ལུགས་ལྡོག་གིས།
བཀླགས་གྲངས། 185
ཧི་མཱ་ལ་ཡའི་ཧའེ་ཁུ།(Haiku)
_____སྤྱི་ཟླ་དགུ་པའི་ཧའེ་ཁུ་བརྒྱ་རྩ་བརྒྱད།
འདི་དང་དུས་གསུམ་མེད།
ཉི་ཟླ་རེས་ཀྱིས་འཁོར་བའང་མེད།
བྲག་ཆ་ནི་བྲག་ཆའོ།།
༢༠༢༦-༩-༡
(༡)
གློག་ཞགས་འཁྱུག་མ་ཐག
ལྕགས་ཀྱི་ཕོར་བ་བྲང་ཁར་གླན།
རྐང་ཐང་བ་དེ་སུ།
(༢)
དབྱིབས་ལེགས་པའི་རི་གྲོང་།
སྒྱིད་ཁུག་ཏུ་ཟ་ཕྲུག་ལང་ཚེ།
འགྲིམ་འགྲུལ་གྱི་འགྲོས་དལ།
(༣)
མི་རྟག་པའི་སྤྲིན་པ།
འཆི་རྒྱུ་མེད་པའི་ཡོལ་བ་འདི།
བླ་བྲེ་བསིལ་མོ་ཞིག
(༤)
མུན་པས་གཡུ་རལ་གསིག
འཆར་ནུབ་མི་མངའ་བའི་རང་ཚུགས།
གདོད་མ་ནི་གདོད་མའོ།།
(༥)
སྣང་བའི་ཁབ་མིག་འདིར།
རི་ཚོགས་ཕར་འགྲོ་ཚུར་ཡོང་མཛེས།
སློག་རུལ་དྲི་མས་སྦགས།
(༦)
གཡའ་དག་པའི་ནམ་མཁའ།
འཁར་རྔ་དལ་གྱིས་དགོད་དོན་ཅི།
གྲགས་པ་ནི་ཞིག་པའོ།།
(༧)
སྤྱང་ཀི་དཀར་ཟས་པ།
ལུག་ཁྱུའི་མེ་ཏོག་གཅལ་དུ་བཀྲམ།
རྫི་བོ་གཉིད་དུ་ཡུར།
(༨)
བུ་ཡིས་ཨ་མ་བཙས།
དུག་གསུམ་གྱིས་སངས་རྒྱས་ཉིད་བལྟམས།
མེ་ལྕེ་ཐུར་དུ་འབར།
(༩)
སྟོན་ལྗོངས་ཀྱི་ཞོགས་པ།
ཁྲུང་ཁྲུང་ལུ་གུ་རྒྱུད་དུ་འཕུར།
གངས་རིས་སྐེ་སོ་བྱེད།
(༡༠)
སྤྱང་ཀི་ཆོས་ཁྲིར་བཞུགས།
དགུ་ཚིགས་ཀྱི་སྐ་རགས་ཆད་དེ།
གནམ་སྔོན་པོའང་བཤུམས་སོང་།
(༡༡)
སོག་ལེ་དངོ་གཉིས་མ།
དུས་རབས་ཀྱི་ཚོན་ཁ་སྣ་ཚོགས།
རིལ་རིལ་རིལ་རིལ་ཞིག
(༡༢)
ང་དང་ཆུང་མ་ཉལ།
ནམ་མཁའི་པདྨོ་ཤིན་ཏུ་མཚར།
ཟླ་བས་གློ་ལུ་རྒྱག
(༡༣)
ཤིང་རྟ་འཁོར་ལོ་དེར།
མྱྀ་རྒན་ཞིག་གྀས་མཆིལ་ཞགས་འཕངས།
ལྷུ་ལག་གསར་པས་བརྒྱན།
(༡༤)
རྙེད་དཀའི་སྒྱེད་རྡོ་གསུམ།
