Back To Top

འབྲུག་གསོས་ནས་སྟོབས་ཆེན་པོར་གཏོང་མཁན་སུ་རེད།

[གཤམ་གསལ་ནི་ཧྥ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དམིགས་བསལ་བཅར་འདྲི་བྱས་པ་ཞིག་ཡིན། བཅར་འདྲི་འདི་ལ་ཁག་དང་བོ་དང་གཉིས་པ་གཉིས་འདུག་པ་ལས། ཁག་དང་བོ་ཕྱི་ཟླ་ ༥ ཚེས་ ༢༤ དང་ཁག་གཉིས་པ་ཚེས་ ༢༦ ཉིན་རླུང་འཕྲིན་ཁང་གི་དྲ་ངོས་སུ་བཀོད་འདུག འདིར་བཅར་འདྲི་ཁག་དང་པོ་བོད་བསྒྱུར་བྱས་ཡོད།

ཧྥ་ཇག་རྩོམ་སྒྲིག་ཚོགས་ཆུང་ནས། ]

བཀླགས་གྲངས། 1452

ཧྥ་རླུང་། ཁྱེད་ཀྱིས་ད་ཐེངས་ཧྥ་རན་སིར་འཚམས་གཟིགས་སུ་ཕེབས་པའི་གནས་ཚུལ་ངོ་སྤྲོད་ཅིག་གནང་རོགས། དེ་ནས་ཁྱེད་རང་གི་ངོས་ནས་ཧྥ་རན་སི་དང་ཡུ་རོབ་མི་མང་ལ་བརྡ་ལན་གང་འདྲ་ཞིག་སྤྲོད་འདོད་ཡོད་དམ།

སྤེན་པ་ཚེ་རིང་། འདི་ང་ཚོའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཕྱོགས་ཡོངས་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཞིག་འགྲོ་བཞིན་པ་དེའི་ཆ་ཤས་ཤིག་ཡིན། དེ་རིང་ (ཕྱི་ཟླ་ ༥ ཚེས་ ༡༧ ཉིན) ང་ཡུ་རོབ་ཏུ་སླེབས་པའི་ཉིན་༡༩ པ་དེ་རེད། སང་ཉིན་ཉིན་༢༠ པ་དང་། དེ་ནས་ང་ཕྱིར་རྒྱ་གར་ལ་ལོག་འགྲོ་གི་ཡོད། ད་ཐེངས་ང་ཚོས་ཧྥ་རན་སི་དང་སུད་སི། ཨེ་ཌ་ལི། འཇར་མན། ཨོ་ཐིར་ཤི་སོགས་རྒྱལ་ཁབ་ལྔ་ལ་བསྐོར་སྐྱོད་བྱས་པ་ཡིན། ང་ཐེངས་དང་པོར་འདིར་ཡོང་སྐབས། ཕྱི་ཟླ་ ༤ ཚེས་ ༣༠ ཉིན་ངའི་ཧྥ་རན་སིའི་གྲོགས་པོ་(གྲོས་ཚོགས་འཐུས་མི་ཟུར་བ་ཨང་རེ་གྷ་ཏོ་ལིང་)ལ་གཟེངས་རྟགས་འབུལ་བཞེས་མཛད་སྒོར་ཞུགས་རྒྱུའི་གོ་སྐབས་བྱུང་། དེ་བཞིན་སྲིད་འཛིན་མཱ་ཁུ་རོང་དང་ཡང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་། ད་ལྟ་ང་ཡང་བསྐྱར་ཕ་རེ་སིར་ཡོང་ནས། གྲོས་ཚོགས་འཐུས་མི་དང་འཛིན་སྐྱོང་དཔོན་རིགས་ཁག་དང་ལྷན་དུ་མཇལ་འཕྲད་བཀའ་མོལ་བྱེད་ཀྱི་ཡོད།
བརྡ་ལན་གང་འདྲ་ཞིག་སྤྲོད་འདོད་ཡོད་མེད་ཀྱི་གནད་དོན་ཐད་ནས། དོན་དངོས་ཐོག་ཧྥ་རན་སི་གཅིག་བུ་ལ་བརྡ་ལན་སྤྲད་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། ད་ལྟ་བཤད་བཞིན་པ་དེ་ཡུ་རོབ་མཉམ་འབྲེལ་རེད། ངས་བཤད་འདོད་པ་དེ། ཁྱེད་ཚོའི་སྲིད་གཞུང་དང་ཡང་ན་ཡུ་རོབ་ཀྱི་ཁེ་ལས་སོགས་ཀྱིས་རྒྱ་ནག་གི་འབྲེལ་ལམ་བརྒྱུད་ནས་དངུལ་བཟོ་བཞིན་ཡོད་པ་རེད། ཁྱེད་ཚོས་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་དང་། ཡང་ན་རྒྱ་ནག་གིས་ཇི་ལྟར་འཛམ་བུ་གླིང་འདིའི་སྒང་ལ་དབང་ཤུགས་ལམ་ལུགས་རྒྱ་བསྐྱེད་གཏོང་བཞིན་པའི་བྱེད་སྟངས་ལས་སྟངས་ཐད་ནས་གནད་དོན་དེར་བསམ་བློ་གཏོང་དགོས་པ་རེད་འདོད། ཐེངས་འདིའི་འཚམས་གཟིགས་ཀྱི་ཆ་ནས་ཞུས་ནའང་རེད། ཁྱེད་ཀྱིས་མཐོང་གསལ་ལྟར་ཞི་ཅིན་ཕིན་ལོ་ལྔའི་རྗེས་སུ་ཡང་བསྐྱར་ཕ་རེ་སིར་སླེབས་པ་རེད། དེ་རྗེས་ཁོ་སར་བྷེ་་ཡ(Serbie) དང་ཧང་གྷ་རིའི་(Hongrie) ནང་ལ་ཕྱིན་པ་རེད། ཁོས་རྒྱལ་ཁབ་འདི་དག་དང་ལྷན་དུ་གནའ་འབྲེལ་མཐུན་ལམ་འཛུགས་རྩིས་བྱེད་ཀྱི་ཡོད་པ་རེད། ཁོ་ཚོས་འཛམ་གླིང་གི་ཡུལ་གྲུ་གང་འདྲ་ཞིག་གི་ནང་རྐང་བ་འཛུགས་ཐུབ་པའམ་གནའ་འབྲེལ་མཐུན་ལམ་འཛུགས་ཐུབ་རྗེས། དེར་རང་དབང་མང་གཙོ་དང་བྲལ་བའམ་དབང་ཤུགས་ལམ་ལུགས་ཀྱི་མཐུན་གྲོགས་གང་མང་འཛུགས་ཐབས་བྱེད་ཀྱི་ཡོད་པ་རེད། འདི་ད་ལྟ་ཁོ་ཚོས་སྒྲུབ་བཞིན་པ་དེ་རེད། ངས་ནམ་རྒྱུན་འཇིག་རྟེན་ཐོག་རིན་མེད་གཅིག་ཀྱང་ཡོད་པ་མ་རེད་ཅེས་བཤད་ཀྱིན་ཡོད། དེར་བརྟེན། ཁྱེད་ཀྱིས་རྒྱ་ནག་དང་འབྲེལ་ལམ་བཟུང་ཡོང་སྐབས། ཁོ་ཚོས་ག་དུས་ཡིན་ཡང་ཐབས་ཇུས་ཤིག་འཁྱེར་ནས་ཡོང་གི་ཡོད་པ་རེད། གལ་སྲིད་ཡུ་རོབ་མི་མང་གིས་རང་གི་རྒྱལ་ཁབ་ནང་དབང་ཤུགས་ལམ་ལུགས་ཀྱི་སྲིད་དབང་ཞིག་བྱུང་འདོད་མེད་ཚེ། རྒྱ་ནག་དང་འབྲེལ་མཚམས་གཅོད་རྒྱུ་དེ་ཡག་ཤོས་དང་། ཡང་ན་ད་བར་གྱི་ཁྱོད་ཚོའི་འབྲེལ་ལམ་འཛིན་ཕྱོགས་ཀྱི་ཐབས་ལམ་དེ་མཚམས་འཇོག་དགོས་པ་རེད། ང་ཚོས་འདི་རྒྱ་ནག་དང་འབྲེལ་བ་བརྩད་གཅོད་གླེང་གི་མེད་ནའང་། ཉུང་མཐར་ཡང་ད་ལྟ་དང་བསྡུར་ན་གང་མགྱོགས་ཉེན་ཁ་ལས་ཐར་ཐུབ། ངའི་གྲོགས་པོས་དེང་སང་འབྲུག་གིས་ང་ཚོར་སོ་རྒྱག་གིན་འདུག་ཟེར། ངས་ཁོ་ལ་དེས་ན་སུས་འབྲུག་དེ་གསོས་ནས་སྟོབས་ཆེན་དུ་བཟོས་པ་རེད་ཟེར་གི་ཡོད། གལ་སྲིད་ཁྱེད་ཀྱིས་མུ་མཐུད་ནས་འབྲུག་དེ་གསོས་ཚེ། སྐྱོན་སུ་ལ་ཡོད་པ་ཡིན་ནམ།

