Back To Top

རྩོམ་རིག་དང་འབྲེལ་བའི་རི་མོ་འགའ་ངོ་སྤྲོད།

བཀླགས་གྲངས། 1203

རྩོམ་རིག་གཞུང་ལུགས་ཁྲོད་ཀྱི་དཔེ་འཇོག་འགའ་རི་མོར་བྲིས་སྐོར་གྱི་ངོ་སྤྲོད་ཅིག

རྩོམ་རིག་དང་འབྲེལ་བའི་རི་མོ་འགའ་ངོ་སྤྲོད།

ཤེད་བུ།

     བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་དང་བརྩམས་པའི་བསྟན་བཅོས་གང་ཞིག་མཇལ་ནའང་མཆོད་བརྗོད་དང་དགོས་དོན། བསྡུས་དོན་དང་ཚིག་དོན། མཚམས་སྦྱོར་དང་བརྒལ་ལན། བསྔོ་བ་བཅས་ཀྱི་སྒྲོམ་གཞི་རང་རྐྱ་འཕེར་བ་ཞིག་ཡོད་པ་ཚོར་ཐུབ།  སྒྲོམ་གཞི་དེ་གང་ལས་འོང་བའི་ཁུངས་བཙལ་ན། སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་བཤད་རིགས་པར་ཐུག་པ་ཡིན། མཆོད་པར་བརྗོད་པ་ནི་དྲིན་ཤེས་པ་དང་དྲིན་དྲན་པ། དགོས་དོན་སོགས་བཤད་ཐབས་ཡན་ལག་ལྔ་ནི་བརྗོད་གཞི་གཅིག་རྒྱས་པར་གཏན་ལ་འབེབས་པའི་ཐབས་དང་། བསྔོ་བ་ནི་དོན་ཆེན་པོ་ཞིག་འགྲུབ་པའི་རྗེས་ཀྱི་རེ་འདུན་ཡིན། 

      བཤད་ཐབས་ཡན་ལག་ལྔའི་ང་རོ་དང་པོར་སྒྲོག་མཁན་ནི་སློབ་དཔོན་དབྱིན་གཉེན་ཡིན་ལ། ཁོང་གི་རྣམ་བཤད་རིགས་པ་ནི་དཔལ་ན་ལེན་ཌའི་པན་གྲུབ་ཆེན་པོ་དག་དང་། དེ་དག་གི་སློབ་རྒྱུད་དུ་གཏོགས་པའི་གཞུང་ལུགས་སྨྲ་བ་རྣམས་ཀྱིས་བཀའི་དགོངས་པ་འགྲེལ་བའི་རྩོམ་རིགས་ཡོད་དོ་ཅོག་གི་རྩོམ་གཞུང་དུ་གྱུར་པའི་ཁྱད་འཕགས་ཀྱི་བསྟན་བཅོས་ཤིག་རེད། བོད་ཀྱི་རིགས་པ་སྨྲ་བ་རྣམས་ལའང་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བའི་རྩོམ་གཞུང་ཞིག་ཡོད་པ་ནི། རྣམ་བཤད་རིགས་པ་ཉིད་ཡིན་ཏེ། བསྟན་བཅོས་དེའི་བཀའ་དྲིན་ལས་བོད་ལ་གསུང་རབ་ཀྱི་ཆུ་ཀློང་བརྡོལ་ཡོད།