ཟངས་ཀྱི་སླ་ང་བླ་ན་མཐོ།
ཡིད་ཀྱི་རྟེན་ཕུར་བརྗིད།
(༡༥)
གངས་རིའི་གཟི་མདངས་སུ།
ཉིན་བྱེད་འབུམ་གྱིས་འཁྱུད་ཅིང་མཛེས།
ཡིད་ཀྱི་དབང་པོའང་འགགས།
(༡༦)
བྱེ་ཐང་གི་རྔ་མོང་།
བཏགས་པ་ལས་བཀྲོལ་བཞག་ཙ་ན།
རང་སར་སྐྱིད་ཉལ་བྱེད།
(༡༧)
མདང་དགོང་གི་གར་མ།
ཞོགས་པ་འདིར་ཕག་པ་འདམ་དུ་ཟུག
སྟོན་ཁས་དགུན་ཁ་བསུ།
(༡༨)
རི་རྩེར་སྤྲིན་དཀར་བྲེལ།
ཉ་མོའང་འཁྱུག དཔྲལ་བའི་རི་མོ།
ཐོ་ཡོར་དེའང་འགྱེལ་སླ།
(༡༩)
ཆར་ཤུལ་གྱི་འཇའ་རིས།
རི་འདབས་ཀྱི་བྱིས་པའམ་རྒན་པོ།
མར་མེའང་གཟིམ་ལ་ཉེ།
(༢༠)
གབ་ཚིག་གིས་བཤད་ན།
རྣ་བ་རིང་ཡང་གཞུ་གུ་ཐུང་།
རྒས་སོང་བ་ཞིག་མེད།
(༢༡)
ཁྱིམ་བྱས་དུས་བརྡ་གཏོང་།
སྐྲ་འདབས་སུ་འབབ་པའི་ཁ་བ།
རབས་ཆད་པའི་མཛངས་མ།
(༢༢)
དཔྱིད་དཔལ་བཞད་ལ་ཉེ།
ཆུ་སྐྱར་འཕུར་ལྡིང་བྱེད་ཀྱིན་འདུག
གསེར་ལྡན་མའང་ཕེབས་བྱུང་།
(༢༣)
ཕྱེ་ལེབ་སྙིང་རྗེ་མོ།
འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞི།
སྨིག་རྒྱུ་འོད་ཀྲིག་ཀྲིག
(༢༤)
སྟ་རེ་རྣོན་པོ་དེ།
འཚེམ་དྲུབ་ལ་མཁོ་བ་མེད་སྟབས།
ཁབ་ཀྱིས་གདེང་ཚོད་རྙེད།
(༢༥)
ཕྱིར་ལ་ལོག་འགྲོ་ཡ།
ལག་ཁྱེར་དང་འགྲིམ་འགྲུལ་མི་དགོས།
ཕྲེང་ཡང་སྔར་ནས་བསྒྲིགས།
(༢༦)
ཤྭ་འོད་ཀྱི་ཕྱགས་མས།
འཛམ་གླིང་མྱ་ངན་དུ་བསྡུས་ཏེ།
སྐྱིད་གྲོང་སྡུག་གིས་བརྫད།
(༢༧)
རྨས་ཟིན་པའི་སེམས་ཁམས།
བྱིས་པ་དམར་འབྱར་སྐབས་སུ་གྲུབ།
དཀོན་མཆོག་གསུམ་པོས་མཁྱེནད།
(༢༨)
གང་ལ་བལྟས་ན་ཡང་།
མཛུབ་མོ་འཛུགས་ས་ཞིག་མི་འདུག
སྙིང་པོས་ཡེ་ནས་སྟོང་།
(༢༩)
ཟྭ་ལ་ཟྭ་བཏབ་པ།