ཧྥ་རླུང་། ཏག་ཏག་ཁྱེད་ཀྱིས་གསུངས་པ་ལྟར། ཁྱེད་རང་གྲོས་ཚོགས་འཐུས་མི་ཟུར་བ་གྷ་ཏོ་ལིང་ལ་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་བཅར་བ་རེད། ཁྱེད་དང་མཱ་ཁུ་རོང་གཉིས་བར་ལའང་མཇལ་འཕྲད་བྱུང་བ་རེད། ཁྱེད་ཀྱིས་ང་ཚོ་ལ་མཛད་སྒོ་འཚོག་སའི་ས་ཆ་དེ་གང་ཡིན་མིན་ཁ་གསལ་ཅིག་བཟོས་ན་འགྲིག་གམ། ཁྱེད་དང་སྲིད་འཛིན་མཱ་ཁུ་རོང་གཉིས་ཀྱི་མཇལ་འཕྲད་དེ་གང་འདྲ་བྱུང་སོང་། ཁྱེད་ཀྱིས་ཁོ་དང་ཡང་ན་ཧྥ་རན་སིའི་སྲིད་གཞུང་ལ་རེ་སྐུལ་དྲི་བ་འདྲ་བཀོད་ཡོད་དམ།

སྤེན་པ་ཚེ་རིང་། མཛད་སྒོ་འཚོག་ས་གང་ཡིན་མིན་དེ་ངས་བསམས་ན་ཁྱེད་ཀྱིས་ཏག་ཏག་མཁྱེན་གྱི་ཡོད་པ་རེད། སྲིད་འཛིན་ཕོ་བྲང་(Palais De Elysée)ནང་ལ་རེད། འདི་བོད་མི་མང་གིས་འོས་འདེམས་བྱས་པའི་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཅིག་(རྒྱལ་ཁབ་གཞན་གྱི་)སྲིད་འཛིན་དང་མཇལ་འཕྲད་གནང་བ་ཐོག་མ་དེ་རེད། དེར་བརྟེན། འདི་ནི་གཟི་བརྗིད་ཅིག་ཡིན་པ་མ་ཟད། འདིས་སྲིད་འཛིན་མཱ་ཁུ་རོང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁས་ལེན་དམ་བཅའ་ཡང་མཚོན་གྱི་ཡོད་པ་རེད། ངས་བསམས་ན་ཁོང་གིས་ང་ཚོ་སུ་ཡིན་མིན་མཁྱེན་གྱི་ཡོད་པ་རེད་འདོད། སྐབས་དེར་ང་གཅིག་བུ་མིན་པར། ད་དུང་ཧྥ་རན་སིར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་ཆེན་མོ་ཝུ་ཀྲི་ཀྲོང་(吴志忠)ཡང་ལྷན་དུ་ཡོད་པ་རེད། སྲིད་འཛིན་མཆོག་གིས་གྷ་ཏོ་ལིང་ལ་གཟེངས་རྟགས་སྩོལ་སྐབས་ཀྱི་གཏམ་བཤད་ནང་དུའང་བོད་དང་ཐེ་ཝན། ཡུ་གུར་བ་སོགས་གླེང་སློང་གནང་སོང་། གྷ་ཏོ་ལིང་གིས་ད་བར་དུ་ཚོགས་སྡེ་འདི་དག་ལ་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་ཡོད་པ་རེད། སོང་ཙང་། སྲིད་འཛིན་མཱ་ཁུ་རོང་གིས་སྐབས་དེར་ཁོང་གིས་གང་གསུང་གི་ཡོད་པ་དེ་གསལ་བོར་མཁྱེན་གྱི་ཡོད་པ་རེད་འདོད། ངས་ད་དུང་ཁོང་ལ་ཕྱི་ལོ་ ༢༠༡༦ ལོར་ཁོ་རང་དཔལ་འབྱོར་བློན་ཆེན་ཡིན་སྐབས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས་ཀྱི་པར་ཞིག་ཕུལ་བ་ཡིན། འདྲ་པར་དེའི་སྟེང་༧གོང་ས་མཆོག་སྐུ་དངོས་ཀྱི་མཚན་རྟགས་བཀོད་ཡོད། ང་ཚོས་འདྲ་པར་དེའི་སྐོར་ནས་གླེང་མོལ་བྱས་པ་ཡིན། འདི་ནི་འདས་པ་ཕྱིར་དྲན་གྱི་ཐབས་ལམ་ཡག་ཤོས་ཤིག་རེད་འདོད། དེ་ནས་ངས་ཁོང་ལ་བོད་མ་བརྗེད་རོགས་ཞེས་ཞུས་པ་ཡིན། ཁོང་གིས་ ‘‘ཡིན་དང་ཡིན། བརྗེད་མི་སྲིད་’’ཅེས་གསུངས་སོང་།

