སྙན་ངག་པ་ལུགས་ལྡོག་གིས་བརྩམས།
བཀླགས་གྲངས། 261
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
དོ་ནུབ་ཀྱི་རྨི་ལམ
སང་ཉིན་བཤད་པའི་འཁྲུལ་སྣང་ནི
སྟོང་བསམ་གྱི་སྨིག་རྒྱུའོ
༢༠༢༦-༨-༥
རྣམ་པ་ཚོ་ཕེབས་ཤོག་དང་། དམའ་ས་ནས་ཡར་རྒྱས་བཏང་སྟེ་མཐོ་སར་འཛེག
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
མི་ལ་རས་པ་ནི
གནའ་མྱི་སྨུག་པོ་བློ་དཀར་ཞིག
ཀུན་ཀྱིས་ཡིད་སྨོན་བྱེད
གོམ་པ་དམའ་ས་ནས་སྤོས་ན། མཐོ་སར་འབྱོར་ཐུབ་པ་ནི་རྒྱུ་འབྲས་དཔང་དུ་བཙུགས། ཐེ་ཚོམ་གྱི་ངང་དུ་ལུས་པ་ལས་གོམ་པ་སྤོས་ན་བདེན་པ་རྟོགས། ༢༠༢༦-༨-༧
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
རྡོ་ཁང་རྙིང་བ་དེར
གདོད་མའི་ཨ་མ་རྒན་མོ་དེས
དར་ལྕོག་ལ་ཅེར་འདུག
ཡི་གེ་འབྲི་འདོད་ཀྱང་འབྲི་མི་ཤེས་པ་ཚོ་འདིར་ཤོག་དང་། དམའ་ས་ནས་མཐོ་སར་འཛེག་པའི་གོམ་པ་སྤོ། ༢༠༢༦-༨-༦
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཁྲོས་མ་ནག་མོ་ཉིད
འབྲེལ་འདྲིས་ཟབ་ཅིང་ཟབ་པ་སྟེ
བསྙེན་པ་ནས་བསྙེན་པའོ
དམའ་ས་ནས་མཐོ་སར། མུ་ནས་སྟེགས་སུ་སྟེ། དཀའ་བ་ནས་སླ་བའམ་སླ་བ་ནས་དཀའ་མོའི་གནད་སེལ་བ་ནི། གོམ་སྟབས་དང་པོ་ནས་མཐའ་མེད་དུ་བསྐྱོད་པའོ།། ༢༠༢༦-༨-༨
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཞིབ་འཇུག་གི་གྲུབ་དོན
ཧི་མཱ་ལ་ཡ་བའི་གྲོད་ཁོག
མེ་དྲོད་ཚད་ལས་བརྒལ
ལོ་འགའི་སྔོན་དུ་(ཧི་མཱ་ལ་ཡ་བའི་གྲོད་ཁོག་)ཅེས་དཔྱད་རྩོམ་གྱི་ཁ་བྱང་བཏགས། ད་ལྟར་གྲུབ་དོན་དེ་གནད་གཉིས་སུ་བསྡུས་ཡོད། གཅིག་ནི་འབྲས་ཀྱི་འཚོ་བ་ལ་བཅུད་མེད་པ་དང་། ཅིག་ཤོས་ནི་ཕོ་བའི་མེ་དྲོད་ཚལ་ལས་བརྒལ་ཏེ་གྲོད་ཁོག་རྒྱགས་དཀའ་བ་གཉིས་དོ་མི་མཉམ་པའི་གནས་ལུགས་རྟོགས་སོ།།
༢༠༢༦-༨-༨
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
མཁའ་འགྲོའི་དུས་ཆེན་དུ
སེམས་ཀྱི་བུང་བ་འཕུར་ལྡིང་གིས
མེ་ཏོག་ལ་འོ་བྱེད
སྒྱུ་རྩལ་གྱི་རྒྱ་མཚོའི་གར་ལ་རྩེན་པའི་ཟང་ཐལ་བ་ཞིག་ཏུ་འགྱུར་རྒྱུར། མི་ཁ་དང་སྤྱི་ཚོགས་ཀྱི་ར་བ་དོག་པོ་ལས་བརྒལ་བའི་བློ་གཤོག་དགོས། ལ་ལས་སྨྱོན་པ་དང་ཁྲེལ་མེད་ཅེས་འབོད་དུས་ལན་དུ་གུས་བཀུར་བྱའོ།།
༢༠༢༦-༨-༨
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
གསང་སྔགས་ཀྱི་ཧོན་གཏམ
རྩོམ་རིག་སྒྱུ་རྩལ་གྱི་ཟང་ཐལ
བརྩེ་དུང་གི་བཟི་ཆང
ཡང་ན།