    བོད་ཀྱི་རིགས་པའི་སེང་ཆེན་སློབ་དཔོན་ཕྱྭ་བ་ཆོས་ཀྱི་སེང་གེས་དགག་བཞག་སྤོང་གསུམ་གྱི་རྣམ་གཞག་དང་། ཐལ་ཕྱིར་ཁྱབ་གསུམ་གྱི་རྣམ་གཞག་སོགས་འཆད་རྩོམ་གསུམ་གྱི་གཞུང་ལུགས་གསར་བ་དང་། བསྡུས་ཚན་གསར་བ་མང་པོའི་ལམ་སྲོལ་གསར་གཏོད་གནང་བ་ནི། རྒྱ་གར་མཁས་པའི་ཞལ་ལས་མ་ཐོན་པའི་ལེགས་པར་བཤད་པའི་རིགས་པ། དཔལ་ཎ་ལེན་དྲའི་རིག་པའི་གཞུང་ལུགས་ཀྱི་ཁྲོད་དུ་བཞད་པའི་གངས་ལྷ་མེ་ཏོག་གི་སྐྱེད་ཚལ་དང་། རིགས་པ་སྨྲ་བ་རྣམས་ལ་ཕྱོགས་གླང་ཡབ་སྲས་དང་ཚད་མཉམ་གྱི་བཀའ་དྲིན་ཆེ་བ་ཧ་ཅང་གསལ་བོ་རེད། ཡིན་ནའང་། བོད་ཀྱི་གཞུང་ལུགས་སྨྲ་བ་རྣམས་ཀྱིས་ཐུན་མོང་རྩོམ་རིག་གི་ཁྲོད་དུ་ཤེས་རབ་ཀྱི་རལ་གྲི་དང་གཡུ་བྱུར་གྱི་རྒྱན་ཆ་དེ་དག་དང་ལེན་མི་གནང་བར་མེ་ལོང་མའི་ཚིག་གྲུབ་བཟོ་ཚུལ་ཚོར་ཡང་འགྲེལ་བསྐྱར་འགྲེལ་དང་། བརྒྱ་ཁྲིད་སྟོང་ཁྲིད་ཀྱི་སྣང་ཚུལ་ཞིག་ད་བར་དུ་ཡོང་བ་ནི། ཏན་ཏན་རྟ་ལམ་བོང་བུས་བཀག་པ་རེད་ལ་དཔྱད་མི་ཚུགས་པ་ཞིག་ཀྱང་རེད། ལྷག་པར་ང་བརྒྱད་རྗེས་སམ། བོད་རྒྱ་ལག་ལ་ཤོར་བའི་རྗེས་སུ་བོད་ཀྱི་རྩོམ་རིག་ནི། སྙིང་སྟོབས་དང་ཞིབ་འཇུག་ཅེས་པའི་ཚིག་གྲུབ་ཟུང་ལ་བསྙེས་ཏེ་རིགས་པ་དང་ཁད་ཀྱིས་ཁ་བྲལ་བའི་རྩོམ་རིག་ཅིག་གི་ངོ་བོར་འགྱུར་གྱིན་པའི་སྣང་ཚུལ་འདི་ལ། ཡིད་མི་སྐྱོ་བའི་བློ་དང་ལྡན་པ་སུ་ཞིག་ཡོད།

   བོད་ཀྱི་རྩོམ་རིག་ངོ་མ་ཞིག་དང་བོད་ཀྱི་སྐད་བརྡ་དག་མ་ཞིག་འཚོལ་ན། ང་བརྒྱད་ཡར་སྔོན་གྱི་བསྟན་བཅོས་ཤིག་ལས་མ་རྙེད་ན་ཡིད་མི་ཆེས་པ་ལྟ་བུ་ཞིག་དང་། དེང་སྐབས་ཀྱི་གླེགས་བམ་དག་གི་ནང་དུ་ཀ་ཁའི་གསེར་ཡིག་གིས་བྲིས་ཡོད་ནའང་། བོད་སྐད་ཡིན་པའི་ཁྱབ་མཐའ་གཅོད་དཀའ་བའི་གནས་ཚུལ་ཞིག་གི་འོག་ཏུ་ཡོད་པ་ནི། ད་ལྟའི་བོད་ཀྱི་ལས་སྐལ་དང་མི་རབས་འདིས་དེང་རབས་ཀྱི་རྗེས་ཟིན་པའི་རྟགས་ཤིག་ཡིན་ནམ། མི་ངན་འུ་ཚོས་རང་གི་རིན་ཆེན་ནོར་བུའི་རིན་ཐང་མ་ཚོར་བར། གཞན་གྱི་ཁྲ་ཁྲ་རིག་རིག་ལ་ཡིད་ཤོར་བ་ཡིན། དེར་བརྟེན། ཨ་ལགས་ཤ་ངག་དབང་བསྟན་དར་གྱི་<<འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ་