ཧྥ་རླུང་། དེ་ནས་ཉིན་འགའི་རྗེས་སུ། ཞི་ཅིན་ཕིན་གྱིས་ཕ་རེ་སིར་རྒྱལ་དོན་འཚམས་གཟིགས་གནང་བ་རེད། ཁྱེད་ཀྱིས་ཧྥ་རན་སིའི་ཕྱོགས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཐད་ལ་འདང་ངེས་ཀྱི་དོ་སྣང་གནང་ཡོད་པ་རེད་བསམ་ཀྱི་འདུག་གམ། ཡང་ན་ད་ཐེངས་ཀྱི་འཚམས་གཟིགས་འདིའི་སྐབས་ཀྱི་མཱ་ཁུ་རོང་དང་ཧྥ་རན་སིའི་མཐུན་འགྱུར་གནང་སྟངས་ཀྱི་ཐད་ནས། ཁྱེད་ལ་རེ་བ་གང་ཡང་རུང་བ་རེ་ཡོད་དམ།

སྤེན་པ་ཚེ་རིང་། ངས་འདི་གའི་འཛིན་སྐྱོང་དཔོན་རིགས་ཚོ་དང་གླེང་མོལ་བྱས་པ་ལས་ཤེས་གསལ་ལྟར་ན། ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་རི་བོ་པེ་རེ་ནི་(Pyrénées)ནི་ཁོང་ཚོའི་ཉིན་གཉིས་པའི་འཚམས་གཟིགས་བྱེད་ས་དེ་རེད། དེར་ཁོ་ཚོས་འགྲོ་བ་མིའི་ཐོབ་ཐང་སྐོར་ནས་གླེང་སློང་བྱས་འདུག འོན་ཀྱང་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤུགས་ཆེན་པོ་བྱས་མི་འདུག སོང་ཙང་ང་ཚོས་ཧ་ཅང་གི་ཐག་ཆོད་པོའི་སྒོ་ནས་བཤད་ཀྱི་ཡོད། ད་ལྟ་ནི་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་འགྱུར་བ་གཏོང་བའི་དུས་ལ་སླེབས་པ་རེད། ངེས་པར་དུ་བློ་ཁོག་ཆེན་པོས་རང་ཉིད་ཀྱི་ལངས་ཕྱོགས་དང་། རང་ཉིད་ཀྱིས་བརྩི་མཐོང་དང་གཅེས་སྐྱོང་གནང་བཞིན་པའི་རིན་ཐང་ལྟ་ཚུལ་མུ་མཐུད་མཇུག་སྐྱོང་དགོས་པ་རེད། དེ་མིན། གལ་སྲིད་ཁྱེད་རང་ཚོས་རྒྱ་ནག་ལ་ཕྱག་འཚལ་ཚེ། རྒྱ་ནག་གིས་ཁྱེད་ཚོ་བོང་བུར་བརྩི་ངེས་ཡིན། ད་ལྟ་ཁྱེད་ཚོ་རྐང་བ་གཉིས་སྒང་ནས་འགྲོ་བཞིན་ཡོད། གལ་སྲིད་ད་དུང་ཁྱེད་རང་ཚོས་རྒྱ་ནག་ལ་ཕྱག་འཚལ་རྒྱུ་མང་དྲགས་ན། དེ་ནས་ལག་པ་གཉིས་བཙུགས་ནས་འགྲོ་དགོས་ཆགས་ཀྱི་རེད། ཁོ་ཚོས་ཁྱེད་རང་ཚོའི་ངོ་ས་ལ་བསྒོར། ཁྱེད་རང་ཚོ་བོང་བུར་བརྩིས། དེ་ནས་རྒྱུན་ཆད་མེད་པར་ཁྱེད་རང་ཚོ་ཞོན་ནས་འགྲོ་གི་རེད། ང་ཚོ་རྒྱ་ནག་གི་ཕྱོགས་ངོས་འདི་ལ་རྒྱུས་ལོན་གཏིང་ཟབ་ཡོད། ཁོ་ཚོས་སྟོབས་ཤུགས་ལ་བརྩི་བཀུར་བྱེད་པ་ལས་ཉམ་ཆུང་ལ་བརྩི་བཀུར་མི་བྱེད། དེར་བརྟེན། ཧྥ་རན་སི་ཚུད་པའི་ཡུ་རོབ་མི་མང་གིས་དུས་ནམ་ཡང་ཉམ་ཆུང་བྱེད་རྒྱུ་མེད། ངེས་པར་དུ་དྲང་ཚུགས་འཛིན་དགོས། ཡིན་དང་ཡིན། ངས་འདི་ནས་རྒྱ་ནག་ཟེར་བ་དེ་རྒྱ་ནག་སྲིད་གཞུང་ལ་ཟེར་གྱི་ཡོད།