མི་ལ་རས་པའི་སྨྱོ་ལས་ཡིན།
གཉིས་སུ་མེད་པའི་གཤིས།
(༣༠)
འཐེན་ཐུག་ཕོར་བ་གང་།
བུ་ལོན་གྱིས་མནར་མེད་པའི་ཚེ།
སྐྱེ་འཆིའི་འཕག་འཚག་བྲལ།
(༣༡)
རི་བོ་འགྱིང་ཞིང་བརྟན།
ཆུ་བོའི་གཅིན་པ་རྒྱང་དུ་བསྲིངས།
བལྟས་མ་ཐག་ནས་ཟད།
(༣༢)
ལྷོ་རོང་གི་ཁུ་བྱུག
ཟླ་གསུམ་གྱིས་སྨྲ་བ་འགགས་སོང་།
ཐོས་པའི་མོད་ལ་ལྐུགས།
(༣༣)
རི་བོ་གནམ་འདེགས་ཁྱོད།
མིག་གིས་རིག་བཞིན་དུ་འགྱེལ་ཐལ།
ཤུལ་ཙམ་ཡང་མི་འདུག
(༣༤)
འདྲེ་མོས་མཆེ་བ་གཙིགས།
ལ་ལ་ཞིག་བགད་བགད་དེ་ངུས།
བྱ་བྱེད་ལས་གསུམ་ཡལ།
(༣༥)
ཆར་ཤག་ཤག་ཏུ་འབབ།
སྐྱོ་གདུང་གི་མཆི་མའི་མེ་ཏོག
འདབ་ཆགས་ཚང་དུ་ཡིབས།
(༣༦)
འུག་པ་དགོད་ཀྱིན་ཡོད།
དཀར་མེའི་འོག་གི་ཟིན་བྲིས་དལ།
སྲིན་འབུས་འཐབ་འཛིང་བྱེད།
(༣༧)
རི་གྲོང་གི་ན་བུན།
རྙིད་ཟིན་པའི་མེ་ཏོག་གློ་ཁ།
འགྱུར་ཆོག་ཆོག་གི་ང་།
(༣༨)
ཁ་རྩང་གི་ལུ་གུ།
དེ་རིང་ཨ་མྱེས་ཚ་རུ་མཉེད།
ངའང་སང་ཞོགས་ཅི་ཆ།
(༣༩)
ཁྱིམ་པ་ལུགས་ལྡོག་གིས།
དགེ་བསྙེན་ཆེན་པོའི་ཨ་ཀྲད་བཙལ།
རྙིང་རྒྱུ་མེད་པ་ཞིག
(༤༠)
ཆུ་འཛིན་གྱི་གླང་ཆེན།
ནམ་མཁའ་ནས་མཆེད་ཅིང་ཐིམ་པ།
ལྟད་མོ་བའི་མཛེས་པའོ།།
(༤༡)
ཁྭ་ཏ་འཕུར་ཤུལ་གྱི།
གཏོར་མ་བདག་གི་འཚོ་བ་ཡིན།
ཞོགས་པ་བདེ་ལེགས་ཞུ།
(༤༢)
གནམ་གྲུའི་ལྡིར་སྒྲ་མཆེད།
ཁྲུང་ཁྲུང་གིས་མགྲིན་པ་དཀྱོགས་སོང་།
བདག་སྙིང་ཚག་ཚག་ཚག
(༤༣)
མེ་ལོང་གི་གཞིས་ཀར།
ཉེས་ཆད་འཁུར་བའི་མགྲོན་པོ་སླེབ།
རྩམ་དྲི་གཏིང་ནས་བྲོ།
(༤༤)
འཆི་བདག་གི་ཉི་གདུགས།
གྲིབ་གཟུགས་ཀྱིས་སྟོང་པའི་ནོམ་པ།
གཡང་ཊི་ལྗང་སྐྱ་མཛེས།
(༤༥)
འབུ་ཆ་ག་བ་ཞིག
