སྙན་ངག་པ་རང་བསླུས་ཀྱི་སྙན་ཚོམ།
བཀླགས་གྲངས། 621
ལོ་ཟླ་འདི། ཆང་ཕོར་ཞིག་ཡིན་ན།
དགུན་མལ་གྱི་དྲོ་སར་འཛུལ་ནས།
ཧུབ་འཐུང་ལན་འགའ་བྱས་རྗེས།
སུ་ཞིག་གིས་བཞག་པའི་དྲན་ཤིང་ལྷག་མ་དེ་གླེང་ཆོག
ནམ་བསལ་དུས།
གླུ་དབྱངས་འཇམ་པོ་ཞིག་ལ་མགོ་བོ་བསྙེས་ནས།
ཇ་མཆོད་མེད་པའི་ཞོགས་ཇ་འཐུང་རྗེས།
འཇམ་མག་མག་གི་སྲང་ལམ་དེ་ནས།
གབ་ཚིག་ཡིན་པའི་ཟུར་མིག་དེར་སླར་ཡང་མཇལ་ཆོག
སྲང་ལམ་འདིའི་སྒོ་དང་སྒེའུ་ཁུང་ཡོད་ཚད།
ནད་ཡམས་ལ་གཡོལ་བ་ཡིན་ནམ།
རླུང་བུས་ལན་མང་འབྱེད་ཐབས་བྱས་ཀྱང།
དགུན་གཞུང་གི་འཁྱག་རོམ་ལྟར་སྲ་མཁྲེགས་སེ་ལུས།
ཨ་མ་རྒན་མོ་ཞིག་གིས་འདྲུད་ཁུག་དྲུད་ནས་ཕྱིན་སོང།
ཁ་རས་ཅན་གྱི་སྤོ་བོས་སྲང་ལམ་འདིར་གཡས་སྐོར་གཡོན་སྐོར་བརྒྱབས་སོང།
ད་དུང་། ཤམ་ལྭ་ཅན་འགན་ཡང་རླུང་ཁར་འགྲེང་འདུག
༢༠༢༡།༠༤།༢༡
རྩ་ལམ་བསང་བྱེད་ལྟ་བུའི་འཚིག་ཇ་ཁ་མོས།
དྲན་གསོ་ཡིན་པའི་ཚིག་འབྲུ་འགར་གསེད་དཀྲོལ་བྱས།
མཛའ་མོའི་ཕྱིར་མིག་ལ་ཐིམ་པ་འདྲ་བའི་རླངས་པ་ཐིལ་ལེ་བ།
ག་ལེར་ག་ལེར་ཡལ་ཚར་རྗེས།
སྙན་ངག་གི་ལག་པ་དེའང་རེངས་པར་གྱུར་འདུག
ཇ་ཕོར་གྱི་ཁ་རུ་འཁྱིལ་བའི་ཝུ་བ་སིབ་སིབ་དེ།
སྙིང་རུས་ཀྱི་ཟོལ་དབྱིབས་སུ་བཞེངས་ཚུལ་བསམ་ན།
འཚིག་ཇ་འཐུང་མཁན་དག་ཀྱང་བརྩེ་དུང་བ་ཡིན་ངེས་ལ།
དེ་བས་ཀྱང་དོ་རྐང་མི་འགྲིག་པའི་སྙན་ངག་པ་ཤ་སྟག་ཡིན་ངེས།
དོན་དམ་པར་འཚིག་ཇ་ཡང་སྙན་ངག་དང་འདྲ་ཨང།
འཚིག་ཇ་འཐུང་རྗེས་རྒུན་ཆང་གི་བྲོ་བ་གཞན་ཞིག་སྟེ།
རྨི་ལམ་མ་སྨིན་པའི་མཚན་མོ་དེའི་སྦྲིད་གཟེར་དང་འདྲ་བར།
ཡོད་ཚད་ཞེན་ཆགས་ཀྱི་ང་རོར་ལངས་དོགས་མེད་ཀྱང།
མགོ་བོ་བཀྱགས་དུས་སྤྲིན་པ་ཡང་རླུང་གིས་དེད་ཚར་བར་བསམ་ན།