ཧྥ་རླུང་། ང་ཚོས་མཐོང་སོང་། ཉེ་ཆར་ཁྱེད་ཀྱིས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་(WION)གྱི་བཅར་འདྲི་དང་ལེན་གནང་སྐབས། བཙན་བྱོལ་བོད་གཞུང་དང་རྒྱ་ནག་སྲིད་གཞུང་བར་གསང་བའི་བརྒྱུད་ལམ་ཐོག་ནས་གྲོས་མོལ་བྱེད་ཀྱི་ཡོད་ཚུལ་གསུངས་འདུག ཁྱེད་ཀྱིས་འདིའི་སྐོར་ཀྱི་གནས་ཚུལ་གང་མང་མང་ཞིག་ང་ཚོར་བཤད་ཐུབ་བམ།

སྤེན་པ་ཚེ་རིང་། ན་ནིང་ཕྱི་ཟླ་བཞི་བའི་ནང་། ངས་དབྱིན་ཇིའི་རླུང་འཕྲིན་ལས་ཁང་(BBC)གི་(HARDtalk) ལེ་ཚན་ནང་ང་ཚོའི་བར་གསང་བའི་བརྒྱུད་ལམ་ཡོད་པའི་ངོས་ལེན་བྱས་རྗེས། ད་བར་དུ་དེའི་སྐོར་གཅིག་མཚུངས་ཀྱི་དྲི་བ་རྒྱུན་མ་ཆད་པར་སླེབས་སོང་། ང་ཚོར་དོན་དངོས་ཐོག་ང་ཚོས་ངོས་ལེན་མ་བྱས་རང་བྱས་ཀྱི་གསང་བའི་བརྒྱུད་ལམ་ཡོད་པ་ཡིན། ང་ཚོ་ནི་ནང་བའི་རྗེས་འཇུག་པ་ཡིན་པའི་ངོས་ནས་རྫུན་བཤད་ཤེས་ཀྱི་མ་རེད། དེ་ལྟར་ཡིན་ཡང་། ང་ཚོའི་ངོས་ནས་གསང་བའི་བརྒྱུད་ལམ་དེ་དག་ལ་དེ་འདྲའི་རེ་བ་ཆེན་པོ་འཛིན་གྱི་མེད། གལ་སྲིད་ཁྱེད་ཀྱིས་ཞི་ཅིན་ཕིན་གྱི་རྒྱ་མི་རིགས་སྟེང་གང་བྱས་ཡོད་ཚད་ལ་ལྟོས་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་ཅིག་ལྟོས་དང་། དེར་མ་ཟད་རང་ཉིད་ཀྱི་བསམ་ཚུལ་བརྗོད་འདོད་ཡོད་པའི་མི་སྒེར་གང་རུང་ལ་ཅིག་ལྟོས་དང་། རྒྱ་མི་རིགས་གཅིག་མཚུངས་ཡིན་ནའང་ད་ལྟའི་རྒྱ་ནག་གཞུང་གི་ལམ་ལུགས་འོག་དཀའ་སྡུག་མྱོང་སྡོད་ཡོད་པ་རེད། གལ་སྲིད་ཁྱེད་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་མི་རིགས་ངོས་འཛིན་གྱི་ངོ་རྟགས་རྩ་མེད་དུ་གཏོང་བཞིན་པའི་བྱེད་བབ་དེ་ཚོར་ཅིག་ལྟོས་དང་། ང་ཚོས་བརྒྱུད་ལམ་དེ་ཚོར་རེ་བ་ཆེན་པོ་འཛིན་གྱི་མེད། འོན་ཀྱང་དོན་དངོས་ཐོག་ང་ཚོས་གསང་བའི་བརྒྱུད་ལམ་དེ་དག་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་ཀྱི་ཡོད།

ཧྥ་རླུང་། ཁྱེད་ཀྱིས་མཁྱེན་གསལ་ལྟར་རེད། གནས་ཚུལ་དེ་བརྒྱུད་ལམ་ཁག་ནང་ཐོན་རྗེས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་བིན་ཕིན་གྱིས་ ‘‘བཙན་བྱོལ་བོད་གཞུང་ཟེར་བ་དེ་རྩ་འཛུགས་ཡོད་པ་དང་། རྩ་འཛིན་སྣེ་ཁྲིད་ཡོད་པ། བོད་རང་བཙན་ལ་སྟོང་སེམས་འཆང་བའི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་རུ་ཚོགས་ཤིག་རེད་’’ཅེས་ཟེར། ཁྱེད་ལ་འདིའི་སྐོར་ནས་ལན་འདེབས་ག་རེ་ཡོད་དམ།