གསང་སྔགས་ཀྱི་ཞོགས་ཟས
སྒྱུ་རྩལ་མྱོང་རོལ་གྱི་གུང་ཟས
བརྩེ་དུང་གི་ནུབ་ཟས
ཉིན་རེའི་བྱེད་སྒོ་དང་དུས་ཚོད་ལོངས་སུ་སྤྱོད་པའི་རེའུ་མིག འཚོ་བ་རོལ་སྟངས་འདིས་བདག་གི་ཉེ་བར་བཅར་བའམ། སེམས་ཤ་གླན་མཁན་ཚོ་ལ་ཤེས་བྱའི་བཅུད་འཇམ་པོ་རེ་སྦྱིན་ནུས་སོ།།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ལག་ཁྱེར་ཟེར་བ་སྟེ
ཤོག་ལྷེ་ཨང་ཀི་ཉུང་ཤས་ཅན
དུས་ཚོད་ཀྱི་གཤེད་མ
—མིང་སྐམ་དོན་སྟོང་གིས་དུས་ཚོད་ཆུད་ཟོས་སུ་བཏང་ནས་ལག་ཁྱེར་སྒུག་མཁན་ཚོས། ཚེ་སྲོག་ཏུ་གྱུར་པའི་དུས་ཚོད་ཤོག་ལྷེ་ཨང་ཀི་ཅན་ཞིག་ལ་བརྗེས་ཏེ། མགོ་བོ་མཐོ་མཐོ་བྱས་ཀྱང་གྲོད་ཁོག་གི་ཡོན་ཏན་ནི་བྱེའུའི་གཅིན་པ་ཙམ་རེད་ཡ།
ཧི་མཱ་ལ་ཡའི་ཧའེ་ཁུ(Haiku)
ཕར་ཕར་བཅར་ན་འབྲོས
བསྐྱུར་བཞག་ན་ཚུར་ཚུར་ཡོང་བའི
ཁྱི་ལྡོམ་གྱི་གཤིས་ཀ
འགྲེལ—ངོ་ཤེས་ནས་ཉེ་བར་བཅར་ན་དོགས་པ་དང་རྣམ་རྟོག་གིས་བཟུར། འོ་ན། བར་ཐག་རིང་དུ་གཏོང་ངོ་སྙམ་སྟེ་བསྐྱུར་བཞག་ན། ཚུར་ཚུར་བཅར་ཡོང་བ་ནི།
ཁྱི་ལྡོམ་ལ་རྡོ་དང་དབྱུག་པས་བརྡེག་བཙོག་བྱེད་པ་དང་མཚུངས།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
གཟིམ་འཇམ་ཞེས་བསྐུར་ཏེ
བདག་སེམས་ཡོངས་སུ་བརླན་པ་ནི
ཇོ་མོའི་བརྩེ་བ་ཡིན
མོ་རང་ངའི་ཉེ་བར་བཅར་འདོད་ཀྱང་བདག་གི་སྤྱོད་པར་འཛེམ་གི་ཡོད་ཚོད་རེད། ཅི་ཁག འཇིག་རྟེན་འདིར་མི་ཁ་རྒོད་པ་དང་མོ་རང་གཉོམ་དུ་བཅུག འོན་ཀྱང་། ད་ངས་མོ་ལ་ཅང་བཤད་མ་མེད་སྙམ།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
དམའ་ས་ནས་དམའ་སར
ཁ་ལ་ཡུག་འཕུར་བར་བལྟས་ན
གནམ་གཤིས་མི་བཟང་སྙམ
འདི་ནི་རྒྱ་ནག་གི་མི་རབས་སྔོན་མ་ཚོའི་དཔྱོད་སྟངས་ཤིག་ཡིན་སྲིད། ཁ་ལ་ཡུག་མཐོ་སར་འཕུར་ཐུབ་ན་་་་་་་་
ཀླུ་སྒྲུབ་ཀྱིས་ལོ་སྔོན་མར་ནོར་་གླིང་དུ་སྐད་ཆ་དེ་འདྲ་ཞིག་བཤད། ངས་དེ་རིང་གནམ་གཤིས་དང་བྱ་བྱེའུ་འཕུར་སྟངས་ལ་ལྟ་ཞོར་དུ་གཞན་ཚིག་ཡིད་ངོར་ཡོད་པ་དེ་བཀོལ་བ་ཡིན།
༢༠༢༦-༨-༩
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ལུགས་ལྡོག་གིས་བཤད་ན
བདག་གི་ཡིག་ཉོག་ཤོག་ཐོག་ཏུ
དཔར་དབང་མེད་དོ་ཟེར
ཁྱབ་བསྒྲགས་ཡང་བསྒྲགས་བྱེད་པར་ངོ་ཚ་མོད་ཀྱང་། ང་ནི་ང་རང་གི་ཡིག་ཚོགས་དེབ་གཟུགས་ཤོག་བུ་ཅན་དུ་དཔར་རྒྱུ་ལ་དགའ་མོས་གཏན་ནས་མེད་པས། སུས་ཀྱང་བདག་གི་ཡིག་ཉོག་ཤོག་ཐོག་ཏུ་དགོད་མི་ཆོག རིན་ཐང་མེད་ལ་དགོས་པའང་མ་མཐོང་། རྩོམ་པ་པོ་སོགས་ཀྱི་མིང་ནི་དེ་བས་ཀྱང་མི་དགོས། ༢༠༢༦-༨-༡༠
