Back To Top

གལ་གནད་ཆེ་བའི་ལོ་ཚིགས་འགར་དྭོགས་དཔྱོད།

སྟོན་པའི་འདས་ལོ་དང་ཡེ་ལོ་ལས་བརྩམས་ཏེ། འཇམ་དཔལ་རྩ་རྒྱུད་ལས། མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ལུང་བསྟན་པ་སྒྲ་ཇི་བཞིན་པ་ཡིན་པ་དང་། མགོན་པོ་ཀླུ་སྒྲུབ་ལོ་དྲུག་བརྒྱར་བཞུགས་པའི་སྒྲུབ་བྱེད་དང་ཀླུ་སྒྲུབ་མི་འདྲ་བ་བཞི་འཁྲུངས་པར་བཤད་པ་སོགས་ལ་དགག་གཞག་དང་དོགས་དཔྱོད་རྒྱས་པར་གནང་ཡོད། 

བཀླགས་གྲངས། 1146

༄༅། །གལ་གནད་ཆེ་བའི་ལོ་ཚིགས་འགའ་ཞིག་གི་དྭོགས་གཅོད།

གསུང་བ་པོ། པནྜི་ཏ་ཟམ་གདོང་བློ་བཟང་བསྟན་འཛིན།

ཡིག་འབེབ་པ། འཇམ་དབྱངས་དཀར་པོ།

དེང་སང་གདན་སའི་སློབ་གཉེར་བའི་ནང་ལ་ཡང་བྱུང་བ་རིག་པའི་ཐོག་ལ་ཐུགས་སྣང་ཡོད་མཁན་དང་། བྱུང་བ་རིག་པའི་རྣམ་གཞག་དང་བསྟུན་ནས་སྔོན་གྱི་བྱུང་རབས་ལ་བརྟག་དཔྱད་གནང་ཐུབ་མཁན་མང་པོ་འདུག་པར་མ་ཟད། ལྗགས་རྩོམ་གནང་མཁན་མང་པོ་འདུག་ལ། རྩོམ་ཡིག་འབྲི་མཁན་ཡང་མང་པོ་འདུག་པ་དེ་རྗེས་སུ་ཡི་རང་བྱ་བའི་གནས་རེད། ཡིན་ན་ཡང་སྔ་མོ་བོད་ལ་ཡིན་ན་གདན་སའི་མཁས་པ་ཚོ་བྱུང་བ་རིག་པ་ལ་ཐུགས་སྣང་རྩ་ནས་མེད་པས། སངས་རྒྱས་ཀྱི་ལུང་གིས་དངོས་སུ་མ་ཟིན་པའི་རྒྱ་གར་གྱི་མཁས་པ་སུ་སྔོན་ལ་ཕེབས་པ་དང་། སུ་རྗེས་ལ་ཕེབས་གསུང་མཁན་ཡང་དཀོན་པོ་ཡིན། ཡིན་ན་ཡང་དེང་སང་འཇིག་རྟེན་ཁྱོན་ཡོངས་ལ་ཤེས་ཡོན་སློབ་གསོ་དང་མཉམ་དུ་བྱུང་བ་རིག་པའི་རྣམ་གཞག་འགྲོ་དགོས་པ་དང་། དེ་ཤེས་དགོས་པ་གལ་ཆེན་པོ་ཞིག་ལ་རྩི་བའི་སྐབས་ཡིན་པས། དོན་དག་ཁ་ཤས་ཤིག་ཐུགས་ལ་ངེས་དགོས་པ་གལ་ཆེན་པོ་རེད་བསམས།