སྤེན་པ་ཚེ་རིང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དགོས་འདུན་གང་བཏོན་ཡོད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཧྲིལ་བོས་ཧ་གོ་གི་ཡོད་པ་རེད། ཁོང་གིས་བཏོན་པ་ནི་དབུ་མའི་ལམ་རེད། ཁ་བྲལ་མ་རེད་ལ། རང་བཙན་ཡང་མ་རེད། འདི་ངས་ནམ་རྒྱུན་བཤད་ཀྱིན་པ་ལྟར། ང་ཚོ་དགའ་བོ་ཡོད་ཀྱང་མེད་ཀྱང་རུང་། ང་ཚོ་ཚང་མ་ཁྱིམ་མཚེས་རེད། དུས་རབས་མང་བོའི་རིང་ཁྱིམ་མཚེས་ཀྱི་འཚོ་བ་སྐྱེལ་ནས་ཡོང་བ་རེད། ང་ཚོ་དགའ་བོ་ཡོད་ཀྱང་མེད་རུང་། ཁྱེད་ཀྱིས་ཤེས་གསལ་ལྟར། ང་ཚོས་བོད་དེ་རང་ས་ནས་སྤོར་དེ། ནུབ་རྒྱ་མཚོ་ཆེན་པོའམ་ཞི་བདེའི་རྒྱ་མཚོ་ཆེན་པོའི་ས་ཆ་གང་རུང་ལ་འཇོག་ཐུབ་ཀྱི་མ་རེད། དེར་བརྟེན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་རྒྱུན་དུ་དབུ་མའི་ལམ་གྱི་རང་སྐྱོང་གསུང་གི་ཡོད་པ་རེད། རྒྱ་ནག་སྲིད་གཞུང་གིས་ད་བར་དུ་ང་ཚོ་ཁ་བྲལ་རིང་ལུགས་པ་རེད་ཟེར་གི་ཡོད་པ་རེད། དོན་དངོས་སུས་བོད་རྒྱ་ནག་ནས་ཁ་བྲལ་གཏོང་གི་ཡོད་པ་རེད། རྒྱ་ནག་གཞུང་རེད་དམ་བོད་མི་ཚོ་རེད། འདི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོས་ཐག་གཅོད་དགོས་པ་ཞིག་རེད། རྒྱ་རིགས་མང་ཚོགས་ལ་མཚོན་ནའང་རྒྱ་ནག་གཞུང་གིས་གང་བཤད་ལ་བརྟེན་ནས་གཡས་འཁྱོག་གཡོན་འཁྱོར་བྱེད་ཀྱི་ཡོད་མ་རེད། ཁོ་ཚོས་མུ་མཐུད་ནས་རྒྱལ་སྤྱིའི་སྤྱི་ཚོགསས་ལ་མགོ་སྐོར་གཏོང་རྒྱུ་ཡོད་པ་མ་རེད། རྒྱ་ནག་ནང་ལ་མཚོན་ན་གནས་ཚུལ་ཤེས་རྟོགས་ལ་བཀག་རྒྱ་ཡོད་པ་རེད། དེར་བརྟེན། རྒྱ་ནག་མི་མང་གིས་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དགོས་འདུན་གང་ཡིན་གྱི་དོན་དངོས་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད།

ཧྥ་རླུང་། ‘‘དབུ་མའི་ལམ་ཀྱི་སྲིད་བྱུས་’’ལ་རྒྱུས་མངའ་མེད་མཁན་ཚོར། ཁྱེད་ཀྱིས་དེའི་སྐོར་སྟབས་བདེའི་ངང་སྙིང་བསྡུས་རང་བཞིན་གྱི་ངོ་སྤྲོད་ཅིག་བྱེད་ཐུབ་བམ།

