Back To Top

ཤེད་བུའི་ལྷམ།

ནང་ན་གངས་སྦལ་ཅན་གྱི་ཤེད་བུའི་ལྷམ།

བཀླགས་གྲངས། 802

ཤེད་བུའི་ལྷམ།

གསལ་ལེ་རྒྱལ།

གཅིག

གནམ་གཤིས་འགྱུར་འགྲོས་ཀྱི་དབང་གིས་ཧི་མ་ལ་ཡའི་གངས་གསེང་ནས་ཕྱིར་ཐོན་པའི་ལྷམ་ཡ་དེ་གནའ་རྫས་ཤིག་ཡིན་མིན་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་མིན་གྱི་གཏམ་ཅི་རིགས་དྲ་ཐོག་ན་རླུང་ལྟར་གྲགས།
གཉིས།
ལྷམ་འདི་ལ་མ་མཐའ་ཡང་ལོ་ངོ་དྲུག་ཅུའི་ལོ་རྒྱུས་ལྡན་ངེས་རེད། དེ་ནི་ཡིད་དཔྱོད་པ་ཞིག་གིས་གང་བྱུང་དུ་བཤད་པའི་སྐད་ཆ་ཞིག་ཡིན་ནའང་ཧོལ་རྒྱུག་པ་ཚོར་མཚོན་ན་དེའང་སྐད་ཆ་ཞིག་གི་གཞི་འཛིན་སར་གྱུར།
གསུམ།
ཧི་མ་ལའི་རི་རྒྱུད་བརྒལ་ནས་རྒྱ་གར་ལ་འབྱོར་བའི་བོད་པ་མང་བོ་ཞིག་རྐང་རྗེན་ཡིན་པའི་དབང་གིས་ཤེད་བུ་རྒྱ་གར་ལ་རྐང་རྗེན་དུ་བསླེབས་པ་དེར་དམིགས་བསལ་གྱི་དོ་སྣང་སུས་ཀྱང་བྱས་མེད་ལ། ཤེད་བུས་རྗེས་དྲན་གྱི་ཚུལ་དུ་ཉར་བའི་ལྷམ་ཡ་དེར་དེ་བས་ཀྱང་དོ་སྣང་བྱས་མེད། 
བཞི།
ཤེད་བུས་ཕ་ཡུལ་ལ་བསྐུར་བའི་འདྲ་པར་དེ་ལེན་སྐབས་རྐང་ཡ་ལ་ལྷམ་ཡ་གོན་ནས་རྐང་པ་གཅིག་ཐོག་གཅིག་ལ་བཞག་ཅིང་རྐང་བ་འོག་མའི་རྐང་མགོ་པར་ངོས་སུ་ཤར་དུ་བཅུག་མེད། ཁོང་གི་ཕ་མ་གཉིས་ཀས་འདྲ་པར་ལ་བལྟས་ཏེ་ཤེད་བུའི་རྐང་བ་གཡོན་པར་འཁྱག་སྐྱོན་ཤོར་བའི་ཚོད་དཔག་གིས་སེམས་ཁུར་བྱས་ཤིང་། གཟུགས་པོ་ཡོངས་སུ་ཤར་བའི་འདྲ་པར་ཞིག་སྐུར་བའི་རེ་རེ་བ་ཡང་ཡང་བཏོན་པས། ཤེད་བུས་ཀྱང་རྐང་རྗེན་ཡིན་པའི་འདྲ་པར་འགའ་བསྐུར་ནས་ཕ་མ་གཉིས་ཀའི་སེམས་པ་ལྷོད་ལ་ཕབས། རྐང་རྗེན་པ་ཏག་ཏག་གིས་རྐང་རྗེན་པ་ཞིག་རྐང་རྗེན་ཡིན་པར་དོ་སྣང་ཡེ་ནས་བྱེད་དོན་མེད་མོད། ལྷམ་ཡ་གོན་པའི་འདྲ་པར་དེས་རྐང་རྗེན་པ་ཚོའི་སེམས་སུ་བརྗེད་པར་དཀའ་བའི་ཟིན་ཐོ་ཞིག་བྲིས་ཡོད།
ལྔ།