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཆོས་སྐྱོང་སྲུང་མ་ཚོས
ཆོས་བརྒྱད་བྱེད་པོར་གྲོགས་མཛད་ན
ང་ལའང་སྡོང་གྲོགས་མཛོད
ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཆོས་བརྒྱད་ཀྱི་གླུ་དབྱངས་ལེན་མཁན་ཚོ་ལ་གྲོགས་མཛད་མི་སྲིད་སྙམ། གལ་ཏེ། ཆོས་བརྒྱད་པའམ་ཆོས་ལུགས་ཀྱི་འབག་མགོ་གྱོན་པ་ཚོར་གྲོགས་མཛད་པ་ཡིན་ན། ཉམ་ཆུང་ཕལ་བ་ང་དང་ང་འདྲ་དག་ལ་སྡོང་གྲོགས་མཛོད་ཅེས་འཕྲིན་བཅོལ་བྱེད་ཀྱིན་ཡོད། ༢༠༢༦-༨-༡༠
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
བགྲོ་གླེང་ཡག་ཤོས་ནི
རང་སེམས་སུ་བགྲོ་དགོས་པ་ལས
ཚོགས་འདུ་མ་ཡིན་ནོ
བགྲོ་གླེང་དུ་འགྲོ་ཟེར་ནས་རྩོམ་ཤོག་འདྲ་བཤུས་ལྟ་བུ་རེ་ཁྱེར་བ་དང་། དགུན་ཆོས་སོགས་ལ་འཛུལ་ཞུགས་སམ་ཆ་ཤས་ཅི་ཙམ་བླངས་ནའང་། ངོ་ཤེས་པ་མང་ཐབས་ཙམ་ལས་གསེར་སྦྱང་ཏིལ་རྡུང་གི་སེམས་ཁམས་གྲུབ་པ་ཉུང་། དེ་བས་འོ་ཇ་ཕོར་གང་འཐུང་ཞོར་དུ་རང་སེམས་སུ་བགྲོ་གླེང་བྱས་ན། གོ་སྐབས་བརྒྱ་ཕྲག་བླངས་པ་ལས་གནད་དང་གཤིས་སུ་འཇུག་པའི་ཕན་ཐོགས་ཆེ་སྙམ་མོ།། ༢༠༢༦-༨-༡༡
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
མི་དེའི་འབྱུང་ཁུངས་བཙལ
ཆོལ་ཁ་ལུང་ཚན་གཅིག་ཡིན་ན
གཞི་ནས་རྒྱབ་སྐྱོར་བྱ
གནས་ལུགས་སྨྲ་འདོད་ན
ཕ་ཡུལ་གཅིག་པའམ་གྲོགས་འབྲེལ་དེ
ཟུར་དུ་འཇོག་ཐུབ་དགོས
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
བོད་ཁྱིམ་གྱི་དགེ་རྒན
༧སྐུ་མདུན་གལ་ཆེན་སྨྲ་བ་དེས
བོད་ཡིག་ཐར་ཐོར་བྲིས
༧སྐུ་མདུན་གྱིས་བོད་སྐད་ཡིག་གལ་ཆེན་དུ་དགོངས་པ་དེ་འགྲེལ་བཤད་བྱ་དགོས་དོན་ཅི་ཡོད། འོན་ཀྱང་། གང་གི་དགོངས་ཚུལ་ཞེས་འཆད་མཁན་དེས་དབྱིན་ཡིག་མ་གཏོགས་བོད་ཡིག་རང་ངོས་ནས་བྲིས་པ་ཤིན་ཏུ་དཀོན་ཚོད་ཡིན། དོ་ཞག་ཚིག་འགའ་རེ་འབྲི་གི་ཡོད་པ་གོ་ཐོས་བྱུང་བས་དགའ་སྤྲོ་ཆེན་པོ་བྱུང་། དགོངས་དོན་དངོས་དེ་རྟོགས་ཤིང་ད་ནི་ལག་ལེན་དངོས་ལ་འཇུག་པ་ཡིན་པའི་སྨོན་ལམ་ཁྲི་བཅུ་འབུམ་ཙམ་ཡོད་དོ།།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཤར་ནུབ་ཀྱི་སྤྲ་ཆེན
ཁྱེད་ཀྱིས་ངའི་སྐོར་དྲིས་པ་དེ
ཀླད་ཀོར་བརྒྱུད་ནས་ཤེས
༢༠༢༦-༨-༡༢ ༣:༣༠ སྟེང་གོ་ཐོས་བྱུང་བས་སྤྲོ་བ་འཕེལ།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཨ་གསར་མ་ཡིན་ན