>>རུ་གསལ་བའི་རྩོམ་རིག་གི་མཚོན་དོན་འགའ་ཕུལ་བྱུང་རི་མོ་བ་ཨ་ཁུ་བསམ་འགྲུབ་བམ་ཀེ་ཏན་ལགས་སུ་འབོད་སྐུལ་བྱས་ཏེ་འབྲིར་བཅུག་ཡོད། 

      བསྟན་བཅོས་འདི་ནི། ལེགས་པར་བཤད་པའི་རྩོམ་གྱི་རིག་པ་མཐའ་དག་གི་གནད་ཕྱུངས་པའི་བསྟན་བཅོས་ཤིག་དང་། རིགས་པ་མཐའ་ཡས་པས་གཏམས་པ། ཚིག་ཉུང་དོན་བསྡུས་ཀྱི་རྩོམ་གཞུང་རྒྱས་བསྡུས་འཚམས་པོ་ཞིག་རེད། བསྟན་བཅོས་འདི་རུའང་རྣམ་བཤད་རིགས་པ་ལས་བསྟན་པའི་བཤད་ཐབས་ཡན་ལག་ལྔ་རྩ་བར་བཟུང་ནས་གསུངས་ཡོད། 

     བཤད་ཐབས་ཡན་ལག་ལྔ་ལས་དགོས་དོན་ནི། བསྟན་བཅོས་ཀྱི་བརྗོད་བྱའམ་བསྟན་བཅོས་དེ་ལ་གཞུག་ན་དོན་གང་འདྲ་ཞིག་ཡོད་པ་སྤྱི་དོན་གྱི་ཚུལ་དུ་འཆད་པར་ཟེར། བསྡུས་དོན་ནི། བསྟན་བཅོས་དེའི་གཞུང་དོན་རགས་པའམ་སྤྱི་དོན་ལྟ་བུར་བསྡུས་དོན་ཞེས་བརྗོད་ཀྱི་ཡོད། བསྡུས་དོན་ནི་ངེས་པར་ཚིག་དོན་གྱི་སྔོན་དུ་འགྲོ་དགོས་པའི་ངེས་པ་མེད་པར། ཚིག་དོན་རྒྱས་པར་བཤད་པའི་རྗེས་སུ་སྤྱི་སྡོམ་གྱི་ཚུལ་དུ་བསྡུས་དོན་བཞག་ནའང་འགྲིག་སྙམ། བསྡུས་དོན་དང་དགོས་དོན་གཉིས་ཀས་གཞུང་གི་སྤྱི་དོན་བརྗོད་པ་འདྲ་ནའང་བསྡུས་དོན་གྱི་སྐབས་སུ་བརྗོད་བྱའི་སྤྱི་དང་ཡན་ལག་གཉིས་ཀ་མདོར་བསྡུས་ཀྱིས་བརྗོད་ཀྱི་ཡོད། དཔེར་ན། མངོན་རྟོགས་རྒྱན་གྱི་དགོས་དོན་སྐབས་སུ་དངོས་པོ་བརྒྱད་བསྟན་ཡོད་ལ། བསྡུས་དོན་སྐབས་སུ་དངོས་བོ་བརྒྱད་པོ་རེ་རེའི་མཚོན་བྱེད་ཀྱི་ཆོས་ཀྱི་གྲངས་ཙམ་ངོས་བཟུང་། ཚིག་དོན་གྱི་སྐབས་སུ་དངོས་བརྒྱད་དོན་བདུན་ཅུའི་མཚན་ཉིད་དབྱེ་བ་དང་བཅས་རྒྱས་པར་བཀྲལ་ཡོད། འདི་ནི་དགོས་དོན་དང་བསྡུས་དོན། ཚིག་དོན་གསུམ་གྱི་དབྱེ་བ་གསལ་བའི་དཔེ་མཚོན་གསལ་ཤས་དེར་སྣང་།

