ཡུལ་གྱར་སྙན་ངག་པ་ཞིག་གིས་གངས་རི་དྲན་པའི་གདུང་སེམས་ཀྱི་འབོད་པ།
བཀླགས་གྲངས། 654
གངས་རིའི་ཐོད་ཀྱི་མགྱོགས་བྲིས།
རྒྱལ་ཁམས་རིག་པས་མ་བསྐོར་སུད་སིེར་གངས་བསྐོར་ཕྱིན་ཡོད།།
མཚོ་མོ་དད་པས་མ་བསྐོར་མེ་ལོང་གཡུ་བསྐོར་བརྒྱབ་ཡོད།།
རྦབ་ཆུ་སྙན་པས་མ་བསྐོར་བསིལ་མར་སེམས་བསྐོར་སོང་ཡོད།།
གཙང་བོ་དལ་བས་མ་བསྐོར་ཕྱི་ཐག་རིངབསྐོར་བྱས་ཡོད།།
སུད་སིར་གངས་བསྐོར་ཕྱིན་པས་སེམས་སུ་ཏི་སེ་ཐོགས་སོང་།།
གངས་འདབས་མཚོ་བསྐོར་སོང་བས་ལྷ་མོ་བླ་མཚོ་རིག་སོང་།།
རྦབ་ཆུར་བལྟ་བསྐོར་བསྐྱོད་པས་བཙན་པོའི་སྙིང་སྟོབས་རྙེད་སོང་།།
གཙང་བོ་་གཡས་བསྐོར་བརྒྱབ་དུས་ཡར་ཀླུང་ཁོག་དེ་མཐོང་སོང་།།
ཐོད་པ་གངས་ལ་གཏུགས་ནས་གསོལ་བ་ཕུར་ཚུགས་བཏབ་ཡོད།
པུས་མོ་ས་ལ་བཙུགས་ནས་དད་པ་རྩེ་གཅིག་དམིགས་ཡོད།།
རྐང་བ་བརྟན་པོར་ཚུགས་ནས་དགྲ་ལྷ་བཅུ་གསུམ་བོས་ཡོད།།
ལག་ཟུང་ཐལ་མོ་སྦྱར་ནས་་ཕུགས་ཀྱི་རེ་འདོད་བཅོལ་ཡོད།།
སྤྲིན་དཀར་གདན་དུ་གཏིང་བ་སེམས་པ་རྒྱང་ལ་ཆས་འགྲོ།
གྲུ་གཟིངས་གཤོག་པ་ཐོགས་པ་གངས་རིའི་འདབས་སུ་འཕུར་འགྲོ།
རྒྱ་མཚོ་ཧུབ་ཀྱིས་འཐུང་བ་དྲང་སྲོང་ཡུལ་དེར་བུད་འགྲོ།།
གངས་དཀར་ཤེད་ཀྱིས་འགྱོགས་པ་རྨ་ཆེན་སྐྱེས་སུ་ཕུལ་འགྲོ།
གངས་འཛེག་རི་འཛེག་བྱེད་དུས་གངས་ལྷ་ཤ་མེད་འཁོར་བྱུང་།།
རྡོ་ལམ་སྐས་འཛེག་བརྒྱུད་དུས་དམར་བོ་རི་དེ་དྲན་བྱུང་།།
རྫ་མགོ་རི་མགོར་འགོས་དུས་རྫ་ཁའིལྷ་གཡག་མངོན་བྱུང་།
མཚོ་ཆུང་ནོར་བུ་བསྐོར་དུས་ཁྲི་ཤོར་རྒྱལ་མོ་མཐོང་བྱུང་།
གངས་ལ་རྐང་རྗེས་ཕབ་པ་སྐྱི་བསེར་རླུང་གིས་མ་འཁྱེར།།
མཚོ་ཁའི་སྨོན་ལམ་ཚིག་གསུམ་མཚོ་རླུང་རླབས་ཀྱིས་མ་གཏོར།།
རྫ་མགོར་ཀི་གསུམ་བཏབ་པ་རྫ་རི་མཐོན་པོས་མ་ཁོགས།།