གསེར་དེ་གསེར་ལས་ལྷག་པ་འདྲ
ཚོར་སྣང་ཆེན་པོ་བྱུང
ཨ་གསར་ཡིན་མིན་ཕྱོགས་གཉིས་ཀ་ལ་རག་ལས། གཙོ་བོ་ང་རང་གིས་རྒྱུན་སྐྱོང་བྱེད་ཐུབ་མིན་ནི་གནད་འགག་ཡིན་པས། ངས་ང་རང་ཉིད་གཅུན་ཐུབ་དགོས་པ་ལས་གཞན་ལ་ཁག་དཀྲིས་ན་མི་འགྲིག གཞི་ཚུགས་པའི་ཉིན་མོ་སྟེ། ཆེ་ཚུགས་དང་སྒམ་མདོག་མ་བྱས་པར་ཤ་ཚ་ཚ་བྱས་ནས་བསླབས་སོང་། འོར་ཆེ། ༢༠༢༦-༨-༡༡ ༡༥:༠༠
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ལྷུ་ཚིགས་འཐོར་ལ་ཁད
ཚིག་རྒྱག་གིས་རྨས་ཕོག་བཅུག་ན
བོགས་འདོན་ཆེན་པོ་འབྱུང
གནག་སེམས་ཆེན་པོས་ཕ་རོལ་པོ་ནག་གསུབ་གཏོང་འདོད་མི་བྱེད་པར། ཀུན་སློང་བཟང་པོས་བསྒྱུར་བཅོས་གཏོང་བར་འབད་པར་བྱ་འོས། ང་རང་ཚིག་རྒྱག་ལ་དགའ་ཞིང་ཚུར་ལའང་ཚིག་རྒྱག་གིས་སྙིང་གཟིར་ཏེ་དུས་ཡུན་རིང་པོར་འདང་རྒྱག་ཏུ་ལྷུང་བཅུག་ན། ཡར་རྒྱས་དང་བོགས་འདོན་ཆེན་པོ་བྱུང་བ་མ་གཏོགས། བཟང་རབས་ལེགས་ཚུལ་གྱིས་ཕན་ཐོགས་ཆེན་པོ་བྱུང་བ་མི་དྲན་ནོ།། ༢༠༢༦-༨-༡༢
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཞེ་སའི་ཕན་གནོད་དག
ཆ་མེད་དགའ་རུ་འཇུག་སྲིད་ཀྱང
རྒྱུས་ཡོད་དང་འབྲལ་ལོ
ཞེ་ས་གལ་ཆེན་ལོས་ཡིན་ཏེ། ཆ་མེད་ཅིག་དང་འཕྲད་དུས་དགའ་བ་སྟེར་བའི་སྣེ་ལེན་པ་དང་། རང་དང་རྒྱུས་ཡོད་ཅིག་ལ་ཞེ་ས་རྒྱག་གིན་རྒྱག་གིན་བར་ཐག་རིང་དུ་གཏོང་བ་སྟེ་འབྲལ་དུ་འཇུག་པའི་ཕྲ་མེན་མའོ།།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
བོད་རིག་པའི་ཚོགས་འདུ
ལྟ་སྐོར་གྱི་དམིགས་འདུན་མ་བྱུང
ལེགས་སོ་ལེགས་སོ་སྨྲ
བལ་ཡུལ་དུ་བོད་རིག་པ་ཚོགས་མ་བཅུག་པ་དེ་འགྲིག་འདུག་བསམ། ཚོགས་གཙོ་དང་ཚོགས་མི་ཚོའི་གྲས་སུ་ལྷག་བསམ་རྣམ་པར་དག་པ་ཅན་ནི་ཤིན་ཏུ་དཀོན་སྙམ། ད་ཐེངས་གཅིག་པུས་བོད་རིག་པ་དུས་གཏན་དུ་འགོག་པ་ནི་མ་རེད་འདོད། ལྟ་སྐོར་ཡུལ་སྐོར་དང་འཁྱམ་སྐྱོད། མི་སྒེར་གྱི་ཆེ་མཐོང་དང་ཁེ་ཕན་གྱི་ཀུན་སློང་མ་དག་པའི་རྣམ་པར་སྨིན་པའང་ཡིན་སྲིད་དོ།།
དཔེས་དཔེ་ཅན་མཚོན་པ།
རྒྱལ་བ་ཤཱཀ་ཐུབ་ཀྱིས
གསུང་འབྱོན་ཏེ་མ་ཤོད་པའི་མཐར
ལྗགས་ཀྱང་རྡུགས་འདུག་ག
བྲམ་ཟེ་ཆེན་པོ་ཡང
འུ་ཐུག་ནས་དཔེ་རེ་བཞག་སྟེ
བརྡ་སྤྲད་པ་མིན་ནམ
ཏཱ་ར་ནཱ་ཐས་ཀྱང
ནམ་མཁའ་ལས་བྱུང་བ་ཐམས་ཅད
ནམ་མཁར་ཐིམ་ཞེས་སོ
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
བཅོས་འཛུམ་དང་ལག་འཇུ
རྒྱབ་ལོགས་སུ་ལོགས་ཀ་ཞིག་བཤད
