Back To Top

སྟོན་པའི་ངོ་མཚར།

ཡང་སྟེང་རིན་པོ་ཆེས།

བཀླགས་གྲངས། 753


ངོ་མཚར་ལྟས་བཅས་ཡུམ་ལས་བལྟམས་མ་ཐག།
ས་ཆེན་ཞབས་ཀྱིས་བཅགས་པའི་ངོ་མཚར་ཡོད།།

འཇིག་རྟེན་ཆོས་དང་མཐུན་པར་བྱ་བའི་ཕྱིར།།
ས་འཚོ་རྩལ་གྱིས་བླངས་པའི་ངོ་མཚར་ཡོད།།

དགུང་གྲངས་ཉི་ཤུ་རྩ་དགུར་ཕེབས་པའི་སྐབས།།
འཇིག་རྟེན་འོད་ཀྱིས་བཀང་བའི་ངོ་མཚར་ཡོད།།

འཁྲུངས་ས་བསྐྱོན་ནས་ལོ་ངོ་མ་ལོན་ཀྱང་།།
མཛེས་མའི་འཆིང་བ་བཅད་པའི་ངོ་མཚར་ཡོད།།

ཤ་ལས་མཆེད་པའི་རྒྱལ་སྲས་སྒྲ་གཅན་འཛིན།།
གཏན་བདེའི་ལམ་དུ་དྲངས་པའི་ངོ་མཚར་ཡོད།།

ལོ་དྲུག་ནགས་སུ་སྒོམ་ལ་བཞུགས་པ་ཡིས།།
ཡབ་གྱི་དྲིན་ལན་གསབ་པའི་ངོ་མཚར་ཡོད།།

ཡབ་སྲས་མཇལ་ནས་ཕྱིར་ལོག་གནང་བའི་སྐབས།།
ས་འཚོ་རྟོགས་པ་སད་པའི་ངོ་མཚར་ཡོད།།

གཉན་ཡོད་རྒྱལ་པོས་ནན་གྱིས་གསོལ་བའི་ངོར།།
སྡེ་དྲུག་འཕྲུལ་གྱིས་བཏུལ་བའི་ངོ་མཚར་ཡོད།།

ཉི་མའི་དྲུང་དུ་མེ་ཁྱེར་དོན་མེད་ཕྱིར།།
རང་རྒྱལ་སྐུ་ལུས་སྡུད་པའི་ངོ་མཚར་ཡོད།།

ལྷས་སྦྱིན་ཁྲོས་པས་སྲོག་ལ་རྒོལ་ན་ཡང་།།
ཐུགས་རྗེ་ཉི་མ་སྙོམས་པའི་ངོ་མཚར་ཡོད།།

རྒྱལ་རྒྱུད་མ་ལུས་སྟོངས་ཀྱང་ཤཱཀྱ་པས།།
ད་དུང་འཛམ་གླིང་དབང་བའི་ངོ་མཚར་ཡོད།།

གང་དུ་གསུངས་ཀྱང་དོན་དུ་མི་འགྱུར་ཕྱིར།།
མི་སྨྲ་བཞུགས་པས་སྨྲ་བའི་ངོ་མཚར་ཡོད།།

ཁྱོད་ལ་དད་དང་མི་དད་རྒྱལ་པོའི་སྲིད།།
མི་རྟག་རྒུད་པས་སྡུད་པའི་ངོ་མཚར་ཡོད།།

ཁྱོད་ལ་དད་ཅིང་གུས་པས་མཆོད་པ་ཡི།།
བཟའ་ཚོ་མཐའ་རུ་ཕྱིན་པའི་ངོ་མཚར་ཡོད།།

ཁྱོད་ཀྱི་བཀའ་གསུང་སྒྲུབ་པའི་མི་རིགས་ཚོའི།།
འཁོར་འབངས་འཛམ་གླིང་ཁྱབ་པའི་ངོ་མཚར་ཡོད།།