ཡར་ལྡིང་མར་མཆོང་བྱས་པ་དང་།
ཚེ་ལས་འདས་སོང་ཡ།
(༤༦)
སྨྲ་བ་ཡོངས་སུ་འགག
ཤུགས་རིང་ཡང་ནས་ཡང་དུ་འཐེན།
སྙིང་གི་འཕར་ཚད་མགྱོགས།
(༤༧)
དགེ་སྡིག་གི་ཚོམས་ཆེན།
ཁྱི་རྒན་འཇིགས་མེད་ཉལ་ས་ཡིན།
འཛམ་གླིང་རུལ་སྣང་སྐྱེས།
(༤༨)
ཁྭ་ཏ་ནག་པོ་དེས།
ལྕོག་ལེ་ནག་པོ་ནག་རྐྱང་ཟ།
ཕུག་རོན་ཚོ་འཕུར་ཐལ།
(༤༩)
ཝ་མོ་གྲ་ཡག་མ།
འཛུམ་མདངས་འོག་གི་ལག་པ་དམར།
ཆོས་ལའང་དད་པ་འདྲ།
(༥༠)
རི་ཁུད་ཀྱི་ན་བུན།
འབུ་སྐྱོགས་ལྟོ་ནུར་གྱིན་འདུག་མོད།
འཁར་རྔ་སིང་སིང་སིང་།
(༥༡)
དུས་རབས་ཟང་ཟིང་འདིར།
པད་པས་ས་ཆེན་འདོམ་དུ་འཇལ།
ལུགས་ལྡོག་མཛེ་བོར་གྱུར།
(༥༢)
སླར་ཡང་ཤུགས་རིང་འབྱིན།
ཉི་མའང་ཐག་ཚད་ཙམ་དུ་གྱུར།
འཕར་སྤྱང་ངུ་ལ་ཉེ།
(༥༣)
ཤི་ཟིན་པའི་ཕྱི་ཉིན།
ང་རང་དངོས་སུ་ཚོགས་འདུར་ཞུགས།
བར་དོའི་འགྲུལ་བའང་ཡིན།
(༥༤)
ཆེས་སྔ་བའི་ང་ནི།
མི་དང་སངས་རྒྱས་ལས་ཀྱང་སྔ།
ལོ་རྒྱུས་ཀྱིས་མི་སྙོབ།
(༥༥)
འདར་འདར་འདར་འགྲོ་དགོས།
འཁར་བ་མ་ཆག་བར་དུ་འགྲོ།
མགོ་མཇུག་ཁྱོན་ནས་མེད།
(༥༦)
གྲོག་མའི་སྒྲིག་གཞི་དམ།
ནུབ་རླུང་གིས་སྤྲིན་ཕུང་ཞིག་བསྡུས།
ཆུ་རགས་འཐོར་ངེས་རེད།
(༥༧)
རྒྱོ་རྒྱག་གིན་རྒྱག་གིན།
རྟོགས་པའི་རྒྱ་མཚོའི་རྦ་རླབས་འདའ།
འཁོར་བའང་འཁོར་མཚམས་ཆད།
(༥༨)
གཡག་དཀར་གྭ་ནག་ཅན།
གངས་རི་ནག་པོར་འཚོ་བའི་ཁྱི།
བདག་གི་སྲུང་མར་འབོད།
(༥༩)
རྩེ་གཅིག་ཏུ་གཏོད་པའི།
གསེར་ཉའི་མིག་ཟུང་གི་སྟོང་གཟུགས།
ཉ་པའི་གྲིབ་རིས་བརྟན།
(༦༠)
རྐུན་མ་དང་བླ་མ།
འགྱིག་ཁུག་དང་ཤེལ་གྱི་སྒྲོམ་བུ།
གླིང་ག་གཅིག་ཏུ་འཛོམས།
(༦༡)