ཝ་མོས་རྒུན་འབྲུམ་འཐོག
ཚིག་རྐང་དང་པོ་གཉིས་པ་གོ་སླ། གསུམ་པའི་དོན་ནི་ཝ་མོས་རྒུན་འབྲུམ་ཟ་འདོད་ཀྱང་ལག་ཏུ་མ་ཡོང་སྟེ། རང་ནོངས་ཁས་ལེན་མ་ཐུབ་པས་ཁ་གཡར་ས་བཙལ་ནས། རྒུན་འབྲུམ་སྐྱུར་མོ་རེད་ཟེར་བའི་དཔེའོ།།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
རྒྱ་མཚོ་ནས་མཆེད་པའི
རྦ་རླབས་སླར་ཡང་རྒྱ་མཚོར་འཇགས
ང་ཁུ་སིམ་མེར་ལུས
༢༠༢༦-༨-༡༤
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
རྩོམ་འབྲི་འདོད་ཡོད་ན
ཁ་ཉུང་བ་དང་ཁེར་རྐྱང་གཙོ
སྨྱུ་གུར་ཡིད་ཆེས་བྱོས
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ལྕུག་ཕྲན་དུ་བྱེའུ་འབབ
གདེང་ཚོད་ཆེ་བ་དེའི་དབང་གིས
མཆིལ་མ་སྒོག་སེ་མིད
ཧི་མཱ་ལ་ཡའི་ཧའེ་ཁུ།(HaikU)
སྐད་ཆ་དྲང་མོ་ཡིན
ཁ་རུ་ཁ་ཐུག་ཏུ་བཤད་ཡོད
ཁྱབ་པ་མ་བྱུང་ངོ
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཧྥ་ཇག་གི་བགྲེས་པོ
ཁ་ཤེད་ཀྱིས་འདྲུད་འགྲོ་བ་དེ
རྒས་ནས་ཉལ་སར་ལྷུང
མུ་འགོད།
ཁྱོད་ཀྱི་ཧའེ་ཁུ་དེས
ང་དགོད་དུ་བཅུག་པ་མ་ཟད
ལྕི་བ་ཏོག་ཙམ་ཤོར
མུ་འགོད།
ཚིག་གི་སྐ་རགས་ཆད
དོན་གྱི་ཁུ་བ་ལྟེ་ཐོག་ཏུ
སྐྱ་ཆལ་ལེར་ཤོར་འདུག
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
རབ་བེ་རིབ་བེ་ཞིག
རྒྱང་མིག་འཆད་ཁ་དེར་བྲིས་ནས
ནངས་མོར་བཀླག་རྒྱུ་བྱས
༢༠༢༦-༨-༡༤
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ལྐོག་ཏུ་སྒོག་པ་ཟོས
དྲི་མ་དེ་ཚང་མས་ཤེས་ནས
བློ་བདེ་ཐབས་མེད་ཀི
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ལ་ལ་ཞིག་གི་ཁ
བཏུང་བཟའ་དང་གཏམ་ཉོག་ཙམ་སྟེ
ས་ཡི་བུ་ག་འདྲ
ཧི་མཱ་ལ་ཡའི་ཧའེ་ཁུ་།(Haiku)
ཁ་ཡག་གིས་བསད་པའི་།
ཚེ་འདས་ངས་འཕག་འཚག་རྒྱག་སྟེ་།
དམྱལ་བའང་དཀྲུག་སྲིད་དོ་།
༢༠༢༦-༨-༡༤
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
པུས་བྲང་སྦྱར་ཏེ་ཉལ
ཕྱེན་དྲི་རྨི་ལམ་དུ་འཐིམ་དུས
འོད་གསལ་མ་བུ་འདྲེས
༢༠༢༦-༨-༡༥
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
རླུང་ནག་གི་ཐག་པས
རི་བོ་བཀྱིགས་ཏེ་དཔུང་བ་གསིག
འདི་ངའི་ང་རྒྱལ་ཡིན
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
མདང་ནུབ་རྨི་ལམ་དུ
རི་བོང་ཞིག་གིས་གཏམ་གླེང་བྱས
ཁ་ཤོ་ཞིག་མ་རེད
༢༠༢༦-༨-༡༦
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