  ཡང་བསྡུས་དོན་ནི། དོན་བསྟན་པ། གཞུང་བཤད་པ། གཞུང་དོན་ངེས་པར་བྱེད་པ་བཅས་བཤད་ཐབས་ཀྱི་སྒོ་གསུམ་ལས་དོན་བསྟན་པ་ཞེས་པ་དེ་ཡིན།  གཞུང་བཤད་པ་ནི་ཚིག་དོན་དང་། བརྒལ་ལན་ནི་གཞུང་དོན་ངེས་པར་བྱེད་པ་ཅེས་པ་དེ་ཡིན། ཡང་། དོན་གྱི་ཁོག་བུབས་པ། དཀྱུས་ཀྱི་ས་བཅད་པ། ཚིག་གི་འབྲུ་ནོན་པ་ཞེས་བཤད་ཐབས་གསུམ་ཡོད་པ་ལས་དང་པོ་དགོས་དོན་དང་། གཉིས་པ་བསྡུས་དོན། གསུམ་པ་ཚིག་དོན་གྱི་སྟེང་དུ་འབབ་པར་འདོད།

     ཚིག་དོན་ནི། གཞུང་དོན་རྒྱས་པར་བཤད་པ་ལ་ཟེར། སྐབས་འདིར་ཨ་ལགས་ཤས་༼ཚིག་གི་དོན་ནི། གང་བཤད་གང་གིས་བཤད་ཚུལ་ཇི་ལྟར་དུ་བཤད་ཅེས་པ་ལ་སོགས་སེམས་པའི་སྒོ་ནས་ས་བཅད་བཀྲམ་སྟེ། སེང་གེའི་ལྟ་སྟངས་ཀྱིས་དོན་གྱི་གཞི་ངེས། སྦལ་བའི་འཕར་འགྲོས་ཀྱིས་གཞུང་དོན་དུམ་བུར་གཅོད། རུས་སྦལ་བཞི་འགྲོས་ཀྱིས་ཚིག་གི་འབྲུ་ནོན་པའམ་ཚིག་དོན་མ་ལུས་པར་འཆད། སྟག་གི་མཆོང་སྟབས་ཀྱིས་སྐབས་དབྱེ་བའི་སྒོ་ནས་ཁྱད་གཞི་ཁྱད་ཆོས་ལ་དོགས་པ་བསུ་བའི་དྲིས་ཚིག་དང་ལན་གྱིས་མཐའ་དཔྱད་ནས་འཆད་པའམ། མིང་གཅིག་དོན་དུ་མ་ལ་འཇུག་པ་དང་། སྒྲའི་ཟུར་གཅིག་ལ་དྲངས་ཏེ་འཆད་པ་དང་། ཡི་གེ་བསྒྱུར་ནས་འཆད་པ་དང་། དགག་སྒྲ་ཁོང་ནས་ཕྱུང་སྟེ་ཚིག་བསྒྱུར་ནས་འཆད་པ་ལ་སོགས་པའོ། །༽ ཞེས་གསུངས་པའི་མཚོན་དོན་གསུམ་རི་མོར་བཀོད་ཡོད།

   སེང་གེའི་ལྟ་སྟངས་ཀྱི་རི་མོ་ནི། རྩོམ་ཡིག་གང་ཞིག་ཡིན་ནའང་། གནད་ཀྱི་དོན་པོ་ངོས་འཛིན་ཐུབ་འདུག་སྙམ་ན་རི་མོ་འདི་བེད་སྤྱོད་བཏང་ཆོག དོན་གྱི་གཞི་ངེས་ཞེས་པའང་དེ་འདྲ་ཞིག་ལ་ངོས་བཟུང་ན་འགྲིག་སྙམ།

