Back To Top

ཇག་བཤད་དབྱངས་གསལ་སོ་བཞིའི་གཡུལ་འགྱེད།

བཀླགས་གྲངས། 1105

ཇག་བཤད། བོད་ཀྱི་ལོ་རྒྱུས་དང་ཤེས་རིག་བྱུང་འཕེལ་གྱི་བཤད་པ།

ཇག་བཤད་དབྱངས་གསལ་སོ་བཞིའི་གཡུལ་འགྱེད།



ཇག་བཤད་དབྱངས་གསལ་སོ་བཞིའི་གཡུལ་འགྱེད།

 

གནམ་ཀ་བ་མེད་པའི་གུར་ཁང་གི་འོག་ན།

ས་རྒྱུ་སྤུན་མེད་པའི་ཕྲུགས་གདན་གྱི་ཐོག་ན།

མྱི་རྒ་འཆི་མེད་པ་སྲིད་པ་ཡི་རྒད་པོ།

བོད་ཁ་བ་ཅན་གྱི་ཨ་མྱེས་དེར་མཆོད་དོ།།

 

ཇག་དཔོན་ཐོག་མ་སྲིད་པ་རྒད་པོ་ཡིན། 

ཇག་པའི་མིང་ལ་སྤྲེལ་རྒྱལ་སེམས་དཔའ་ཞུ།

ཇག་པའི་གནས་ཡུལ་རྒྱ་རྫོང་ནགས་ལ་བྱས། 

རང་སྐྱེས་ཤིང་ཏོག་རྩི་ཏོག་ལོངས་སུ་སྤྱད།

 

ཇག་འགྲོ་ཐོག་མ་བྲག་ཕུག་རྫོང་ལ་སོང་། 

བྲག་རིའི་སྲས་མོ་འཕྲོགས་ཏེ་བཙུན་མོ་བྱས།

སྤྲེལ་དང་བྲག་སྲིན་བར་ལ་གཉེན་ཞིག་བཅས། 

མིའུ་གདུང་དྲུག་ཅེས་པའི་སྲས་དྲུག་སྐྱེས།

སྤྲེལ་ཇག་དཔའ་རྩལ་ཐོག་མ་དེ་ནས་རྒྱས།

 

ཇག་འགྲོ་གཉིས་པ་རྫ་སྤང་རི་ལ་སོང་། 

རྫ་ཁའི་འབྲོང་རྒོད་བཏུལ་ནས་ཁལ་མ་བྱས།

སྤང་གི་རྐྱང་ཁྱུ་བཏུལ་ནས་ཆིབས་པ་བྱས། 

བྲག་རིའི་རི་དྭགས་ཕབ་ནས་འཚོ་སྐྱོང་བྱས།

རི་ཁའི་སྤྱང་ཁྱི་བཟུང་ནས་སྒོ་ཁྱི་བྱས། 

ཇག་པའི་རྒྱལ་ས་འབྲོག་གི་རུ་སྡེ་ཡིན།

ཇག་པའི་གཞིས་སྐྱོང་མཐུ་རྩལ་དེ་ནས་དར།

 

ཇག་འགྲོ་གསུམ་པ་མཐའ་བཞིའི་ཁམས་ལ་སོང་། 

བལ་ཡུལ་རྒྱལ་པོའི་སྲས་མོ་ཆེན་མར་བླངས།

རྒྱ་ནག་གོང་མའི་སྲས་མོ་ཆུང་མར་བླངས། 

རྒྱ་གར་ཡུལ་ནས་དམ་པའི་ལྷ་ཆོས་དྲངས།

ཕྱོགས་བཞིའི་བཟོ་བོ་བརྒྱ་ཕྲག་དབང་གིས་བཀུག 

དམར་པོ་རི་ལ་མཁར་རྫོང་དགུ་ཐོག་བཞེངས། །

 

