Back To Top

རྗེས་དྲན་དང་རེ་འབོད།

དགའ་བ་མཇེ་ཕྲུག་གིས།

བཀླགས་གྲངས། 225

སུ་ཡི་རྨི་ལམ་ཙམ་ལའང་མི་འཁོར་བ།།
ཁྱོད་ཀྱིས་ཧ་ཅང་རྒྱུན་ལྡན་ལྟ་བུར་སྣང་།།
དུ་བ་རྐང་གཅིག་མེ་ལ་སྒྲོན་པ་བཞིན།།
གཅེས་པའི་སྲོག་འདི་སུ་ཡི་ཆེད་དུ་དོར།།

ང་ཚོ་ཧ་ཅང་མུན་པས་བསྒྲིབས་པ་སྟེ།།
ཡུན་རིང་རྙིད་པའི་མེ་ཏོག་ཞིག་དང་འདྲ།།
གློ་བུར་དྲོ་སྐྱིད་ཉི་ཟེར་འཕྲོས་ན་ཡང་།།
ད་དུང་མགོ་བོ་དུད་ནས་གང་དུ་ཆས།།

ས་མཐའ་ཞིག་ནས་ས་མཐའ་ཞིག་ལ་བསྐྱོད།།
འདི་ཡིན་ཞེས་པའི་རང་མལ་བསྟན་རྒྱུ་མེད།།
ད་དུང་སྲང་ལམ་གསེང་གི་སྤྲང་པོ་བཞིན།།
སྐྱིད་སྡུག་མེད་པ་ག་རེའི་ལན་ཆགས་རེད།།

ད་ནི་སུ་ཞིག་འདྲ་ཆགས་ཚུགས་བསྟན་ནས།།
སྐད་ཆ་ཡིན་ལ་མིན་ལ་བཤད་ཚོད་གྱིས།།
སྟོང་གི་ཁྲོད་ནས་མི་གཅིག་ཁེ་རུ་ཡིས།།
གཡོ་འགུལ་ཐེབས་པའི་བརྡ་ཞིག་བཏང་བ་དྲོན།།

གང་གི་ཆེད་དང་ཅི་ཡི་དོན་ཡིན་པ།།
བོད་སྐད་གཙང་མས་གསལ་པོར་བཤད་ན་ཡང་།།
ད་དུང་གཡས་གཡོན་འཁྱོག་པའི་ཟོག་རྒན་འགའ།།
སྔར་བཞིན་དུག་གིས་མྱོས་གཏམ་བཤད་ཚོད་གྱིས།།

རིགས་ཀྱི་ལ་རྒྱ་དབུ་འཕང་མཐོ་བའི་ཆེད།།
གཅེས་པའི་ལུས་ཀྱང་མེ་ལ་སྒྲོན་ཕོད་ན།།
ཁྱོད་དང་ང་ཞེས་རྩོད་གཞི་ར་རིལ་ཙམ།།
དོར་བར་མི་ཕོད་ད་དུང་སུ་ལྷག་སྲིད།།

རང་གི་ལག་པ་རང་གི་བྲང་ལ་སྦྱར།།
སྙིང་གི་འཕར་སྡིང་རང་གིས་ཚོར་བ་གྱིས།།
ཁ་རོག་ཁ་སྟོང་ནང་གི་ཚིག་སྟོང་དག །
བཤད་ན་སྙིང་པོ་ཅི་ཡོད་ཤེས་ཚོད་ཡིན།།

ཉི་མ་སེར་པོ་གནམ་གྱི་རྒྱན་ཆ་རེད།།
སྤྲིན་པ་ནག་པོ་བར་སྣང་ཀ་བ་མིན།།
རླུང་ཁ་འཆུབ་ཏེ་ནམ་མཁའ་གཡོ་ཙམ་གྱིས།།
མུན་པའི་ཕག་གྱི་ཉི་མ་ང་ཚོར་དབང་།།

ད་ནི་ཁ་རོག་སྣང་བ་འཕྲུལ་ཞིང་དུ།།
སྲང་ལམ་ཁྱི་ལྡོམ་དཔོན་གྱི་གོ་ས་ཙམ།།
རྩོད་རེས་དོན་གྱི་སྙིང་པོ་ཨེ་ཡོད་ལ།།
འདང་ཆེན་ཐེངས་གཅིག་རྒྱག་པའི་དུས་ལ་བབས།།

རི་ཡི་རྒྱབ་ལ་རི་བོ་སྟོང་ཞིག་ཡོད།།
རི་གཅིག་མགོ་ལ་ཐེངས་ཤིག་མ་རྩེབས་ན།།
རི་བོ་མང་པོའི་གཟི་བརྗིད་མི་མཐོང་བས།།
ཁུག་ཀྱོག་ཝ་མོ་གཞའ་གཞའ་བྱེད་ཚོད་ཅི།།