གངས་གསེང་ནས་རྙེད་པའི་ལྷམ་ཡ་དེར་ཚ་དྲོད་ཀྱི་དབང་གིས་འཁྱག་པ་ཞིས་ཤིང་རིམ་གྱིས་དྲི་མ་ཁ། ཞིབ་འཇུག་པ་དག་གིས་སྣ་ཁ་ཟུམ་ནས་མུ་མཐུད་དུ་ལྷམ་ཚང་བསྔོགས། བོད་གཞུང་འགྲེམ་སྟོན་ཁང་གི་སྒོ་དང་སྒེའུ་ཁུང་བརྒྱུད་དེ་ལྷམ་དྲི་གང་སར་ཁྱབ། ཞིབ་འཇུག་པ་ལ་ལས་ལྷམ་གྱི་ནང་ལ་གངས་སེང་དང་ཡང་ན་གངས་སྦལ་གང་རུང་གིས་གཅིན་པ་བཏང་བ་མིན་ནམ་ཞེས་དོགས་འདྲི་བྱས་ཤིང་། ཧོལ་རྒྱུག་པ་ལ་ལས་ཚུལ་ཁྲིམས་ཀྱི་དྲི་རེད་ཅེས་ཚིག་ཐག་བཅད་ནས་བཤད།
དྲུག
ཤེད་བུར་ཡུན་རིང་འགྲོག་ཅིང་ཆ་རྒྱུས་ལྡན་པའི་གྲོགས་པོ་ཚོ་མཉམ་དུ་འཛོམས་ནས་ཤེད་བུའི་འདྲ་པར་གླེང་། རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་བུང་བས་མེ་ཏོག་གི་ཟེའུ་འབྲུ་འཚོལ་བ་བཞིན་ཤེད་བུའི་ཞི་མོས་ཡར་ལྟ་མར་ལྟ་བྱེད་བཞིན་་་ཨ་ཕ་སླེབས་སོང་། ཨ་ཕ། ཨ་ཕ་་་ཞེས་ཡང་ཡང་བོས། ཤེད་བུར་དགའ་ཞིང་ཤེད་བུར་དུང་བའི་བུ་མོ་འགས་རྗེས་དྲན་གྱི་འདྲ་པར་བླངས་ཤིང་ཤེད་བུར་མི་དགའ་བའི་མི་ལ་ལས་ཁྭ་ཏ་དང་སྐྱག་པའི་གཏམ་རྒྱུད་བྲིས།
བདུན།
ལོ་ངོ་དུ་མའི་རྗེས་སུ།། ལྷམ་ཡ་གཉིས་ཡང་བསྐྱར་ཆ་རུ་གྱུར་བ་དེ།། གཞིས་བྱེས་ལྷན་འཛོམས་ཀྱི།། མཚོན་རྟགས་སུ་གྱུར་རོ།། །། ཞེས་ཤེད་བུས་ཉིས་ཤད་དང་བཞི་ཤད་བྲིས་ནས་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད

2023-03-06 རང་བསླུས།
རྩོམ་འདིས་རྩོམ་སྔོན་མ་ཞིག་ཀྱང་དྲན་བཅུག་སོང་།
2023-03-03 འཇམ་དབྱངས་དཀར་པོ།
ངས་ཁ་སང་ཧོལ་རྒྱུག་བྱས་ནས་སྐད་ཆ་ཞིག་བཤད་རྗེས་ཤེད་བུའི་ལྷམ་གྱི་གཏམ་རྒྱུད་དྲན་བྱུང་།
2023-03-03 ཆབ་བྲག་ཕོ་ཉ།
མཇུག་སྡུད་སྟངས་ལེགས། སྙན་ངག་རང་བཞིན་ཅན་གྱི་སྒྲུང་ཐུངས་ལ་གཏོགས་སྙམ།
2023-02-28 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།