འཚིག་ཇའི་རླངས་པ་ཡལ་ཚུལ་ཡང་འཁོར་བའི་ཆོས་ཉིད་ཅིག་ཡིན་ངེས།
༢༠༢༡།༠༦།༣༠ ཉིན་མེ་འཁོར་ནས་འགྲོ་ཞོར་བྲིས།
——— ཨ་མའི་བརྙན་ཐུང་ཞིག་ལ་བལྟས་རྗེས་བྲིས།
འབྲུ་དྲུག་གི་བྱིན་རླབས་ལྟེམས་པའི་མ་ཎི་ལག་འཁོར།
རྡོ་ཕྲེང་ནག་རིལ་དང་ཞལ་འདོན་དར་དིར་གྱིས།
སུ་ཞིག་གིས་མངགས་པ་ལྟ་བུའི་མི་ཚེའི་དམ་ཚིག་རིང་མོ་ལས་ཀྱིས་བསྲིངས་ཏེ།
བུ་ཕྲུག་ཚོ་རེ་རེ་བཞིན་ནར་སོན་ཞིང་རང་རྐང་སྒྲིག་དུས།
ཁྱེད་ནི་ངེད་མིང་སྲིང་ཚོའི་འཚོ་བའི་ལམ་ཡིག་གསར་བའི་མེ་ལོང་ཇི་བཞིན།
ངའི་དྲན་གསོའི་ཀློང་གི་རྟག་བརྟན་གྱི་འཚོ་བའི་བསྡུས་གཟུགས་དེའོ།།
རྒས་གཉེར་མཐུག་པོ་བསྣམས་པའི་ཨ་མ་མ་ལོས།
འཁྱོག་གཟུགས་སུ་གྱུར་པའི་ལུས་པོས་བཏེགས་པའི་བྱམས་སྐྱོང་དེ་གས།
སུ་ལའང་མི་གསལ་བའི་དྲན་གདུང་ལྕི་མོ་ཞིག་བཟུང་ནས་ཡོད།
ད་དུང། སྐད་ངག་འདར་འདར་གྱིས་ཟིན་པའི་བརྩེ་བའི་ལང་ཚོ་དེ་ཡང།
ཉི་ཟླའི་དགག་སྒྲོལ་གྱི་ས་ཚིགས་དེའི་སྦྲེལ་མཚམས་ནས།
ང་ཁོ་ནར་མཐུད་པའི་ཞེན་ཆགས་ཀྱི་གཟུགས་ཐག་དེ་ཡིན་པ་སུ་ལའང་གསལ།
སུ་ཞིག་གི་བསགས་ཉེས་ལྟར་ནུབ་མཐའ་ནས་ལྷོད་ཀྱིས་བལྟས་ན།
སྐད་གཤིས་ཀྱིས་རིང་དུ་བདས་པའི་བྲེལ་ཟིང་གི་གྲོང་ཁྱེར་འདི་ནས།
ངའི་འདུ་ཤེས་ཀྱི་འཛིན་ཐག་མ་གློད་པའི་དུས་ཡུན་དེ་དག
ཁྱེད་ཁོ་ན། ངའི་བདེ་སྐྱིད་ཀྱི་སྲོག་ཤིང་ཡིན་སོང།
ཁྱེད་ཁོ་ན། ངའི་དྲན་པའི་གཏིང་རིམ་གྱི་མར་མེ་ཚེ་འབར་དེ་ཡིན་སོང།
ཁྱེད་ཁོ་ན། ངའི་འཇིག་རྟེན་གྱི་ཡོད་ཚད་ཡིན་སོང།
ངའི་བརྩེ་བའི་ཨ་མ།
༢༠༢༡།༠༥།༡༢
——— སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་འདས་པ་ཐོས་རྗེས།
