤོས་དག་ཡལ་ནས་སླ་ཤོས་སམ་སྣ་སྣེ་་རེ་ལྷག་ཡོད། ཆེ་ས་ནས་བཤད་ན། རིགས་པ་གསར་བ་དང་རྣོན་པོ་ནི་བོད་ཀྱི་མཚན་ཉིད་རིག་པ་བ་དང་མཁས་པས་ངོམ་པར་བྱ་བའི་རྩལ་ཡིན་མོད། དེང་སྐབས་མཁས་པའི་སྡེརུའང་རིགས་པ་གསར་བ་དང་རྣོན་པོ་རྩ་ཡལ་དུ་གྱུར་ནས་ལུང་འགལ་ཕྱོགས་བསྒྲིགས་ལ་ཞིབ་འཇུག་གི་མིང་བརྡ་སྦྱར་ནས་ངོམ་སོ་བྱེད་ཀྱི་ཡོད། དེ་ལ་མཁས་པ་སྔ་མ་དག་གིས་དབང་རྟུལ་དད་པའི་རྗེས་འབྲངས་ཟེར་བ་ཡིན། སྐབས་འདིའི་དད་པ་ནི་ལུང་ལ་དད་པའི་དད་པར་འཇོག་པས་ན། ཁ་གསལ་དུ་བཤད་ན་དབང་རྟུལ་ལུང་གི་རྗེས་འབྲངས་ཞེས་པའི་དོན་ཡིན། དེང་སྐབས་ནི་དེའི་དུས་རབས་ལ་སླེབས་ཡོད། ད་དུང་རིག་པ་གླེགས་བམ་ལ་གནས་དང་ཞེས་འཕྱ་སྨོད་ཀྱི་གནས་ཤིག་ཡིན་ནའང་། དེངས་སྐབས་ལུང་མང་བསྒྲིགས་པ་མཁས་པའི་རྩེ་རེད། འདིའང་ལྷག་འཕྲོ་ཞིག་རེད།
ད་དུང་སོ་སོ་སྐྱེ་བོའི་ས་ནས་ཚད་མ་གཉིས་ལས་རྗེས་དཔོག་གམ་རིགས་སྟོབས་ཀྱིས་གཞལ་བ་གལ་ཆེན་གྱི་དང་པོར་འཛིན་ནའང་དེངས་སྐབས་ཡོད་ཚད་དབང་མངོན་གྱི་ཡུལ་དུ་སྟོན་པར་འབད་དེ། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་བླུ་པོ་ཤེས་རབ་འཆལ་བའི་རྟགས་གསུམ་གསུངས་པ་ལས་དངོས་སྟོབས་ཡུལ་ལ་ལུང་གིས་གནོད་སྒྲུབ་བྱེད་པའི་དུས་སྐབས་ཤིག་རེད། ལུང་ལས་ཀྱང་བརྒལ་ཏེ་དབང་མངོན་གྱིས་མཛུབ་ཐུར་བྱེད་པའི་དུས་ཤིག་དང་། དེ་ལ་ཚན་རིག་དང་མཐུན་པ་ཞེས་བླ་རྒན་ཚོ་དང་བཅས་མཆོང་གི་འདྲ་ཞིག་འདུག འདི་འང་ལྷག་འཕྲོ་ཞིག་རེད།
ད་དུང་སྒྱུ་རྩལ་རིག་གནས་ཀྱི་ཐད་ནས་གླེང་ནའང་སྙན་ངག་གིས་མཚོན་པའི་བསྔོགས་ན་མི་ཚར་བ་དང་བསམས་ན་དཔོག་དཀའ་བའི་སྒྱུ་རྩལ་གྱི་རིགས་གཏན་ཆད་དུ་གྱུར་ཏེ། རི་གླུ་དང་སྒྲ་སྙན་རྡུང་ལེན། གཏམ་དཔེ་དང་བཤད་པ་ཐ་ཐོར་ལྟ་བུ་སུས་ཀྱངལས་སླ་བོས་གོ་ཐུབ་པ་དང་། སློབ་དེབ་མི་དགོས་པ། ཤེས་ཡོན་མི་དགོས་པར་རྒྱུན་འཛིན་པ་དང་པོར་འགྲོ་ཐུབ་པའི་སྒྱུ་རྩལ་རིག་གནས་ཚོ་ལྷག་ཡོད། འདི་དག་ཀྱང་སྒྱུ་རྩལ་རིག་གནས་ཀྱི་ལྷག་འཕྲོ་ཞིག་རེད། ད་དུང་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་སོགས་ཟ་འཐུང་གང་ཡིན་མི་ཤེས་པའི་སྐོར་བྲོ་བ་མང་པོ་ཞིག་གང་སར་དར་ཡོད། འདིའང་ལྷག་འཕྲོ་ཞིག་རེད། བོད་རང་གི་ཐུན་མོང་མ་ཡིན་པའི་རིགས་རྒྱུན་ཡོད་པའི་ལྷ་སའི་རྡོག་བྲོ་དང་་སྐྱེ་རྒུའི་སྐོར་བྲོའི་ཕྱོགས་ཙམ་ཡང་འཁྲབ་ཤེས་ཀྱི་མེད། ཡིན་ནའང་། ལུས་རྩལ་བ་ར་བ་དག་གི་ནང་དུ་དབྱར་དགུན་མེད་པར་ལྡིང་བའི་སྐོར་བྲོ་ཞེས་པ་དེའང་བོད་བྲོ་ཡི་ལྷག་འཕྲོ་ཞིག་རེད།