ད་ལྟ་ང་ཚོས་བརྒྱ་ཕྲག་ཉི་ཤུ་རྩ་གཅིག་པ་ཞེས་རྩི་བ་འདི་ཡེ་ཤུའི་སྟོན་པ་རྗི་སེ་སི་མྱ་ངན་ལས་འདས་A.D.(After death Christ)ནས་ལོ་ ༢༠༢༣ འཁོར་བ་དེར་རྩི་ཡི་ཡོད། སྔ་མོ་བོད་ལ་ལོ་འདི་དང་། ལོ་འདིའི་དབང་དུ་བྱས་པའི་ཟླ་བའི་གྲངས་ཀ་དེ་དག་ཀྱང་ཤེས་ཀྱི་མེད། རྒྱ་མི་བོད་ལ་བསླེབས་རྗེས་བོད་པའི་ལོ་དེ་རབ་བྱུང་ནས་བྱུང་བ་ཡིན་སྟབས་རབ་ལོ་ཞེས་རྩི་བ་དང་། ནུབ་ཕྱོགས་ནས་དར་བའི་ལོ་ལ་སྤྱི་ལོ་ཞེས་[ས་པ་བཏགས་སྤ་ཡ་བཏགས་སྤྱ་ཀི་ཀུ་སྤྱི་]སྟེ། སྤྱི་ལོ་ཞེས་རྒྱ་མི་བོད་ལ་བསླེབས་ནས་གསར་ཤོག་སོགས་ཀྱི་ནང་ལ། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དྲུག་དང་ང་བདུན་ཞེས་བྲིས་པ་དེ་ལྟར་ང་ཚོའི་ཁ་ལ་འཇགས་པ་རེད།

ད་ལྟ་བྱུང་རབས་ཀྱི་གནས་ཚུལ་ཚང་མ་རྩི་བ་དེ་སྤྱི་ལོའམ་ཕྱི་ལོ་ནས་རྩི་ཡི་ཡོད། ང་ཚོ་བཙན་བྱོལ་ལ་འབྱོར་ནས་ ༡༩༦༠/༡༩༦༡ བཞུགས་སྒར་དྷ་རམ་ས་ལར་སྤོས་ཚར་བའི་རྗེས་ལ་"རྩོམ་སྒྱུར་ལས་ཁུངས་"ཤིག་བཙུགས་པ་དང་། དེར་ཀུན་བདེ་གླིང་ཛ་སག་དམ་པ་དེ་དང་། བྲག་གཡབ་སྐྱབས་མགོན་རིན་པོ་ཆེ་སོགས་ཀྱིས་ཕྱག་ལས་གནང་བ་རེད། སྐབས་དེར་སྤྱི་ལོ་ཟེར་བ་དེ་འགྲིག་གི་མི་འདུག དེ་སྤྱི་བའི་ལོ་མ་རེད། གལ་སྲིད་དེ་སྤྱི་ལོ་ཡིན་ན་སྟོན་པའི་འདས་ལོ་ཡང་སྤྱི་ལོ་ལ་རྩི་དགོས་པ་དང་། རྒྱ་གར་ལ་ཡང་ལོ་རྩི་ཚུལ་མང་པོ་ཞིག་ཡོད་པས། དེ་དག་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་ཅི་འདྲ་ཞིག་ཕྱེ་དགོས་སམ། དེ་ལས་ཡེ་ཤུའི་འདས་ལོ་དེ་ཕྱི་ནང་གཉིས་ཀྱི་ནང་ནས་ཕྱི་ལུགས་ལ་རྩིས་ནས་"ཕྱི་ལོ་"ཞེས་ལབ་ན་སྟབས་བདེ་ཡོིང་ས་རེད་ཅེས། དུས་དེ་ནས་བཟུང་སྟེ་[ཕ་ཡ་བཏགས་ཕྱ་ཀི་ཀུ་ཕྱི་]ལོ་ཆིག་སྟོང་། ཕྱི་ལོ་ཉིས་སྟོང་། ཕྱི་ལོ་ཉིས་སྟོང་ཉི་ཤུ་རྩ་གསུམ་ཞེས་ཕྱི་ནང་གཉིས་ཀྱི་ཕྱི་དེ་འབྲི་ཡི་ཡོད། ཡིན་ན་ཡང་ད་ལྟ་ཡང་བོད་དང་རྒྱ་ནག་ལ་སྤྱི་ལོ་རང་འབྲི་ཡི་ཡོད་བཟོ་འདུག་ཀྱང་། དེ་ལ་ཁྱད་པར་ཅང་མི་འདུག གང་ལྟར་ཡེ་ཤུའི་འདས་ལོ་ནས་རྩི་སྟངས་ཤིག་རེད།