ཆང་ཁའི་སྙིང་གཏམ་དྲོན་མོ་རྫ་མགོའི་སྨུག་པས་མ་ཁེབས།།
རི་མགོར་ཁ་བས་གཡོགས་ཀྱང་སེམས་སུ་ཁ་བ་མ་བབས།།
རྫ་མགོར་སྨུག་པས་འཐིབས་ཀྱང་སྨྱུ་རྩེར་སྨུག་པས་མ་བཟུང་།།
འཁྱགས་རུམ་དར་གྱིས་བསྡམས་ཀྱང་སྙིང་རྩ་འཁྱགས་པས་མ་བསྡམས།།
མཚོ་མོ་རླབས་ཀྱིས་དཀྲུག་ཀྱང་རང་སེམས་བསེར་བུས་མ་འཁྲུགས།།
སྐད་ངག་སྙན་མོ་མེད་ཀྱང་རྫི་གླུ་ླལེན་ན་བསམ་བྱུང་།།
ནོར་གནག་ལུག་ཁྱུ་མེད་ཀྱང་འུར་རྡོ་འཕེན་ན་བསམ་བྱུང་།།
ཤ་མར་ཐུད་གསུམ་མེད་ཀྱང་གློ་གྲི་བརྡར་ན་བསམ་བྱུང་།
སྦྲ་ཁྱིམ་སྨུག་པོ་མེད་ཀྱང་ལུག་རྫི་ཡིན་ན་བསམ་བྱུང་།།
གུང་སེང་གཤོག་པ་ཐོགས་ན་གངས་རིའི་ཐོད་ལ་འཕུར་ཆོག།
ཚེ་སྲོག་དར་སྐུད་རིང་ན་མཚོ་མོའི་གཏིང་ལ་འཛུལ་ཆོག།
སྐོམ་པ་ཆང་ལ་ཤོར་ན་སུད་ཆང་མངར་མོ་བཀྱགས་ཆོག།
སེམས་གཏམ་སྙིང་ལ་བབས་ན་བསྐོར་བ་ཡང་བསྐོར་བརྒྱབ་ཆོག།
ལ་ཐོད་རྩེ་མོའི་གཞུང་ལ་ལབ་ཙེ་གཏོད་ནི་མ་རེད།།
གངས་དཀར་རྩེ་མོའི་ཐོད་ལ་ཞོ་དཀར་གཏོར་ནི་མ་རེད།།
དྭངས་གཙང་མཚོ་མོའི་ངོས་ལ་དུད་སྤྲིན་འཁྱིལ་ནི་མ་རེད།།
འཁྱགས་རུམ་གྲུ་བཞི་ནང་ལ་གངས་ལྷ་འཛུམ་པ་མ་རེད།།
སྒྱུ་རྩལ་བྱང་་བ་མིན་ཡང་རང་སེམས་གསོ་བའི་ཚུལ་ཁུལ་ཡིན།།
མགྱོགས་འགྲོའི་གོམ་པ་མེད་ཀྱང་་ཚོར་བ་སྐྱེན་པའི་ཁུལ་ཡིན།།
ཤེད་ཆེན་གྱད་པོ་མིན་ཡང་སྣང་བ་བསོར་པའི་ཁུལ་ཡིན།།
སྙན་ངག་མཁས་པོ་མེད་ཀྱང་སེམས་ཚོར་བྲིས་པའི་ཁུལ་ཡིན།།
སེམས་པ་གཤོག་ཐོགས་འདི་ལ་རང་དབང་ཚུགས་ཐུབ་མི་འདུག།
ལག་པ་སྨྱུག་ཐོགས་འདི་ལ་རང་འགར་བདེ་ཞིག་མི་འདུག
ཁ་མང་སྟོང་ཐོགས་འདི་ལ་ཁོམ་པའི་དུས་ཤིག་མི་འདུག།
རྐང་བ་ཚིགས་ཐོགས་འདི་ལ་དལ་དལ་ལྷོད་ཅིག་མི་འདུག།
ཅེས་སུམ་པ་རྒད་པོས་ཕྱི་ལོ༢༠༢༢/༠༨/༢༡ཉིན་ཡུལ་བསྐོར་ཟིན་ཐོ་ལ་ཕབ།