དར་ལྕོག་ཅིག་རླུང་གིས་ཡང་ཡང་སྤུར་རྗེས། དར་ཤིང་དེ་གློ་བུར་གྱིས་ཆག་སོང། ཨོཾ་མ་ཎི་པདྨེ་ཧཱུྃ།
ཁ་བྱང་གི་འགྲེལ།
བོད་མིའི་འཚོ་བའི་གཟུངས་ཐག་ལ་བརྒྱུས་པའི་ཡི་གེའི་ཕྲེང་བ།
སྒྲོལ་མ་དང་སྐྱབས་འགྲོའི་གཟུགས་སྔགས་སྨིན་པོ་དེ་ཚོ།
རི་རྩེ་དང་ཉག་ཁ་སོགས་ནས་བྲེལ་བ་ལངས་དུས།
སུ་ཞིག་གི་འདུ་ཤེས་ཀྱི་བསྡུས་གཟུགས་སུ་གྱུར་པ་དེ་དག
རྒྱང་རིང་གི་རི་རྩེ་དེར་འཁྱུད་པའི་རྣམ་ཤེས་དེ་ཚོའི་གསོན་ཤུགས་ལྟར།
དུ་ཞགས་ལ་འཁོར་བའི་རྨི་ལམ་གྱི་རྟོགས་སྒྲུང་ཡོད་ཚད།
སྙན་ངག་པའི་སྲོག་དབུགས་ཀྱི་རྐང་མར་ཐིམ་ཡོད་ཨང།
དབྱངས་གསལ་སོ་བཞིའི་བློ་གྲོས་ཀྱི་མཚམས་སྤྲིན་འདར་བའི་ས་སྲོད།
བླ་དང་སྲོག་ལ་ཐིམ་པའི་གཏམ་རྒྱུད་ཅིག་གི་སྔ་གཞུག་ལྟར།
ང་ཚོས་ཞིབ་ཀྱིས་བརྡར་བའི་འཇམ་མཉེན་དང་རྩུབ་རག་གི་ཐ་སྙད་དེ་ཚོ།
འཚོ་བའི་གྲིབ་སོར་གཡེང་བའི་རོལ་མོ་ཞིག་དང་འདྲ་བར།
དབྱངས་གསལ་སོ་བཞིའི་འབྲུ་སྣ་རེ་རེར་གཤོག་པ་བཙུགས་ཏེ།
ཁྱོད་ཀྱི་དབང་ལྔའི་སྒོ་ལམ་ནས་ཅི་ཙམ་གཤར་མྱོང་ཨང།
མ་གཞི་ནས་འཇིག་རྟེན་ཞེས་པ་འདི་སྨུག་རྒྱུའི་རི་གྲོང་ཞིག་སྟེ།
འཆར་ནུབ་དང་ལྡོག་འཕྲོས་ཀྱི་ང་རོ་ཆོས་ཉིད་དུ་བཟུང་ཡོད་པས།
ང་ཚོས་དེ་ལ་ཞེན་ཆགས་དང་སྐྱོ་ངལ་ཁུར་དགོས་དོན་ལར་ནས་མེད་ནའང།
དུས་ཀྱི་རྔམ་ཁར་གཡེང་བའི་དབྱངས་དང་གསལ་བྱེད་དེ་ཚོ།
མི་རབས་འདིའི་ངག་སྒོ་ནས་ཙག་དང་རླུང་གིས་ཁུར་བའི་ངང་ཚུལ་བསམ་ན།
ཕྱིར་མིག་མེད་པར་ཁྱེད་ཀྱི་བཞུད་སྟངས་འདིས་སྐྱོ་བའི་ལྷན་པ་གླན་ཡང།
འགྲོ་འོང་གི་བར་མཚམས་ནས་འབྲུ་དྲུག་གིས་ཁྱེད་ལ་རྫོང་བ་ལོས་ཀྱང་བྱེད།
ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༢༠ ཉིན་གྱི་མཚན་མོར།