སྔོན་ཆད་ཆོས་ལུགས་ཀྱིས
རྩོམ་རིག་ཉལ་གླེབ་བྱས་ཏེ་བསད
ད་ནི་ཆོས་ལུགས་སྤྱད
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
གན་རྐྱལ་དུ་ཉལ་ཏེ
གཅིན་པ་རང་སྟེང་དུ་བཏང་ནས
གཞན་ལ་མཛུབ་མོ་བཙུགས
ཧི་མཱ་ལ་ཡའི་ཧའེ།(Haiku)
གྲྭ་ལོག་ངོ་སྡུག་ང་།
ཧི་མཱ་ལ་ཡའི་སྣོད་ཀྱིས་བཟི།
བཅུད་ལ་སེམས་པ་ཆགས།
༢༠༢༦-༨-༡༦
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཇོ་མོ་བརྒྱད་རྩ་བརྒྱད།
ལུགས་ལྡོག་གིས་དོ་ཤལ་བྱས་ནས།
གཡུ་ལོ་བཀོད་པར་འགྲོའོ།།
༢༠༢༦-༨-༡༦
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
མགོ་གཞང་གཉིས་མཐུད་དེ
ཁྱི་རྒན་ནག་པོ་ལམ་ཁར་ཉལ
རྡོག་ཐོས་རྨི་ལམ་དཀྲོགས
༢༠༢༦-༨-༡༦
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཁྱོད་ཀྱི་འཚོ་བ་རུ
སྙན་ངག་གི་སྐྲ་ལོ་མེད་ཀྱང
ཀ་ཁའི་རལ་པ་ཐོགས
༢༠༢༦-༨-༡༧
རང་གིས་རང་ལ་བཤད།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཉི་ཟླའི་ཕང་བ་ནས
མཚམས་སྤྲིན་གྱི་མཛེས་པ་ལྡང་སྟེ
མགོ་བོ་དགྱེ་ཤོག་ཟེར
༢༠༢༦-༨-༡༧
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
རེ་བའི་མིག་ཟུང་དུ།
མིག་ཆུའི་རྒྱ་མཚོའི་རྦ་རླབས་འཁྱིལ།
སྟོང་དང་བདག་མེད་པའོ།།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཧི་མཱ་ལ་ཡ་བ།
ཡར་ལ་ལོངས་དང་མཉམ་དུ་འགྲོ།
འུ་ཅག་མཉམ་དུ་འགྲོ།
གནས་ཤིག་ཏུ་འབྱོར་ངེས།
མ་འོངས་པའི་རྒྱལ་ཁམས་ཆེན་མོ།
འུ་ཅག་གིས་བསྐྲུན་ཆོག
འཇིག་རྟེན་ཇི་སྙེད་འདིར།
མི་འགྲུབ་པའི་དོན་དག་ཅིག་མེད།
ཡར་ལ་ལོངས་དང་འགྲོའོ།།
༢༠༢༦-༨-༡༧
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཐོག་མཐའ་བར་གསུམ་དུ
ང་རང་སྡེ་མཐའ་ནས་འཛུམ་དུས
སྐྱོ་ངལ་དབྱིངས་སུ་ཐིམ
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
གནམ་གྱིས་གཅིན་པ་བཏང་།
ངའི་འོག་ནས་ཆར་པ་བབས་ཏེ།
གཙང་པོ་བྲུག་ཅིང་སྨྱོ།
༢༠༢༦-༨-༡༨
མཧཱ་བྷོ་ཊའམ་ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
སེམས་ན་ཁྲིགས་སེ་ཡོད།
འུ་ཐུག་གིས་འཕག་འཚག་བརྒྱབས་ན།
ཞི་མིས་ཀ་བ་རྫོགས།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཤེད་བུའི་བཞིན་རས་ནི།
རྡོ་རྗེའི་སྐྱིལ་ཀྲུང་གི་འཛུམ་བག
འཆི་བ་རུ་ཕྱོགས་པའོ།།
༢༠༢༦-༨-༡༩