སྟོན་པའི་འདས་ལོ་ནས་རྩི་སྟངས་དེ། ནང་པ་ཚོས་སྟོན་པའི་འདས་ལོ་ནས་རྩི་སྐབས། ད་ལྟའི་ལོ་འདི་འཕགས་པ་གནས་བརྟན་སྡེ་བའི་ལུགས་བཞིན་བྱས་པ་ཡིན་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༥༦༦/༧ ཆགས་ཡོད་པ་དང་། སྟོན་པའི་འདས་ལོ་འདི་ཚང་མས་ཡོངས་གྲགས་བྱས་ནས་ཁས་ལེན་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད། ལྔ་བཅུ་ང་བདུན་ལོར་ལོ་ ༢༥༠༠ འཁོར་བའི་དུས་སྟོན་བྱས་ཏེ། རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་ཕེབས་པ་དེ་ནས་རྩིས་པ་ཡིན་ན་ད་ལོ་ ༢༥༦༦/༧ གང་ཡང་རུང་བ་ཞིག་ལ་བསླེབས་ཡོད་པ་དེ་གནས་བརྟན་སྡེ་བའི་ལུགས་རེད།

གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ། སྟོན་པའི་འདས་ལོ་གནས་བརྟན་སྡེ་བ་དང་མི་འདྲ་བ་ཞིག་ཡོད་ཀྱང་གྲངས་ཀ་དེ་བརྗེད་འདུག མི་འདྲ་བ་ཞིག་ཡོད་དགོས་ཀྱི་རེད་བསམས་ཀྱང་བོད་ལ་དར་ཁྱབ་བྱུང་མེད།

བོད་པས་ཅི་ཞིག་ལབ་ཀྱི་ཡོད་དམ་ཞེ་ན། ཕུག་ལུགས་སྐར་རྩིས་ཀྱི་གནས་སྟངས་གཅིག་ཡིན། ཕུག་ལུགས་སྐར་རྩིས་བཞིན་བྱས་ཏེ། ང་ཚོའི་གཞུང་གི་ལི་ཐོ་ཚང་མའི་མགོར་སྟོན་པའི་འདས་ལོ་ཞིག་བཀོད་པ་དེ་ལྟར་རྩིས་ན། ད་ལོའམ་ད་ལྟ་འགྲོ་བཞིན་པའི་བོད་པའི་ལོ་འདིར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༩༠༢ འགྲོ་ཡི་ཡོད། སྟོན་པའི་འདས་ལོ་ ༢༩༠༢ བྱས་ན། གནས་བརྟན་སྡེ་པའི་རྩི་སྟངས་དང་ལོ་ ༢༠༠ ལྷག་གི་ཁྱད་པར་བརྒྱུགས་ཡོད་པས། ཧ་སོང་དགའ་རབ་ཅིག་ཡོད།

ང་ཚོས་ཚད་མར་བཟུང་རུང་བ་ཅི་ཞིག་ཡོད་ཅེ་ན། ད་ལྟ་གྲངས་ཀ་བློ་ལ་ངེས་ཀྱི་མི་འདུག་ཀྱང་པཎ་ཆེན་ཤཱཀྱ་ཤྲཱི་(༡༡༢༧-༡༢༢༥དེབ་སྔོན་ལྟར་གྱི་ལོ་ཚིགས།-ཡིག་འབེབས་པ།)བོད་ལ་ཕེབས་(༡༢༠༤དེབ་སྔོན་ལྟར་གྱི་ལོ་ཚིགས།-ཡིག་འབེབས་པ།)ནས། ལྕགས་ཟམ་ཆུ་བོ་རི་ལ་བཞུགས་སྐབས་བསྟན་རྩིས་ཤིག་གནང་ཡོད། བསྟན་རྩིས་དེའི་སྟོན་པ་མྱ་ངན་ལས་འདས་པའི་ལོ་དང་། གནས་བརྟན་སྡེ་པའི་སྟོན་པ་མྱ་ངན་ལས་འདས་པའི་ལོ་གཉིས་འདྲ་བོ་ཡོད། ལོ་ཤས་ཀྱི་ཁྱད་པར་བརྒྱུགས་ན་མ་གཏོགས་ཁྱད་པར་ཆེན་པོ་མེད།