ལག་པ་དྲོན་མོ་སྙིང་ཁའི་དཀྱིལ་ལ་བཞག །
མེ་ལོང་ནང་ལ་རང་གི་ངོ་ལ་ཅེར།།
ཧ་ཅང་ཐལ་ཆ་ཆེ་བའི་སྤྱོད་པ་ལ།།
རང་གིས་རང་ལའང་སྙིང་རྗེ་སྐྱེ་ཚོད་ཡིན།།

སྔོན་ཆད་ལས་ཀྱི་སྒྲིབ་པ་དག་པའི་ཆེད།།
ལུས་རྙིང་སེམས་གསར་ཆོད་སེམས་བརྟན་པོ་ཡིས།།
ཆེན་པོ་ལུས་སྲོག་ཕུལ་བ་མ་ཕུད་ཀྱང་།།
ཆུང་ས་ནང་དམེ་མི་སྒོའི་དམ་བཅའ་དགོས།།

དགུན་གྱི་མེ་སྤུང་ཀུན་གྱི་དྲོ་སྐྱིད་རེད།།
ཐམས་ཅད་མེ་ལ་བརྟེན་ནས་ཉེ་བར་འཁོར།།
ཁྱོད་ཀྱི་ལུས་པོ་མེ་ལ་སྒྲོན་པ་ཡིས།།
དབྱར་གཞུང་འདི་ལའང་ང་ཚོ་རུག་རུག་བྱས།།

ང་ཚོ་ཐེངས་གཅིག་ཐབ་ཁ་གཅིག་ལ་འདུས།།
ཕོར་བ་གཅིག་ལ་ཇ་ཡང་མཉམ་དུ་འཐུང་།།
སང་ནང་སྟོན་གྱི་ལྷག་རླུང་གྲང་མོའི་ཁྲོད།།
ཐབ་ཁ་གཅིན་སྐྱག་གཏང་ས་བྱེད་མི་ཉན།།

སྐབས་རེ་དགའ་ལ་སྐབས་རེ་སྡུག་དུས་ཡོད།།
སྐབས་རེ་མཐོ་ལ་སྐབས་རེ་དམའ་དུས་ཡོད།།
ཇི་ཙམ་ཕྱི་ཡི་རྐྱེན་གྱིས་གཙེས་ན་ཡང་།།
སྤུན་ཟླའི་འདུ་ཤེས་ལྟེ་བའི་ལྟེ་བ་ཡིན།།

ནང་ལ་བཀྲ་ཤིས་ཁ་དགེ་མ་འབྱུང་ན།།
ཕྱི་ཡི་དོན་ཆེན་འགྲུབ་པའི་དཔེ་མེད་བཞིན།།
མ་བསམ་ས་ནས་བསམ་པའི་དུས་ཚེས་པས།།
ད་ནས་ལག་གདང་སྒྲིལ་དགོས་སྤུན་ཟླ་ཚོ།།

བགྲེས་པོ་ཚོ་ཡིས་ཁ་ལ་བདག་པོ་རྒྱོབས།།
གཞོན་པ་དག་གིས་སེམས་ལ་བདག་པོ་རྒྱོབས།།
དམར་དམར་བཟོ་མཁན་དམར་པོ་ལྕེ་དེ་རེད།།
ནག་ནག་བཟོ་མཁན་གནག་པོའི་སེམས་དེ་རེད།།

མ་གཞི་མི་ཞེས་ཅི་འདྲ་ལས་ངན་པོ།།
འདི་དང་དེ་ཤེས་གསལ་པོར་མཐོང་ན་ཡང་།།
ཁ་དང་ཁོག་པ་མི་མཚུངས་ལས་བྱས་པར།།
ཐེ་ཚོམ་མེད་པར་མུན་དུང་ནང་ལ་མཆོང་།།

སང་ཉིན་གནམ་གྱི་ཉི་མ་སེར་པོ་རེད།།
མགོ་བོ་དགྱེ་ནས་ང་ཚོ་མཉམ་དུ་འགྲོ །
མུ་མེད་སྤང་གྱི་མེ་ཏོག་མཉམ་དུ་འཐུ།།
དེ་དུས་སྒོར་གཞས་འཁྲབ་ན་སེམས་སྐྱིད་རེད།།


དགའ་བ་མཇེ་ཕྲུག 2026/8/20 ཉིན།
གྲོགས་གཅེས་ཨ་ཉོག་(རྡོ་རྗེ་ཕུན་ཚོགས་) གིས་དཔའ་བོ་ཁོང་གི་རྗེས་དྲན་སྙན་རྩོམ་རིང་མོ་དེ་བཀླགས་རྗེས། རང་གི་སེམས་གཏམ་འགའ་ཤར་མར་ཕབ་པ་ཙམ་མོ།།

2026-09-04 རྡོ་གོར་མོ།
2026-08-20 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།