སྤེན་པ་ཚེ་རིང་། དབུ་མའི་ལམ་ཞེས་པ་དེ་རྩ་བའི་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་ཅིག་རེད། ཆད་རྟག་གི་མཐའ་གཉིས་སུ་མ་ལྷུང་བ་ལ་གོ་གི་ཡོད་པ་རེད། འདིར་བཤད་པའི་མཐའ་གཅིག་དེ་བོད་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ཀྱི་གནས་བབ་དེ་རེད། འདི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོ་གཅིག་བུས་གླེང་མོལ་བྱེད་ཀྱིན་པའི་གནད་དོན་མ་རེད། ཧོ་ལན་གྱི་མཁས་དབང་མེ་ཤལ་བན་ཝལ་ཕུ་ར་ཁུག་(Michael Van Wall Prague)གིས་བྲིས་པའི་བོད་ཀྱི་གནས་བསྡུས་(Tibet Brief 20/20)ཞེས་པའི་དེབ་ནང་། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་བོད་དེ་ཡོན་དང་མིང་། ཆིན་རྒྱལ་རབས་གང་གི་སྐབས་སུའང་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་མྱོང་མེད་པ་དང་། སློབ་དཔོན་ཆེན་མོ་ལིག་ཧན་ཁྲིན།(刘汉城) ཁོང་རྒྱ་རིགས་ཤིག་རེད། ཁོང་ལོ་གཞོན་པའི་སྐབས་གནད་དོན་འདི་འདྲ་ཞིག་ལ་དོ་སྣང་བྱུང་མྱོང་ཡོད་འདུག ག་རེ་བྱས་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་གྱི་སྲིད་གཞུང་ལ་བོད་དེ་གདོད་མ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་རེ་བ་འདོན་གྱི་ཡོད་པ་རེད། གལ་སྲིད་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚར་དུས། རྒྱ་ནག་གཞུང་གིས་མཚམས་ལ་ལར་བཤད་ཀྱིན་པ་ལྟར། བོད་དེ་གདོད་མ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་རེད། དེས་ན། རྒྱ་ནག་གཞུང་གིས་ག་རེ་བྱས་ནས་རེ་བ་དེ་འདོན་གྱི་ཡོད་པ་རེད། རྒྱུ་མཚན་ཁོ་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྲིམས་མཐུན་གྱི་རང་བཞིན་དེ་འཚོལ་ཐབས་བྱེད་ཀྱི་ཡོད་པ་རེད། ཁོ་ཚོར་བོད་ལ་དབང་བསྒྱུར་བྱེད་པའི་ཁྲིམས་མཐུན་གྱི་རང་བཞིན་དེ་མེད་པས་རེད། འདི་མཐའ་གཅིག་རེད། མཐའ་གཞན་དེ་གུང་ཁྲན་ཏང་སྲིད་གཞུང་གི་བཙན་གནོན་འོག་ཡོད་པའི་ད་ལྟའི་བོད་ཀྱི་གནས་སྟངས་དེ་རེད། སོང་ཙང་། ང་ཚོས་མཐའ་འདི་གཉིས་ཀྱི་དཀྱིལ་ནས་ལམ་དབུ་མ་ཞིག་བཙལ་ནས། བོད་མི་ཚོར་རང་དབང་དང་རང་གི་སྐད་ཡིག་བཀོལ་སྤྱོད།་རང་གི་ཆོས་ལུགས་ལ་དད་མོས། རང་གི་འཚོ་བ་རོལ་སྟངས་དང་། ང་ཚོའི་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ། འདི་ང་ཚོའི་རེ་སྙེག་བྱེད་བཞིན་པ་དེ་རེད། ང་ཚོས་ཁ་བྲལ་ལ་རེ་སྙེག་བྱེད་ཀྱི་མེད། ཤེས་དགོས་པ་ཞིག་ནི། ང་ཚོས་རྒྱ་མི་རིགས་དང་ལྷན་དུ་འཚོ་བ་རོལ་འདོད་དང་། ང་ཚོ་མུ་མཐུད་འཆམ་མཐུན་མཉམ་གནས་བྱེད་འདོད་ཡོད། རྗེས་མ་ང་ཚོ་ཕྱིར་ལོག་སྐབས། ང་ཚོས་ངེས་པར་དུ་ཕན་ཚུན་ཞི་བདེ་མཉམ་གནས་བྱེད་སྟངས་དེ་ཤེས་དགོས་པ་རེད། སོང་ཙང་། ‘‘དབུ་མའི་ལམ་’’ནི་ཕན་ཚུན་གྲོས་མོལ་དང་གླེང་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་བྱེད་ཐབས་ཤིག་རེད། ང་ཚོས་ཕན་ཚུན་གཉིས་ཕན་གྱི་གནད་དོན་ཐག་གཅོད་བྱེད་སྟངས་ཀྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། འཚེ་བ་དུས་ནམ་ཡང་གནད་དོན་ཐག་གཅོད་བྱེད་སྟངས་ཀྱི་ཐབས་ལམ་མིན། ངས་ནམ་རྒྱུན་བཤད་ཀྱི་ཡོད། ཨེ་སི་རལ། ཡུ་ཁུག་རེན། ར་ཤི་ཡ། འབར་མ་དང་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་སོགས་ཀྱི་གནད་དོན་མང་བོ་ལ་ལྟོས་དང་། གལ་སྲིད་ཁྱེད་ཀྱིས་གནད་དོན་འདི་དག་ལ་ཞིབ་ལྟ་ཞིག་བྱས་ན། དོན་ངོ་མས་མིག་མདུན་གྱི་གནད་དོན་ཐག་གཅོད་བྱས་ཡོད་དམ། ཡང་ན་འབྱུང་འགྱུར་གྱི་འཚེ་བ་ལ་ས་བོན་བཏབ་ཡོད། འདི་བསམ་བློ་གཏོང་རིན་ཡོད་པའི་གནད་དོན་ཞིག་རེད།

ཧྥ་རླུང་། ཡང་བསྐྱར་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཝང་བིན་ཕིན་གྱི་སྐད་ཆ་ཞིག་དྲངས་ན། ཁོས་‘‘རྒྱ་ནག་གཞུང་གི་འབྲེལ་གཏུགས་གྲོས་མོལ་གྱི་ཐད་ནས་རྩ་བའི་ཆ་རྐྱེན་ནམ་རྩ་འཛིན་གཉིས་ཡོད། དང་བོ། འབྲེལ་གཏུགས་གྲོས་མོལ་བྱེད་ཡུལ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་མི་སྒེར་གྱི་འཐུས་མི་ཁོ་ན་ལས། བཙན་བྱོལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་ཟེར་བ་སོགས་གང་ཡང་མིན། རྒྱ་ནག་གཞུང་གིས་ཁོ་ཚོ་དང་འབྲེལ་གཏུགས་བྱེད་མི་སྲིད། གཉིས་པ། འབྲེལ་གཏུགས་གྲོས་མོལ་གྱི་གྲོས་གཞི་ནི་ཏཱ་ལའི་བླ་མ་མི་སྒེར་དང་། དེ་ལས་མང་ན་ཁོའི་ཉེ་འཁོར་གྱི་མི་འགའ་ཤས་ཀྱི་མདུན་ལམ་གནད་དོན་ལས། བོད་ལ་ཚད་མཐོའི་རང་སྐྱོང་གི་གནད་དོན་སོགས་ཡང་མིན་’’ཟེར། དེས་ན་ཁྱེད་ཀྱི་གྲོས་མོལ་འདི་དག་ལ་རེ་བ་ག་རེ་ཡོད་དམ།