   སྦལ་བའི་འཕར་འགྲོས་ཀྱི་རི་མོ་ནི། རྩོམ་ཡིག་གང་ཞིག་ཡིན་ནའང་། གོ་མེད་ཚོར་མེད་ཀྱི་ཉ་ཉོག་མཉམ་བསྲེས་བྱས་མེད་པར། བརྗོད་གཞི་དེར་དབྱེ་ཞིབ་བྱེད་སྟངས་ཀྱི་རིགས་པ་གཟུ་མོ་མང་པོས་གླེང་ཡོད་ན། རི་མོ་འདི་བེད་སྤྱད་ན་འགྲིག གཞུང་དོན་དུམ་བུར་གཅོད་ཅེས་པའང་ཚན་པ་བགོས་པ་ཙམ་མིན་པར་ཚན་པ་བགོས་ནས་རིགའ་པ་ཡང་དག་གིས་བཤད་པར་གོ་སྙམ། 

    རུས་སྦལ་བཞི་འགྲོས་ཀྱི་རི་མོ་ནི། རྩོམ་ཡིག་གང་ཞིག་ཡིན་ནའང་ཞིབ་མོ་རྣམ་འཐག་གིས་ས་ས་མལ་དང་རྡོ་རྡོ་མལ་བྱས་ནས་བྲིས་ཡོད་པ་དག་ལ་བེད་སྤྱད་ན་འགྲིག ཚིག་གི་འབྲུ་ནོན་པའམ་ཚིག་དོན་མ་ལུས་པར་འཆད་ཅེས་པའང་ཚིག་ཉོག་སྤུངས་པ་ཙམ་མིན་པར་ཞིབ་མོ་རྣམ་ཐག་བྱས་པར་གོ་སྙམ།

    སྟག་གིས་མཆོང་སྟབས་ཀྱི་རི་མོ་ནི། རྩོམ་ཡིག་གང་ཞིག་གིས་བརྗོད་གཞི་ལ་དབྱེ་ཞིབ་ཀྱིས་རིགས་དགར། རིགས་དགར་ཏེ་རིགས་པ་རྣམ་དག་གིས་བརྗོད་དོན་གསལ་བར་བྱས་ཡོད་ན་རི་མོ་འདི་སྤྱད་པར་འགྲིག  གོང་གི་ཨ་ལགས་ཤའི་གསུང་འགྲེལ་ཡང་དེ་ཡིན་པར་འདོད། 

མཚམས་སྦྱར་ནི། ཨ་ལགས་ཤས་༼ཚིག་གོང་འོག་མཚམས་སྦྱར་བ་ངང་བའི་འགྲོས་ཀྱིས་ཚིག་དོན་སྔ་མས་ཕྱི་མ་འདྲེན་མི་ནུས་པའམ་ནུས་ཀྱང་མི་གསལ་བ་ལ་དེའི་འབྲེལ་ནི་འདི་ལྟར་རོ་ཞེས་འཆད་པ་ལྟ་བུའོ། །༽ ཞེས་འགྲེལ་གནང་ཡོད། ས་བཅད་ཀྱང་མཚམས་སྦྱར་ལ་བཞག་ན་འོས་པར་འདོད་མོད། གཞུང་དོན་དངོས་ལྟར་ན་མཚམས་སྦྱོར་ལ་འཁེལ་གྱི་མེད་པ་འདྲ།