ཁྱོད་ལ་ཐལ་མོ་མི་སྦྱོར་གླེན་པ་ཚོས།།
རང་སྲིད་རང་གིས་བཅོམས་པའི་ངོ་མཚར་ཡོད།།

རྟེན་ཅིང་འབྲེལ་བར་འབྱུང་བ་འགོག་མེད་ཕྱིར།།
དངོས་ཀུན་བདེན་མེད་སྒྲོག་པའི་ངོ་མཚར་ཡོད།།

གང་གིས་འཆིང་བ་དེ་ཉིད་བཀྲོལ་དགོས་ཕྱིར།།
བདག་ལ་ཨ་སྒྲ་སྦྱར་བའི་ངོ་མཚར་ཡོད།།

ས་འོག་དམྱལ་བའི་འཇིག་རྟེན་ཡོད་རབས་ཀྱིས།།
སྡིག་ཅན་འཇིགས་ལས་སྐྱོབ་པའི་ངོ་མཚར་ཡོད།།

འབངས་རྣམས་རང་གི་བུ་ལྟར་གཅེས་པའི་ཕྱིར།།
ཤཱཀྱའི་རྒྱལ་པོ་བྱས་པའི་ངོ་མཚར་ཡོད།།

ལྷས་སྦྱིན་གྱིས་བསླུས་ཕ་སྲོག་ལ་རྒོལ་ཡང་།།
ཕ་ཡིས་བདེན་པར་མཐོང་བའི་ངོ་མཚར་ཡོད།།

རྒྱུད་རྩ་་སྤྲེལ་སྲིན་ནས་མཆེད་བཙན་པོ་ཚོའི།།
ཚ་རྒྱུད་དབུ་འཕང་མཐོ་བའི་ངོ་མཚར་ཡོད།།

ས་ཡ་དྲུག་གི་བུ་རབས་ཚ་རྒྱུད་ཚོ།།
མི་ཡུལ་ས་མཐར་དར་བའི་ངོ་མཚར་ཡོད།།


ཡང་སྟེང་སྤྲུལ་མིང་པས་སྟོན་པའི་ནག་ཉེས་ཞེས་པའི་རྩོལ་འཆལ་ཞིག་མཐོང་བས་རྐྱེན་བྱས། ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༣ གཟའ་ཉི་མར་ཀུ་རེའི་ཚུལ་དུ་བྲིས་པའོ།།

2024-10-13 ཇུས་གཏོགས།

སྟོན་པའི་ནག་ཉེས། 

སྐྱེ་བ་བཞེངས་ནས་ཞག་བདུན་ལེན་པ་ན།།

མ་ལོའི་སྐུ་སྲོག་བསྐྱལ་བའི་ནག་ཉེས་ཡོད།།

 

ས་ཚོའི་ཆེད་དུ་ཕོ་རྩལ་འགྲན་བྱས་ཏེ།།

བུ་སྤུན་དགྲ་རུ་ལངས་པའི་ནག་ཉེས་ཡོད།།

 

ཉི་ཤུ་རྩ་དགུའི་དགུངས་གྲངས་ལེན་པའི་སྐབས།།

རྒྱལ་སྲིད་རླུང་ལ་བསྐུར་བའི་ནག་ཉེས་ཡོད།།

 

ཆང་ས་བརྒྱབ་ནས་ལོ་ཁ་མ་གང་གོང་།།

བཟའ་ཟླ་གཡུགས་ནས་བྲོས་པའི་ནག་ཉེས་ཡོད།།

 

ཤ་ནས་གཅོད་པའི་རྒྱལ་སྲས་སྒྲ་ཅན་གྱི།།

ཕ་ལོའི་འགན་ཁུར་གཡུགས་པའི་ནག་ཉེས་ཡོད།།

 

ལོ་དྲུག་ནགས་གསེབ་གབ་པའི་དུས་ཡུན་ནང།།

ཕ་ལོ་སྙིང་ནད་ཆགས་པའི་ནག་ཉེས་ཡོད།།

 

ཡབ་སྲས་མཇལ་ནས་ཕྱིར་ལོགས་གནང་བའི་སྐབས།།

ས་འཚོ་གཡང་ལ་གཡུགས་པའི་ནག་ཉེས་ཡོད།།

 