སྤེན་པ་ཚེ་རིང་། འདི་ན་ནང་དོན་གསར་པ་གང་ཡང་མི་འདུག གལ་སྲིད་ལོ་ངོ་ཉི་ཤུ་སུམ་ཅུའི་སྔོན་ལ་བལྟས་པ་ཡིན་ནའང་། ཁོ་ཚོས་ད་བར་དུ་གཅིག་མཚུངས་ཀྱི་གསལ་བསྒྲགས་སྤེལ་བསྡད་པ་རེད། ང་ཚོས་བོད་མི་ལ་ངོས་ལེན་མེད་ཟེར་བ་ཙམ་ལས། གསལ་བསྒྲགས་འདི་ལ་ནང་དོན་གསར་པ་གང་ཡང་མི་འདུག ད་ལྟ་ཁོ་ཚོས་ཉུང་མཐར་ཡང་བཙན་བྱོལ་བོད་གཞུང་ཟེར་གི་ཡོད་པ་རེད། སོང་ཙང་འདི་ཡག་པོ་ཞེ་དྲག་རེད། ཡར་རྒྱས་ཤིག་ལ་བརྩིས་ན་འགྲིག་གི་འདུག ༧གོང་ས་མཆོག་གིས་ཞལ་གསལ་བོར་གསུངས་ཚར་ཡོད་པ་རེད། ཏཱ་ལའི་བླ་མ་དང་ཡང་ན་ཁོང་གི་ཉེ་འཁོར་གྱི་མི་སྣ་ཉུང་ཤོས་ཚོའི་མི་སྒེར་ཁེ་ཕན་དང་བོད་རྒྱའི་དཀའ་རྙོག་བར་འབྲེལ་བ་གང་ཡང་མེད།
མི་སུ་ཡིན་ནའང་གསལ་བོར་མཁྱེན་དགོས་པ་རེད། འདི་བོད་ནང་གི་བོད་མི་ཁྲི་བདུན་བརྒྱ་ལྷག་གི་ཁེ་ཕན་དང་འབྲེལ་ཡོད་པ་རེད། ཁོ་ཚོས་ག་དུས་ཡིན་ཡང་མཚམས་མ་ཆད་པར་རྫུན་བཤད་ཀི་ཡོད་པ་རེད། ཁོ་ཚོས་རྫུན་གཅིག་སྦ་གསང་བྱེད་པར་ཡང་ནས་བསྐྱར་དུ་རྫུན་མ་བཤད་རང་བཤད་ཆགས་ཀྱི་ཡོད་པ་རེད། རྒྱ་ནག་གུང་ཁྲན་རིང་ལུགས་དེ་རྫུན་གྱི་རྨང་གཞིའི་སྟེང་བསྐྲུན་ཡོད་པ་རེད། ཁོ་ཚོས་རྫུན་གཅིག་ཐེངས་བརྒྱར་བཤད་ན་བདེན་པ་ཆགས་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། རྒྱ་མི་རིགས་རེད། བོད་པ། སོག་པོ། ཡུ་གུར་དང་ཧོང་ཀུང་བ་ཚང་མས་རྒྱ་ནག་གི་མགོ་ཁྲིད་འོག་དཀའ་སྡུག་མྱོང་བསྡད་ཡོད་པ་རེད།

ཧྥ་རླུང་། ཕྱི་ལོ་༢༠༡༨ ལོར་ཨ་རྒྱའི་དབར་ཚོང་དོན་དམག་འཁྲུག་བྱུང་བ་ནས་བཟུང་། ཁྱེད་ཀྱིས་མཁྱེན་གསལ་ལྟར་རེད། རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པ་རེད། ད་དུང་ཡུ་ཁུག་རེན་གྱི་དམག་འཁྲུག་སོགས་ལྟ་བུ། དེས་ན། ཁྱེད་ཀྱི་གཟིགས་ཕྱོགས་ལྟར་ན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྩ་དོན་འཐབ་རྩོད་སོགས་ལའང་འགྱུར་ལྡོག་བྱུང་ཡོད་དམ།

སྤེན་པ་ཚེ་རིང་། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དེ་མངོན་གསལ་དོད་པོ་མིན་པར་བརྟེན། མི་ཚང་མ་རྒྱ་ནག་གི་སྐོར་ལ་རྒྱུས་ལོན་བྱེད་འདོད་ཤུགས་ཆེན་པོ་རེད། དུས་དུ་ལྟ་ཡིན་ནའང་། རྒྱ་ནག་གི་སྐོར་ལ་བློ་གནད་དུ་ཕབ་ནས་བསྔོག་བཤེར་བྱས་ན། ད་གཟོད་སྲིད་དོན་ཁྱབ་ཁོངས་ནས་གནས་ཚུལ་ག་རེ་བྱུང་ཡོད་མེད་ཤེས་རྟོག་དང་དབྱེ་ཞིབ་ཐུབ་ཀྱི་རེད། ཕྱི་སྲིད་བློན་ཆེན་ཟུར་བ་ཆིན་ཀང་(秦刚)དང་བདེ་སྲུང་བློན་ཆེན་ཟུར་བ་ལི་ཧྲང་ཧྥུ་(李尚福)གཉིས་བོར་བརླག་ཏུ་ཕྱིན་པ་རེད། མེ་ཤུགས་འཕུར་མདེལ་དང་མཚོ་སྐམ་གཉིས་ཀྱི་དམག་དཔུང་ནང་གཙང་ཕྱག་བྱས་ཡོད་པ་རེད། རྒྱ་ནག་ནང་དུ་དོན་དག་མང་བོ་ཞིག་བྱུང་བ་ཡོད་པ་རེད། འོན་ཀྱང་མི་ཚང་མས་དོན་དངོས་སུ་དོན་དག་ག་རེ་བྱུང་མིན་ཤེས་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན། ང་ཚོས་རྒྱ་ནག་དང་རྒྱ་ནག་གི་ཀུང་སློང་མི་ཤེས་མཁན་ཚོར་ངེས་པར་དུ་སློབ་གསོ་ཞིག་སྤྲོད་དགོས་པ་རེད། ངས་དུས་རྒྱུན་རང་དབང་གི་འཇིག་རྟེན་དང་ཡར་ཐོན་རྒྱལ་ཁབ་ཚོར་བཤད་ཀྱིན་པ་ལྟར། གལ་སྲིད་ཁྱོད་ཀྱིས་རྒྱ་ནག་གི་དཔའ་ཞུམ་པར་བྱེད་འདོད་ན། དཔལ་འབྱོར་གྱི་ནུས་འཇོན་ཁོ་ནར་བསྟེན་དགོས་པ་མ་ཟད། འཚེ་མེད་ཞི་བའི་ཐབས་ལམ་སྤྱོད་དགོས་པ་རེད། གལ་སྲིད་མུ་མཐུད་ནས་རྒྱ་ནག་དང་ཚོང་འབྲེལ་གང་མང་བྱེད་འདོད་ཚེ། དེ་བརྒྱུད་ནས་ཡུ་ཁུ་རེན་གྱི་དམག་འཁྲུག་ལ་རོགས་རམ་བྱེད་པ་རེད། ཁྱེད་ཚོས་འདི་ལ་བསམ་ཤེས་ཐུབ་རྒྱུ་དེ་ངའི་རེ་བ་ཡིན།