མཧཱ་བྷོ་ཊའམ་ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
སེམས་ན་ཁྲིགས་སེ་ཡོད།
འཕག་འཚག་རྒྱག་ཉིན་ཞིག་ཡོད་དེ།
བྱི་པས་ཀ་བ་རྫོགས།
ཧི་མཱ་ལ་ཡའི་ཧའེ་ཁུ།
ཐོག་མར་ངུས་ཡོད་ཀྱང་།
ཚེ་གང་འཛུམ་དམུལ་དམུལ་བྱེད་མཁན།
སྙིང་གི་ཕྱེད་ཀར་འབོད།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
བེམ་པོའི་ཆུང་མ་འདི།
རྣམ་ཤེས་ཀྱི་ཁྱོ་ག་བྲལ་ན།
ཡུགས་མོ་ཁ་ནག་མའོ།།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཆར་སྡོད་བྱེའུ་དེ་ཚོས།
སྐོམ་གདུང་སེལ་ཙམ་དུ་དམིགས་ཏེ།
ཆུ་མི་འཐུང་བ་བདེན།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
མཁུར་ཚོས་ཀྱི་སྨེ་བར།
ཆགས་སྲེད་ཀྱིས་ཡེ་མ་གོས་པའི།
འོ་འཇམ་པོ་ཞིག་བྱས།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
གནའ་སྔ་མོ་སྔ་མོའི།
གཞུང་ལུགས་ཀྱི་ལྕགས་ཐག་དྲུད་དེ།
ཁོ་རང་ཚེ་ལས་འདས།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
མེ་ལོང་ཆག་རོ་དེར།
བདག་གི་ཁ་ཡང་ཤོ་འདུག་པས།
བྱ་ཐབས་ཡོངས་སུ་ཟད།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཚ་བོས་འདི་ལྟར་འདྲི།
ཨ་ཞང་། ཁྱོད་ཆོས་ལ་དད་དམ།
སྐད་གཟེངས་ཧ་ཅང་མཐོ།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
སླར་ཡང་འཚོ་བ་འདི།
འཛད་མེད་ཀྱི་ལྗོན་པའི་ཚུལ་དུ།
རིས་མེད་དུ་སྙོམས་པའོ།།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
བསྐྱེད་རྫོགས་ཀྱི་ཆོ་ག
ཁྱི་ཤ་རྒྱ་མ་གང་བཙོས་ནས།
སྤྲིན་ཚོགས་དབྱིངས་སུ་ཡལ།
ཧི་མཱ་ལ་ཡའི་ཧའེ་(Haiku)
རྨི་ལམ་གྱི་ངོགས་སུ།
རྨ་ཆུ་བཞོན་ནས་རྒྱང་སྐྱོད་ཀྱིས།
ཧྥེ་གླིང་དུ་འབྱོར་ཐལ།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཆར་ཤུལ་གྱི་འཇའ་ཚོན།
ཉེ་བར་བཅར་ན་འདྲོགས་འགྲོ་ཞིང་།
བསྐྱུར་ན་ཚུར་ཉེ་བའོ།།
༢༠༢༦-༨-༢༢
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
དབུ་མེད་དང་བུད་མེད།
སྙན་ངག་དང་ཡོངས་སུ་འགལ་བའི།
མོག་ཚགས་རླངས་པ་ཅན།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
མཆོད་རྟེན་དཀར་པོའི་མགོ
ཐེ་ཚོམ་མེད་པར་བཅད་ཚར་འདུག
འཆམ་མཐུན་ཇི་ལྟར་བྱ།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཁ་སྟབས་སྐྱོ་ན་སྐྱོ།
ཆོས་བརྒྱུད་ཆོས་བརྒྱད་མ་བྱས་ན།
གེགས་དང་གོལ་ས་ཟད།
༢༠༢༦-༨-༢༢