སྐྱག་པ་དང་མཁས་པ།
གྲགས་དང་སྤྱི་ཕན་མེ་ལོང་དུ།
དྲི་ངན་ཁ་བ་མཛེས།
(༦༢)
ཁྱིམ་བྱ་ངུ་ཐེངས་སུ།
རྒས་གཉེར་འཕེལ་སོང་བ་ཚོར་ནའང་།
ཐ་མག་ཡང་ཡང་འཐེན།
(༦༣)
རྟ་རྒན་ནག་ནག་དེའང་།
དོ་ཞག་གི་སྡོམ་པ་ཡོད་ངེས།
ཤའང་ཟ་གི་མི་འདུག
(༦༤)
ལྕགས་ཁྲའི་སེང་གེ་དེས།
རྩ་བཞི་ཆང་ལྔ་བསྲུངས་ནས་ཤི
བཙུན་པ་དམ་ཚིག་ཅན།
(༦༥)
ཁ་པར་རྡོ་རྗེ་འཆང་།
བཀའ་མདོ་སྔགས་ལས་ཀྱང་གལ་ཆེ།
མོས་གུས་ཉིན་མཚན་འབར།
(༦༦)
དར་ལྕོག་ལྷབ་ལྷུབ་གཡོ།
སྒོ་དང་སྒེའུ་ཁུང་མང་པོའི་ནང་།
སྤྲེའུ་གྲངས་མེད་ཅིག་འཕེལ།
(༦༧)
མཚེའུར་ཟླ་བ་ཞིག་འཆར།
ཐོབ་ཤོར་གྱི་ཁྱིམ་གཞི་བརླགས་ཏེ།
མྱི་རྒན་ངུས་ནས་ཡིབས།
(༦༨)
ཆུང་འདྲིས་རོགས་ལོ་ཁྱོད།
ལྟོགས་པར་ཟས། སྐོམ་པར་ཆུ་ལྟར།
བསྙེལ་མི་ཐུབ་པ་ཅི།
(༦༩)
ཁུངས་བསྐྱལ་དང་བསྐྱལ་ན།
ནག་ཉེས་རང་སྟེང་དུ་ཁྲིད་དེ།
རང་མེད་བྱ་སྲིད་དོ།།
(༧༠)
ནག་མོ། ཁྲོས་མ་ཁྱོད།
ཕ་ཡུལ་མེད་པ་ཞིག་ཡིན་ཡང་།
འཁྱམ་པོ་ང་མ་སྐྱུར།
(༧༡)
ཤྭ་བ་དང་ཡུ་མོ།
རྫ་ལུང་དུ་བྲག་ཅ་འཁོར་ན།
ཞེ་རྨོངས་དོན་ཅི་ཡོད།
(༧༢)
མྱོས་བུམ་ལྷུག་ལྷུག་ལྷུག
དམྱལ་ཁམས་སྐད་ཅིག་ཏུ་བརླགས་ཏེ།
དག་པའི་ཞིང་དུ་འབྱོར།
(༧༣)
རྗེན་པ་རྗེན་པ་ཞིག
གཅེར་བུའི་ལུས་ལ་སྣུམ་བྱུགས་ན།
འདི་ཞེས་འཇུ་ཐབས་མེད།
(༧༤)
འགྲོ་འོང་གི་ཤུལ་མེད།
གསར་དུ་སྐྱེས་པའི་ནགས་ཚལ་བསྲེགས།
ཐལ་བ་གཏན་དུ་བརླགས།
(༧༥)
ཡུ་བ་ཆད་སོང་ན།
མཐའ་ཐོག་སྦྱོར་ཐབས་ཡེ་ནས་མེད།
སྒྲོམ་གཞི་དེའང་འཐོར་ངེས།
(༧༦)
ཁྱེའུས་ཁྱེའུ་ཞིག་བཙས་སོང་།
འགག་འཕྲང་གི་འདབ་ཉོག་དཀར་པོ།
བགྲེས་པོས་གཏམ་རྒྱུད་བསླངས།