ཤེས་རབ་བློན་ཆེན་སློབ་དཔོན་ཐོན་མི་ཡིས། 

དབྱངས་གསལ་སོ་བཞི་ལྷ་ཡི་མདའ་གཞུ་བསྐྲུན།

པུར་རྒྱལ་མུན་པའི་གླིང་ལ་འོད་སྣང་སྦར། 

ཞི་དྲག་ཆོས་སྲིད་མཁར་རྫོང་བརྗིད་པར་བྱས།

ཇག་པའི་རྒྱལ་ཁབ་མངའ་ཐང་དེ་ནས་རྒྱས།

 

ཇག་རབས་གཉིས་པ་སྲིད་པའི་བུ་ཆུང་གཉིས། 

ཇག་ཕྱི་ལ་མ་སོང་ནང་ལ་འཁོར།

ནང་ཕུ་ནུའི་རུ་སྡེ་དེ་ནས་ཐོར། 

བོད་སིལ་བུའི་ཇག་གཏམ་བཤད་ནས་ཅི།

དེ་ཡིན་ཡང་འཆི་མེད་རྒས་མེད་ཀྱི། 

བོད་སྲིད་པ་རྒད་པོའི་གྲུབ་རྟགས་མཚར།

ཐོས་པ་དགའ་ཞེས་བྱ་བའི་སྲས་ཤིག་སྤྲུལ། 

དྲག་སྔགས་མཐུ་རྩལ་སྦྱངས་ནས་གཉེན་དགྲ་བཏུལ།

ཨ་ཕོ་མཐུ་ཆེན་ཞེས་ནི་ཐམས་ཅད་འཇིགས།

 

ལྷོ་བྲག་མར་བའི་གདམས་པ་ཞུས། 

དེ་ནས་གཅིག་པུར་སྒོམ་རྩལ་སྦྱངས།

གོས་མེད་ཀྱང་གཏུམ་མོ་མེ་ཡིས་དྲོ། 

ཟས་མེད་ཀྱང་བསམ་གཏན་ཟས་ཀྱིས་འཚོ།

གཟན་གཤོག་པ་བྱས་ནས་མཁའ་ལ་འཕུར།

ཕྱི་དགྲ་མཐའ་དག་བཟོད་པས་བཀག 

ནང་དགྲ་ཉོན་མོངས་ཞི་བར་བྱས།

བར་ལྷ་འདྲེ་མཐའ་དག་མགུར་གྱིས་བཀུག 

བོད་སྲིད་པའི་ཇག་པ་མཐུ་བོ་ཆེ།

རྗེ་མི་ལ་བཞད་པའི་རྡོ་རྗེར་མཆོད།

 

ལག་ན་ཕྲེང་བ་འཁོར་ལོ་ཅན། 

ངག་ན་ཇག་གླུ་སིང་སིང་ཅན། 

སྲིད་པ་སྒྲུང་གི་ཁ་དཔེ་ཅན། 

དགོན་གྲོང་ཀུན་ལ་ཁྱབ་པར་གྱུར།

མི་རབས་ཚང་མ་ཇག་རབས་ཡིན།

ཇག་པའི་མཐུ་རྩལ་ཁ་ལྕེ་གློག་དམར་ཡིན། 

ཇག་པའི་ལག་ཡོང་སྲིད་པའི་གླུ་རྫོང་ཡིན།

གླིང་སྒྲུང་གླུ་ཤགས་ལ་གཞས་གཏམ་དཔེ་སོགས། 

བོད་མི་རེའི་ཁ་ལ་ལྷུན་གྱིས་གྲུབ།

 

དེ་ནས་རིང་ཞིག་སོང་བ་ན། 

ཤར་ནས་གློ་བུར་རླུང་དམར་གཡུགས།

རྒྱ་འདྲེས་ཆོ་འཕྲུལ་བོད་ལ་བསྟན། 

གངས་རིའི་ཁ་མདོག་དམར་པོར་གྱུར།

དགོན་སྡེ་གདོན་འདྲེའི་ཚང་དུ་བྱས། 

ཐ་ལ་གླུ་ཡི་ངག་སྒོ་བཅད།

དམག་འཁྲུག་མུ་གེ་ནད་ཀྱིས་མནར། 

དམྱལ་ཁམས་མངོན་སུམ་ལྟ་བུ་བྱུང་།

ཇག་རབས་གསུམ་པའི་གཏམ་རྒྱུད་འདི་ནས་བྱུང་།

 