    བརྒལ་ལན་ནི་ཚིག་དོན་རྒྱས་བཤད་ཀྱི་ཁུངས་སུ་འདུས་པའི་སྣང་བ་ཞིག་ལྟེར་ནའང་། ཕྱོགས་སྔའི་ནམ་མ་ལངས་པར་དགག་གཞག་གི་ཉི་མ་འཆར་བ་རྟོག་ལྡན་ཤེས་རབ་ཅན་ལ་མི་འཐད་པས། གཞུང་དོན་རྒྱས་པར་བཤད་པའི་རྗེས་སུ་གཞུང་དོན་ལ་ངེས་པ་འདྲེན་པར་བརྒལ་ལན་གལ་ཆེ་བ་ཡིན། བརྒལ་ལན་གྱི་སྐབས་སུ་ཨ་ལགས་ཤས། ༼བརྒལ་ལན་ནི། ཕོ་རོག་གི་འཁུ་འཕྲིག་ལྟར་དཀའ་བའི་གནས་འགའ་ཞིག་ལ་དེའི་དོན་གང་ཞེ་ན་ཞེས་དྲི་བ་བཀོད་ནས་དེའི་ལན་བཏབ་པ་ལྟ་བུ་དོགས་པ་ཁོང་ནས་བསླངས་ཏེ་དེ་དང་དེའི་ལན་བཤད་པའི་སྒོ་ནས་གཞུང་དོན་གཏན་ལ་དབབ་པ་ཡིན་ནོ། །༽ ཞེས་གསུངས་པའི་སྐབས་ཀྱི་མཚོན་དོན་ཕོ་རོག་གི་འཁུ་འཕྲིག་ཅེས་པ་དེའང་རི་མོར་བྲིས་ཡོད། 

    ཕོ་རོག་ཁུ་འཕྲིག་གི་རི་མོ་ནི། རྩོམ་ཡིག་གང་ཞིག་གིས་བརྗོད་གཞི་ཐག་གཅོད་ཐུབ་མེད་ཀྱང་། དོགས་སློང་ཡག་པོ་བྱས་ཡོད་ན་རི་མོ་འདི་བཀོད་ན་འགྲིག་པར་འདོད། 

     བསལ་བ་མེད་པ་རྨ་བྱ་དུག་འཇོམས་ཀྱི་དཔེ་དེ་བསྟན་བཅོས་འདིར་རྩོད་པའི་སྐབས་སུ་གསུངས་ཡོད་ལ། སྤྱིར་རྩོད་པའི་སྐབས་སུ་དཔེ་དེ་འཇོག་ལུགས་སྔར་ནས་ཡོད་མོད། རྩོམ་པའི་སྐབས་སུའང་སྤྲང་བོ་དབྱུག་པ་སྤྲང་བོའི་མགོ་ལྕོག་གི་དཔེ་ལྟར་ལྟག་ཆོད་འབའ་ཞིག་འབྲི་བ་ཡོད་པས་དེ་དག་ལ་ཧ་ཅང་རན་པར་སྙམ་ཏེ། རྨ་བྱ་དུག་འཇོམས་ཀྱི་འདྲ་པར་ཞིག་ཀྱང་འབྲིར་བཅུག་ཡོད། རྨ་བྱ་གསོད་བསམས་ནས་དུག་སྤྲད་ན་རྨ་བྱར་ཟས་སྤྲད་པ་ཡིན་པས། གཞན་ལ་དགག་བསམ་ནས་རང་ཉིད་དགག་མཁན་དང་དགག་ཡུལ་ལ་རིགས་པ་འཆར་འཇུག་མཁན་གྱི་རྩོམ་པ་པོ་དང་རྩོམ་ཡིག་ཡོད་པས། དེ་དག་རྨ་བྱ་དུག་འཇོམས་ཀྱིས་པར་གྱིས་མཚོན་ཐུབ། བོད་ཀྱི་ཁ་སྐད་དུ། "བཤད་མ་ཤེས་ཚིག་སྣེ་གྱོད་དང་། འགྲོ་མ་ཤེས་རྡོག་སྣེ་རྡོར་ཐུག་"ཅེས་པའི་དཔེ་ཡིན།  