(༧༧)
ཉག་གའི་རྡེའུ་འབུམ་མཐོ།
ཞོལ་ཆེན་གཡག་རོག་གི་ཧར་སྒྲ།
མཁའ་མཐར་སྤྲིན་དཀར་འཁྲིགས།
(༧༨)
རྟོད་ཐག་གིས་འཆིང་བའི།
རྔ་མོང་། གློད་བཞག་ན་ཉལ་འཇོག
གླེན་པ་ཚོས་རྟོགས་ངེས།
(༧༩)
གནའ་མྱི་སྤྲང་པོ་ཞིག
གསང་དོར་རླུང་གིས་འཁྱེར་བའི་གླུ།
དཔའ་བོའི་མཚན་སྙན་ཐོབ།
(༨༠)
དབྱངས་ཅན་མའི་ཟླ་མཚན།
རྩམ་པ་དང་འབྲི་མར་སེར་པོ།
འཚོ་བའི་མངལ་དུ་སྦྲུམ།
(༨༡)
ཕག་མོ་ལན་དགུ་ངུར།
མུ་ཏོ་བའི་བློ་ལྷོད་དུ་བབས།
དགུན་ཁའི་འཚོ་ཚིས་བཟང་།
(༨༢)
རིགས་ལམ་གྱིས་བསྲེགས་ཚར།
ལྕགས་ཐབ་ཏུ་ཞོར་ཟས་བརྔོས་ཟིན།
དྲག་མི་སྲིད་པའི་ནད།
(༨༣)
སོ་ནད་དང་སེར་ཀ
དུག་སྦྲང་དང་ཁྱི་ལུད་དཀར་ནག
ཉི་འབྲུ་གཅོག་གིན་བསྡད།
(༨༤)
སྐྱ་བོ་སྐྱ་བོ་ཞིག
སྐྱོ་མ་དང་སྐྱོ་ཤས་ཀྱིས་སྦགས།
སྐྱི་མོའང་སྐྱི་གཡའ་བའོ།།
(༨༥)
འདས་ལོའི་ལོ་ཏོག་ལེགས།
ད་ལོར་སོག་ཁལ་བཅོ་བརྒྱད་བརྩེགས།
ཐལ་བ་སྤར་མོའི་གང་།
(༨༦)
ཉི་མ་མནའ་མར་ཡོང་།
གངས་རིའི་ཚོགས་ཀྱིས་ལྟད་མོ་ལྟ།
མག་པ་ངའང་མནའ་མའོ།།
(༨༧)
མཚམས་སྤྲིན་གྱི་བླ་གོས།
ལུག་ལྤགས་ཅན་གྱི་སྤྱང་ཀིས་གྱོན།
ར་ཕོ་ངའང་ངུས་བཞག
(༨༨)
དབྱུག་པའི་རྟ་ཕོ་བཞོན།
ཡ་སོས་མ་མཆུ་མནན་ཏེ་བརྒྱུགས།
གྲུབ་མཐའི་རྣམ་གཞག་མེད།
(༨༩)
ནས་སྐྱེ་སར་ཡུག་པོ།
ཙ་ཀ་ལི་མེད་པའི་དབང་སྐུར།
རྨིག་པའི་ལག་པ་ཅན།
(༩༠)
དུག་ནག་ལྷོག་ལྷོག་གདུ།
རུམ་གྱི་མངར་ཆ་དེས་ཤིང་འཇམ།
རྨ་བྱས་བློ་གར་འཁྲབ།
(༩༡)
ཕག་མོ་ནུ་དགུའི་མར།
སར་མ་ཟག་པའི་འོ་མའི་བཅུད།
ཧ་ཧ་ཧ་ཧ་ཧོ།
(༩༢)
ཇོ་མོ་ཡུགས་ས་མ།
མིག་ཡས་ཀྱིས་ངའི་གསང་བ་འཚོལ།