གཉན་ཡོད་གྲོང་ནས་མི་རྗེའི་རྒྱབ་སྐྱོར་འོག།།

སྡེ་དྲུག་ཆུ་ལ་བསྐྱུར་བའི་ནག་ཉེས་ཡོད།།

 

གནས་མཆོག་དྲང་སྲོང་ལྷུང་བའི་ནགས་འདབས་ན།།

རང་རྒྱལ་མེ་ལ་བསྲེགས་པའི་ནག་ཉེས་ཡོད།།

 

ཆོས་ཁྲིའི་བདག་དབང་རྩོད་པའི་རལ་ཁ་ནས།།

ལྷས་སྦྱིན་ས་འོག་སྦས་པའི་ནག་ཉེས་ཡོད།།

 

ལོ་རབས་ཁྲི་ཡི་ལོ་རྒྱུས་ལྡན་པ་ཡི།།

ཤཱཀྱའི་རྒྱལ་རྒྱུད་གཅོད་པའི་ཉེས་པ་ཡོད།།

 

 

གཞན་སྡེ་མཁས་པས་བདག་དོན་དྲིས་པའི་སྐབས།།

ཅི་ཡང་གསུང་རྒྱུ་མེད་པའི་ནག་ཉེས་ཡོད།།

 

ཁྱོད་ལ་དད་པ་བཞག་མཁན་རྒྱལ་པོ་ཚོའི།།

རྒྱལ་སྲིད་འཇའ་ལྟར་ཡལ་བའི་ནག་ཉེས་ཡོད།།

 

ཁྱོད་ལ་མཆོད་འབུལ་ཞུ་མཁན་དད་ལྡན་ཚོའི།།

བཟའ་ཟླ་མི་ཡིས་འཕྲོག་པའི་ནག་ཉེས་ཡོད།།

 

ཁྱོད་ཀྱི་བཀའ་གསུང་སྒྲུབ་པའི་མི་རིགས་ཚོའི།།

མི་རྒྱུད་རྩ་བཞིན་སྐམ་པའི་ནག་ཉེ་ཡོད།།

 

ཁྱོད་ལ་ཐལ་མོ་སྦྱོར་མཁན་གླེུན་པ་ཚོའི།།

རྒྱལ་ཁབ་དགྲ་ལ་ཤོར་བའི་ནག་ཉེས་ཡོད།།

 

རྒྱུ་འབྲས་སྐྱེ་འཇིགས་བདེན་པར་མཐོང་བཞིན་དུ།།

དངོས་ཀུན་བདེན་མེད་སྒྲོགས་པའི་ནག་ཉེས་ཡོད།།

 

འཁོར་འདས་འཆིང་གྲོལ་བདག་ལ་ལྡན་བཞིན་དུ།།

བདག་ལ་ཨཱ་སྒྲ་སྦྱར་བའི་ནག་ཉེས་ཡོད།།

 

ས་འོག་དམྱལ་བའི་འཇིག་རྟེན་ཡོད་རབས་ཀྱིས།།

སྡིག་ཅན་འཇིགས་སྐུལ་བྱས་པའི་ནག་ཉེས་ཡོད།།

 

དམངས་ཀྱི་བདེ་སྡུག་གནས་ལུགས་མི་མཁྱེན་པར།།

ཤཱཀྱའི་རྒྱལ་པོ་བྱས་པའི་ནག་ཉེས་ཡོད།།

 

གཟུགས་ཅན་སྙིང་པོ་སླུ་བྲིད་བྱས་པ་ལས།།

ཚེ་སྲོག་བུ་ལ་ཤོར་བའི་ནག་ཉེས་ཡོད།།

 

དམུ་ཐག་རྒྱུད་ནས་ཕེབས་པའི་བཙན་པོ་ཚོའི། 

ཚ་རྒྱུད་རླུང་ལ་བསྐུར་བའི་ནག་ཉེས་ཡོད།།

 

ས་ཡ་དྲུག་གི་བུ་རབས་ཚ་རྒྱུད་ཚོ།།

ས་མཐར་མྱི་འཁྱམས་བྱས་པའི་ནག་ཉེས་ཡོད།།

 

2024-10-13 ཤེས་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།