    ད་དུང་མཚོན་ཆ་ཁྲི་སྒྱོགས་ཀྱི་པར་ཞིག་ཀྱང་བྲིས་ཡོད། འདི་ཡང་རྩོད་པའི་སྐབས་ཀྱི་དཔེ་ཞིག་ཡིན་མོད། རྩོམ་པའི་སྐབས་ཀྱང་འདི་འདྲ་མང་པོ་འབྱུང་ཏེ། འབྲི་འོད་པ་དང་འབྲི་དགོས་པ་མང་པོ་ཞིག་ཤེས་བཞིན་དུ་རྩོམ་ཡིག་འབྲི་དུས་ཕྲིས་མེད་ན། མཚོན་ཆ་ཁྲི་སྒྱོགས་ཀྱི་དཔེར་འོས་པ་ཡིན། ལྷག་པར་པར་རིས་དེང་རབས་ཀྱི་འཕུར་མདེལ་བཞི་བཀྱིག་བྱས་ནས་བཞག་འདུག་པས་སྙིང་རྗེ་བོར་སྣང་།

   རི་མོ་འདི་དག་ཨ་ཁུ་ཀེ་ཚང་གི་ཕྱག་རྩལ་ལས་ཐོན་པ་ཡིན་པས། རི་མོའི་སྒྱུ་རྩལ་གྱི་ཚད་གཞི་མཐོ་བ་སྨོས་མི་དགོས་ཤིང་། དཔེ་སྟོན་ཚུལ་གྱི་ཆ་ནས་ཀྱང་དོན་ལ་གནས་པ་ཤ་སྟག་ལ་མཐོང་ཡོད། རི་མོ་འདི་དག་ནང་གི་སྲོག་ཆགས་དག་ནི་་འཛམ་གླིང་རང་བཞིན་གྱིས་ཤེས་རྟོགས་ཅན་གྱི་སྲོག་ཆགས་ཤ་སྟག་ཡིན་པ་དང་། མཚོན་བྱའི་རྩོམ་རིག་གི་ཐབས་ཀྱང་དེ་བཞིན་འཛམ་གླིང་རང་བཞིན་ཅན་ཡིན་པས། རི་མོ་དག་ལ་མི་རིགས་་ཀྱི་རྣ་ཚར་བཏགས་མེད། རི་མོ་འདི་དག་གི་བདག་དབང་ཧྥ་ཇག་ཡི་གེ་བར་ཡོད་པ་ཡིན། བཟང་བ་མཐེབ་མོང་སྟོན་པ་དང་། དགའ་བསུ་ལ་ལག་པ་རྡེབ་པའི་རི་མོ་གཏོང་བ་ལྟར། ཧྥ་ཇག་ཡི་གེ་བའི་ནང་དུ་རི་མོ་འདི་དག་གི་གོ་དོན་དང་འཚམས་པའི་ཟིན་བྲིས་གང་བྱུང་ལ་མཆན་གྱི་ཚུལ་དུ་རི་མོ་འདི་དག་སྤེལ་ཡང་འགྲིག་པས། རྩོམ་རིག་དང་འབྲེལ་བའི་རི་མོའི་སྒྱུ་རྩལ། ཡང་ན་རྩོམ་རིག་དང་རི་མོའི་འབྲེལ་བ་ལ་གོ་རྟོགས་འཕེལ་བའི་སྨོན་འདུན་ཞུ། 

གོང་དུ་ངོ་སྤྲོད་བྱས་པའི་རི་མོ་བདུན་ནི། ཧྥ་ཇག་ཡི་གེ་བའི་རྣམ་འགྱུར་སྡེ་ཚན་དུ་ཡོད། 

2023-02-25 མདོ་ལའི་འཁྱམས་པོ།
རྩོམ་ཡིག་འབྲི་སྟངས་དཔྱད་པ་ཡག
ངེས་པར་ཏུ་དཔེ་མཚོན་བཀོད་དེ་རྩོམ་ཐུང་རེ་འབྲི་ཐུབ་ན་དེ་བས་ཀྱང་ཕན་ཐོགས་ཆེ་བར་འདོད། 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།