ཁ་བ་རིམ་དགུ་བབས།
(༩༣)
རང་ཤི་བརྒྱབས་རྗེས་སུ།
ཁ་པར་བརྒྱུད་ནས་གླེང་མོལ་གྱིས།
སང་ཉིན་འཕྲད་རྒྱུ་བྱས།
(༩༤)
དབང་རྩ་ཡོངས་སུ་འགགས།
མུན་པའི་མེ་ཏོག་ཁྲ་ལམ་ལམ།
སྣང་བའི་དབྱར་ལྗོངས་མཛེས།
(༩༥)
ངུ་ཆོག་ཆོག་གི་སེམས།
དགའ་སྡུག་བསྟུད་མར་བརྩེགས་པ་ནི།
སྒྱུ་རྩལ་གྱི་བང་མཛོད།
(༩༦)
ནག་ཐོམ་ཐོམ་དུ་ལུས།
སྲིད་པ་འཁོར་བའང་སྟོང་སང་སང་།
མཇེ་རྩར་མེ་ཏོག་བཞད།
(༩༧)
འགྲམ་ཡས་ཀྱིས་ཆུ་འཐུང་།
འགྲམ་ཡས་མེད་པ་དེས་རྩྭ་ཟ།
སྨྱུང་གནས་ཆོ་ག་འདོན།
(༩༨)
སྟོན་ཟླ་མཁའ་རུ་འཛུམ།
ཁྱུ་གཡག་ཉལ་ཏེ་སྐྱུག་ལྡད་བྱེད།
སྐར་ཚོགས་འདར་སིག་སིག
(༩༩)
གཉོམ་ཆུང་བཙན་པོ་ང་།
འཛམ་གླིང་གི་ཕྱུག་བདག་ཅིག་ཡིན།
འཚོ་བ་གཞན་ལ་རྟེན།
(༡༠༠)
ཞི་གནས་དང་ལྷག་མཐོང་།
བཙའ་ཆགས་པའི་ཡོབ་ཆེན་ཆ་གཅིག
ཧྥེ་གླིང་གི་འཕོངས་ཤ
(༡༠༡)
འབྲོང་ཡུ་བོ་བྲེ་སེར།
རི་སྤྱང་ངའི་དགྲ་དང་འཐབ་གྲོགས།
སྙིང་དམར་པོ་བཅོལ་ཡོད།
(༡༠༢)
ཐོད་རུས་ཨ་ཡིག་ཅན།
འགྲམ་པ་རླུང་བུས་འཛད་དུ་བཅུག
ཕྱོགས་ཀུན་ཏུ་རྒྱུ་བའོ།།
(༡༠༣)
གླག་རྒོད་ཅིག་འཕུར་ཡོང་།
ང་དང་གཏུལ་མ་ཁ་ཞག་ཅན།
གསེབ་ནག་ལྷང་ལྷང་འཚེར།
(༡༠༤)
རྒྱ་མཚོ་ཧུབ་ཀྱིས་བཏུངས།
གཅིན་པ་གཟའ་འཁོར་གཅིག་ཏུ་བཏང་།
ནམ་ཟླ་འཁྱག་གིས་བསྡམས།
(༡༠༥)
གྲིབ་ནག་གི་སྤུན་ཟླ།
སྐྲ་ལོ་འབོལ་ཤིག་ཤིག་ཏུ་དཔྱང་།
མུན་པ་ཚུར་ཚུར་འཛུམ།
(༡༠༦)
མ་རིག་པའི་ལོ་མ།
འབྲི་གདན་དཀར་པོ་ལྷད་མེད་ཅིག
ནམ་མཁའ་ནག་པོ་བཞེངས།
(༡༠༧)
ཉི་ཧོང་གི་ཧེའུ་ཁུ།
བོད་ཀྱི་ཕྲེང་རྡོག་བརྒྱ་རྩ་བརྒྱད།
ལུགས་ལྡོག་གི་ཁུ་བའོ།།
(༡༠༨)
༢༠༢༦-༩-༥