བོད་པ་ཚོ་གཞུང་ཆེན་དང་རིགས་ལམ་རྩོད་ལ་དགའ་ཞིང་། དེ་ཡི་གཞུང་ལུགས་ལག་ལེན་དང་བཅས་དར་ཞིང་རྒྱས་མོད། ཆོས་གྲྭ་ཕལ་ཆེ་སྟོང་བར་གྱུར་ནས་ཐད་གཏོང་ནང་དུ་་གྲུབ་མཐའ་རྩོད་མཁན་གྱི་རིགས་ཤིག་ཡོད། འདིའང་ལྷག་འཕྲོ་ཞིག་རེད། བོད་པ་སྦྱིན་པ་ལ་དགའ་བས་རང་ཉིད་ཀྱི་མཚན་མ་ཚུན་ཆད་སྦྱིན་གཏོང་གི་ཁྱབ་བསྒྲགས་བྱས་ཡོད། བོད་པ་གཙང་བཙོག་ལ་དགའ་བས་རྐང་ལྡེག་དང་རྐུབ་སྟོན་རིགས་ལ་ད་དུང་བཙོག་པར་ལྟ་གིན་ཡོད། ད་དུང་རིན་ཐང་ཅན་དུ་ལྷག་ཡོད།
ཐད་གཏོང་ནི་མ་གཞི་ནས་སྲིད་གཞུང་གི་དབང་བསྒྱུར་གྱི་ལག་ཆ་ཞིག་ཡིན། དཔེར་ན། མགོ་ལོག་ནས་བོད་ཀྱི་རི་གླུ་བ་ཁ་ཤས་སྲིད་གཞུང་གིས་བཟུང་བ་ནས་ཟླ་གཅིག་གཉིས་ཤིག་ལ་ཁོ་ཚོའི་ཐད་གཏོང་ཡང་སྒོ་བརྒྱབ་ཡོད། འདིས་མཚོན་པ་རེད། ཐད་གཏོང་ནང་གི་རང་དབང་ཆེ་ཤོས་འཁྲབ་སྟོན་རེད། མི་གསོད་ལག་དམར་གྱི་དོན་རྐྱེན་ཚུད་ཆད་ལ་འཁྲབ་སྟོན་གྱི་རང་དབང་ཡོད། བོད་སྐད་རང་དབང་གིས་བཤད་རྒྱའི་རང་དབང་ཙམ་ཡང་མེད་པའི་སྟེགས་བུ་འདིར་མྱི་གསོད་ལག་དམར་གྱི་དོན་རྐྱེན་བསྟུན་མར་བྱུང་ནའང་གན་ཞེ་གོན་ཧྥང་ཞེས་ཁ་བཏགས་རེ་འཐེན་ན་ཉེས་་པ་དག་འགྲོ།
ཐད་གཏོང་གིས་སློང་མོ་བའི་སྤྱི་ཚོགས་ཤིག་བསྐྲུན་པ་རེད། དེའང་ཆགས་སྲེད་དང་འབྲེཔ་བའི་སློང་མོ་བའི་སྤྱི་ཚོགས་ཤིག་དང་རྒྱུ་མེད་འབྲས་བཟང་གི་ཧམ་སེམས་དང་འབྲེལ་བའི་སྤྱི་ཚོགས་ཤིག་བསྐྲུན་པ་རེད། མ་གཞི་ཐད་གཏོང་གི་དམིགས་ཡུལ་ཡང་འདི་ཡིན་པས། རྒྱ་ནག་ལ་མཚོན་ན་ཐད་གཏོང་རིག་གནས་ཀྱི་རྩ་བ་མགྱོགས་པོར་རྒྱས་ཤིང་རྩེ་མོའང་མགྱོགས་པོར་སྨིན་པ་རེད། རིག་གནས་འདི་རྒྱ་ནག་པའི་སེམས་ཁམས་ལ་ཧ་ཅང་འཕྲོད་པའི་རྟགས་ཤིག་རེད། རྒྱ་ནག་པའི་སེམས་ཁམས་འདི་གངས་ཅན་པར་འཕྲོད་མི་སྲིད་མོད། གངས་ཅན་པའི་རིག་གནས་རིན་པོ་ཆེའི་ཡལ་ཤུལ་དུ་གངས་ཅན་པ་ལ་རུས་ཀོག་ཙམ་ལས་ལྷག་མེད་པ་གསལ་བོ་རེད། ད་རེའི་རུས་ཀོག་སྐམ་པོ་ནང་ནས་སྙིང་རྗེ་དང་གཞན་ཕན་གྱི་འོ་མ་ཟགས་པར་བཀའ་དྲིན་ཆེ། སྡེ་གཞན་དག་ལ་དཀའ་ངལ་འཕྲད་ན་སྐྱོབ་མཁན་གྱི་གཞུང་ཡོད་པ་རེད། འུ་ཚོར་སྦས་མཁན་རྫུན་སྒྲོག་གི་གཞུང་ཞིག་གི་འོག་ན་ཡོད་པ་རེད། ཁྱེད་ཚོས་ཁ་ངོ་ལ་རྒྱ་ངང་བཅས་ཆུ་ལ་བསྐྱུར་ནས་བསོག་པའི་དངུལ་གྱིས་རང་གི་རིགས་ལ་ཞེན་པ་དཀར་པོ་བསྟན་པར་བཀའ་དྲིན་ཆེ། བརྩེ་བའི་དྲ་དཔོན་ཚོ།
སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༡༢ ཚེས་ ༢༨ ཉིན།