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ལྟ་བའི་གདེང་མཐོ་སླ།
སྤྱོད་པའང་འཆོས་སླ་བ་ཞིག་ཡིན།
སྒོམ་པ་ནི་གྱོང་བོའོ།།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
འཇའ་ཚོན་ཤར་ཤུལ་དུ།
པུས་མོ་པུས་མོར་བཀལ་ཏེ་བསྡད།
སྣང་བའང་དག་སོང་སྐད།
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
གོ་རྒྱུ་མེད་པ་འདི།
གཏིང་དཔའ་དཀའ་བའི་རྒྱ་མཚོ་འདྲ།
སྒམ་ཞིང་བརླིང་བ་ཞིག
མུ་འགོད།
ཁོག་རྩིས་ཤིག་བརྒྱབས་ཏེ།
ཇོ་མོ་གླང་མའང་ས་ས་མལ།
རྡོ་རྡོ་མལ་དུ་བསྐྱལ། མུ་འགོད།
ངག་གིས་མི་འཁྱོང་བ།
དཔེ་ཡིས་མི་ཁུག་པའི་གོང་བུ།
བུ་རོ་མྱོང་བ་དེའོ།།
༢༠༢༦-༨-༢༣
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
ཨ་གསར་གྱི་མེ་ཏོག
དབྱར་དུས་གཅིག་གིས་རྙིད་སོང་ན།
རང་ཚུགས་གཏིང་ནས་ཤོར།
ཧི་མཱ་ལ་ཡའི་ཧའེ་ཁུ་དང་ཞར་བཀོད་བཞི།
གཙང་ཆབ་སྔོན་མོ་ཁྱོད།
ལྷུན་ཆགས་སུ་བཞུར་བཞིན་ཡོད་ནའང་།
ཡང་ཡང་བརྒལ་ཐབས་མེད།
༢༠༢༦-༨-༢༣
དཔྱིད་ཀ
ནམ་ཟླས་བཙས་པའི་མེ་ཏོག་གི་སྒྲོམ་ཆུང
བདག་གི་ཡིད་ངོར་དུས་གཏན་དུ་ལུས།
རྨི་ལམ་དུ་དཀྲོལ་བའི་རོལ་དབྱངས་དེ
བྱ་རྒོད་པོ་ཞིག་གིས་མཁའ་ལམ་གཅོད་པའི།
གཤོག་ཟུང་གི་རླབས་རིས་དང་མཚུངས།
༢༠༢༦-༨-༢༣
དབྱར་ལྗོངས།
སྦྲང་སྐད་གཉོམ་པོ་ཅན་ཞིག་གིས
ང་ཡི་མེ་ཏོག་གི་ལྷུ་ལག་ལ་འཐམས་ནས
སྦྲང་རྩི་དང་མི་རྟག་པར་མཉམ་དུ་བསྲེས་ཏེ
དབྱར་ལྗོངས་ཀྱི་མཛེས་པ་མི་སྡུག་པར་བསྒྱུར།
ལྷོ་སྤྲིན་གྱི་འདུ་ལོང་དེར་བལྟས་ན
འཆིང་ཞགས་དེ་སྔར་ནས་སྐེ་ལ་བསྐོན་ཡོད་པ་ཤེས།
༢༠༢༦-༨-༢༣
སྟོན་ཁ།
འདི་ན བཙས་མ་རྔ་མཁན་ཚོས
འཇག་མའི་ཤུགས་གླུ་དང་སྡེབ་པའི
སྣ་གླུ་གསལ་ལ་མི་གསལ་བ་རེ་ལེན་གྱིན་འདུག
ཚེས་ཟླ་ཕྱེད་ཀ་མ་དང་ལྕགས་ཟོར་རྙིང་བས
ལྐོག་གཏམ་དྲང་མོ་རེ་རེ་ཆིག་ལབ་བྱེད།
ཁངས་ཆར་འདྲེས་མ་དེ
ལོ་མ་སེར་པོར་སིམས་ནས
སྡོང་རྒན་གྱི་རྩ་བར་ངལ་ཏེ
ཤུལ་ཙམ་ཡང་མི་མངོན་པར་འགྱུར་ལ་ཉེ།
༢༠༢༦-༨-༢༣
དགུན་གཞུང་།
གཙང་པོའི་འབྱུང་ཁུངས་ཀྱི
རྒྱུག་ཆུ་ཆུང་ཆུང་གི་མགོ་ཁུངས་དེའང
གྲང་འདར་ཡུན་རིང་བྱས་མཐར
དར་དཀར་ལྟ་བུར་འགྱུར་ངེས་པས
བདག་གི་སེམས་ཁམས་བདེ་ཐབས་མེད།
སྲོག་ཆགས་ཕལ་ཆེ་བ
ཚང་དུ་ཡིབས་པའམ
གཏན་མེད་དུ་ཡལ་སོང་ན
ང་རང་གཅིག་པུ་ཤུལ་དུ་ལུས་སྲིད་དམ།
སྐྱེས་མ་ཐག་ནས་མགྲོན་ཤོག་འབྱོར་བ་ནི
འཆི་བའི་བརྡ་སྦྱོར་གྱི་ཁ་བྱང་ནག་པོ་ཅན་ནོ།།
༢༠༢༦-༨-༢༣