སྲིད་པ་རྒད་པོའི་རྣམ་སྤྲུལ་གྱི། 

ལྷ་སྲས་རྫུ་འཕྲུལ་ལྡན་པ་ཞིག

ལྷ་ཡི་བཀའ་བཞིན་ལྷ་ས་ནས། 

རྒྱ་གར་འཕས་པའི་ཡུལ་ལ་གཤེགས།

ས་འཛམ་གླིང་ཟླུམ་པོ་ཞབས་ཀྱིས་བཅགས། 

སྐུ་མཐོང་བ་དོན་ལྡན་མཇལ་བས་བདེ།

གསུང་ཐོས་པ་དོན་ལྡན་གོ་བས་ཚིམ། 

ཐུགས་མཁྱེན་བརྩེ་བླ་མེད་ཀུན་ལ་སྙོམ།

བོད་གངས་ཅན་བདེ་སྡུག་ཀུན་གྱིས་ཤེས། 

ལམ་འཚེ་མེད་ཞི་བར་ཐམས་ཅད་མོས།

དོན་བདེན་པའི་འབྲས་བུ་སྨིན་བཞིན་ཡོད། 

བོད་གཞིས་བྱེས་ལྷན་འཛོམས་ཡོང་ལ་ཉེ།

མགོན་ཞི་བདེའི་དེད་དཔོན་ཆེན་པོར་མཆོད།

 

ང་ཚོ་ཇག་རབས་གསུམ་པའི་མི་རྒྱུད་ཡིན། 

དགྲ་ཕྱི་དགྲ་ནང་དགྲ་འདུལ་མཁན་ཡིན།

ཇག་པའི་མཁར་རྫོང་གནའ་དེང་རིག་གཞུང་ཡིན། 

ཇག་པའི་མདའ་གཞུ་དབྱངས་གསལ་སོ་བཞི་ཡིན།

ཇག་པའི་མཐུ་རྩལ་བློ་དང་སྙུ་གུ་ཡིན། 

ཇག་པའི་ལག་ཡོང་སྐད་དང་ཡི་གེ་ཡིན།

གཡུལ་འགྱེད་ས་ཧྥ་ཇག་དྲ་བ་ཡིན། 

ཇག་བྱེད་མཁན་སྙུག་ཐོགས་དཔའ་རྒོད་རྣམས།

དེའི་ནང་ནས་ཇག་དཔོན་རྣམ་པ་བཅུ།

 

དེ་རི་རེའི་མཐུ་རྩལ་འདྲ་ལེ་མིན།

ལ་ལས་སྙན་ངག་མདའ་གཞུ་འཕེན་འཕེན་བྱེད། 

ལ་ལས་སྒྲུང་གཏམ་འུར་རྡོ་འཕེན་འཕེན་བྱེད།

ལ་ལས་ལྷུག་རྩོམ་མགོ་སྐོར་གཡུག་གཡུག་བྱེད། 

ལ་ལས་དཔྱད་བརྗོད་སྐམས་ལུག་བཤའ་བཤའ་བྱེད།

ལ་ལས་ཚིགས་བཅད་ལྦུ་ཆང་འཐུང་འཐུང་བྱེད། 

ལ་ལས་རྩོམ་སྣ་དྲག་རྩལ་ངོམ་ངོམ་བྱེད།

 