ཧྥ་རླུང་། མཇུག་མཐར། ཁྱེད་ཀྱིས་རྒྱ་རིགས་ཕལ་བ་ཚོར་དམིགས་བསལ་གྱི་བཤད་འདོད་པ་གང་ཡོད་དམ།

སྤེན་པ་ཚེ་རིང་། ང་ཚོ་ཚང་མ་མི་རེད། འཛམ་གླིང་སྒང་གི་མི་དུང་ཕྱུར་བརྒྱད་ཅུ་བོ་ཚང་མ་མིའི་རིགས་རེད། ང་ཚོ་རང་དབང་གི་ཆེད་དུ་སྐྱེས་པ་རེད། ང་ཚོ་བྲན་གཡོག་ལ་བཀོལ་ཏུ་འཇུག་མི་འོས་པ་ཡིན། ༧གོང་ས་མཆོག་གིས་ནམ་རྒྱུན་དུ་གསུངས་པ་ལྟར། ངའི་རེ་བ་ལ་རྒྱ་མི་རིགས་དང་། རྒྱ་རིགས་ཕལ་བ་ཚོས་འདུ་ཤེས་འཛིན་སྟངས་འདི་གཉིས་སྒང་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་སྟངས་ལ་བསམ་བློ་གཏོང་རྒྱུ་དང་། ང་ཚོ་ཚང་མ་མིའི་རིགས་རེད། ང་ཚོ་ཚང་མས་བདེ་བ་འདོད་པ་ལས། སྡུག་བསྔལ་འདོད་ཀྱི་ཡོད་པ་མ་རེད། འདི་༧གོང་ས་མཆོག་གིས་དུས་རྒྱུན་ནས་ནན་བཤད་གནང་གི་ཡོད་པ་རེད།
ངའི་རེ་བ་ལ་རྒྱ་རིགས་ཕལ་བ་ཚོས་བསམ་བློ་གཏོང་དགོས་སའི་གནད་དོན་གཞན་དེ་ནི་ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཚོ་གནས་བྱེད་སྟངས་དེ་རེད། ང་ཚོ་ཁེར་རྐྱང་ངང་འཚོ་གནས་བྱེད་ཀྱི་མེད། ཚང་མ་གཅིག་ལ་གཅིག་བརྟེན་གྱིས་འཚོ་གནས་བྱེད་ཀྱི་ཡོད། དེར་བརྟེན། འཛམ་གླིང་འདིའི་ས་གནས་ཞིག་ནས་དོན་དག་གང་བྱུང་ཡང་དེ་འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཡང་ན་མི་སྒེར་བ་ཞིག་གི་སྟེང་དོན་རྐྱེན་གང་བྱུང་ཡང་དེས་སྤྱི་ཚོགས་ཧྲིལ་བོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། དེར་བརྟེན། ང་ཚོ་ཚང་མ་རང་ཉིད་ཀྱི་རང་དབང་གི་རིན་ཐང་དང་། རང་ཉིད་ཀྱི་ཆེ་མཐོང་གི་ཆེད་དུ་འཚོ་གནས་བྱེད་ཀྱི་ཡོད་པ་རེད། ཁྱེད་ཀྱི་ཤེས་གསལ་ལྟར་རེད། རྒྱ་ནག་ལ་མཚོན་ན་འདི་ལྟར་ཡོད་པ་མ་རེད།

མ་ཁུངས་འབྲེལ་ཐག

https://www.rfi.fr/cn/法国/20240524-专访-藏人行政中央司政边巴次仁-一

ངས་ད་དུང་ཁོང་ལ་ཕྱི་ལོ་ ༢༠༡༦ ལོར་ཁོ་རང་དཔལ་འབྱོར་བློན་ཆེན་ཡིན་སྐབས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས་ཀྱི་པར་ཞིག་ཕུལ་བ་ཡིན། འདྲ་པར་དེའི་སྟེང་༧གོང་ས་མཆོག་སྐུ་དངོས་ཀྱི་མཚན་རྟགས་བཀོད་ཡོད། ང་ཚོས་འདྲ་པར་དེའི་སྐོར་ནས་གླེང་མོལ་བྱས་པ་ཡིན། འདི་ནི་འདས་པ་ཕྱིར་དྲན་གྱི་ཐབས་ལམ་ཡག་ཤོས་ཤིག་རེད་འདོད། དེ་ནས་ངས་ཁོང་ལ་བོད་མ་བརྗེད་རོགས་ཞེས་ཞུས་པ་ཡིན། ཁོང་གིས་ ‘‘ཡིན་དང་ཡིན། བརྗེད་མི་སྲིད་’’ཅེས་གསུངས་སོང་།
2024-05-31 ཡིག་ནོར་རེ་བཟུང་འུ་ཡོད་ལ་བསམ་གི
2024-05-31 ནག་ལྟིག
2024-05-31 ཧ་ཅིང་བཟང་།
2024-05-31 Bravo
2024-05-31 Bravo
2024-05-30 ཤེད་བུ།
2024-05-30 ཇག་ལྷ
2024-05-30 གསལ་ལེ་རྒྱལ།
2024-05-30 ཧ་ཅང་ལེགས་
བོད་ཡིག་ཐོག་བཀོད་པ་བཀའ་དྲིན་ཆེ་་
2024-05-30 ཡག་བྱུང་། བཀའ་དྲིན་ཆེ།
ཡག་བྱུང ་། བཀའ་དྲིན་ཆེ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།