སྐབས་རེར་བཟི་གཏམ་ངོ་མཚང་འདྲུ་འདྲུ་བྱེད། 

མཚམས་རེར་ཁྲིམས་དཔོན་བཞིན་དུ་བཀའ་ཡང་འབེབ།

ལན་རེར་དཔའ་བོ་བཞིན་དུ་ཀི་ཡང་འདེབས། 

འགའ་རེར་བླ་མ་བཞིན་དུ་ཆོས་ཀྱང་གསུང།

དེ་ལྟར་ལྷ་འདྲ་འདྲེ་འདྲ་མི་འདྲ་སོགས། 

ཚོད་དཔག་དཀའ་བའི་ཇག་དཔོན་ཚོར།

ངན་སྔགས་མ་བགྲང་དག་སྣང་མཛོད། 

ཡི་གེའི་སྒྱུ་རྩལ་མཁན་པོ་ཡིན།

སློབ་དཔོན་ཐོན་མིའི་རྒྱུན་འཛིན་ཡིན།

ཕྱོགས་ཞེན་མེད་པའི་གཟུ་བ་ཡིན།

རྒོལ་ངན་ཚར་གཅོད་གླིང་དམག་ཡིན།

བོད་པ་ཚང་གི་ཇག་པ་ཡིན།

ཇག་རབས་གསུམ་པའི་རྒྱུད་འཛིན་ཧྥ་ཇག་མཆོད།

 

དེ་རིང་ཆུ་མོ་ཡོས་ཀྱི་ལོ་སར་གཅིག 

འཛམ་གླིང་སྐད་དང་ཡི་གེའི་ཉིན་མོ་གཉིས།

རྟེན་འབྲེལ་རང་འགྲིགས་ཉིན་མོ་འདིར། 

ངེད་ཧྥ་ཇག་དྲ་བ་དབུ་འབྱེད་ཀྱི།

རྟེན་འབྲེལ་སྒོ་འཕར་འདི་ལྟར་འབྱེད།

 

མེས་སྲིད་པ་རྒད་པོའི་ཇག་རབས་དེ།

གངས་ལྷུན་པོའི་ཆུ་བཞིན་ཆད་མྱོང་མེད།

དུས་ནམ་ཡང་མི་འཆད་སྨོན་ལམ་འདེབས།

 

བོད་སྲིད་པའི་ཆོས་སྲིད་མཁར་རྫོང་དེ།

རི་རྨ་རྒྱལ་ལྟ་བུར་བརྟན་ཅིང་བརྗིད།

དུས་ནམ་ཡང་མི་འགྱུར་སྨོན་ལམ་འདེབས།

 

སྐད་ཡི་གེའི་སྒྱུ་རྩལ་ལྷ་མོ་དེ། 

ལྷོ་འཛམ་བུ་གླིང་གི་མ་ཡུམ་ཡིན།

འདི་ནམ་ཡང་འཆི་མེད་རྒས་མེད་ཤོག། །།

2023-03-27 ཆབ་བྲག་ལྷ།
ཤགས་འགྱེད་མཁན་དཀོན་ག 
2023-03-07 འཇམ་དབྱངས།
ཡག་པོ་འདུག་མུ་མཐུད་དུ་འབྲི་རོགས།
2023-03-06 རང་བསླུས།
ཇག་བཤད་འདི་ཐེངས་གཉིས་ལ་བཀླགས་ཡིན།
2023-03-04 ཇག་ལྷ་དཀར་པོས།
དེ་རི་རེའི   རེ་རེའི་  གཏགས་ནོར་རེ་ཡོད་ས་རེད།

ཇག་ཧར་འགྱོ་སྩ་ཡང་ཕྱིར་ཡོང་དཀའ། ཇག་ཕྱིར་ཡོང་སྔུན་ན་རྒྱུ་་ཟིག་དགོས། རྒྱུ་མེད་ན་རི་སྤྱང་སྔོན་མོ་འདྲ། 
གནས་ཧར་འགྱོ་སྩ་ཡང་ཕྱིར་ཡོང་དཀའ། གནས་ཕྱིར་ཡོང་སྔུན་ན་མ་ཟིག་དགོས། མ་མེད་ན་སྐྱ་ག་ཁྲ་མོ་འདྲ།

དེང་སང་འདི་འདྲ་རེད་དམ།



2023-03-03 འཇམ་དབྱངས་དཀར་པོ།
ཇག་གླུ་དལ་བ་རིང་མོ།། རང་མོས་བཞིན་དུ་བཀླགས་པས།། དབྱངས་ཀྱི་གཅོད་མཚམས་མེད་ན།། ཚིག་གི་གཅོད་མཚམས་འཕྱུག་གི། ཧ་ཧ་ཧ་་་
2023-02-28 གསལ་ལེ་རྒྱལ།
2023-02-23 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།