བོད་པ་ཚོར་གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པའི་འདས་ལོ་འདི་ཡིན་ཟེར་བ་ཞིག་བཤད་རྒྱུ་མེད་ཀྱང་། ཕུག་ལུགས་སྐར་རྩིས་ཀྱི་འདས་ལོ་ཞིག་ཡོད་པ་རེད། ད་ལྟ་འཇིག་རྟེན་ཡོངས་གྲགས་ཀྱིས་རྩི་བའི་གནས་བརྟན་སྡེ་པའི་ལུགས་ཀྱི་འདས་ལོ་ཞིག་ཡོད་པས། བྱུང་བ་རིག་པ་བཤད་པའི་སྐབས་ལ་འདས་ལོ་དེ་དག་གི་ནང་ནས། གནས་བརྟན་སྡེ་པའི་ལུགས་དེ་རང་ལུགས་ལ་བཟུང་བ་ཡིན་ན་སྟབས་བདེ་བ་ཡོང་གི་རེད་བསམས། དེ་མིན་ཚེ་ཧ་ཅང་འཁྲུག་འགྲོ་རྒྱུ་རེད།

གནས་བརྟན་སྡེ་པ་རང་ལུགས་ལ་ཆ་བཞག སྟོན་པའི་འདས་ལོ་དེ་ ༢༥༦༦ ཡིན་པར་ཆ་བཞག་ནས་ཕྱིན་ན། སྟོན་པའི་འདས་ལོ་དེ་ཡེ་ཤུའི་སྔོན་གྱི་ལོ་ ༥༤༣ པར་འཁེལ་གྱི་ཡོད། དེང་སང་ཡོངས་གྲགས་ལ་ཡེ་ཤུའི་སྔོན་ལ་བྷི་སི་(BC. Before Christ)ཟེར་བ་ལྟར། སྟོན་པ་མྱ་ངན་ལས་འདས་པའི་ལོ་དེ་ཡེ་ཤུའི་སྔོན་གྱི་ལོ་ ༥༤༣ པ་དེ་འཁེལ་གྱི་ཡོད་པར་བརྟེན། ནམ་རྒྱུན་ཡོངས་གྲགས་ལྟར་ཞིབ་ཚགས་པོ་མ་རྩིས་ན། བྷི་སི་(BC)བརྒྱ་ཕྲག་དྲུག་པའི་ནང་ལ་འཁེལ་ཡོད།

དེ་ལྟ་མིན་པར་ཕུག་ལུགས་བཞིན་བྱས་པ་ཡིན་ན། སྟོན་པ་མྱ་ངན་ལས་འདས་པའི་ལོ་དེ་ཡེ་ཤུའི་སྔོན་གྱི་ལོ་ ༨༧༩ པར་འཁེལ་གྱི་ཡོད་སྟབས། བྷི་སི(BC)བརྒྱ་ཕྲག་དགུ་པ་ཆགས་འགྲོ་བས། དེ་ཡར་ཧ་ལས་པ་ཞིག་ཕྱིན་པ་རེད། ཡིན་ན་ཡང་དེ་བྱུང་བ་རིག་པ་དང་མི་མཐུན་པ་རེད་ཅེས་ལབ་རྒྱུ་ཁག་པོ་ཡིན། ད་ལྟའི་གནས་སྐབས་ལ་དེ་ལྟ་བུའི་བྱུང་བ་རིག་པ་དེ་དག་ཤིན་ཏུ་ལྐོག་གྱུར་གྱི་གནས་ལྟ་བུ་ཞིག་ཆགས་ཡོད་པས། དངོས་སྟོབས་ཀྱི་རིགས་པས་སྒྲུབ་པ་ལ་སྒྲུབ་བྱེད་དེ་ཙམ་རེག་གི་མེད། 

ད་ལྟ་ངས་ག་རེ་ཞུ་ཡི་ཡོད་དམ་ཞེ་ན། གནས་བརྟན་སྡེ་པ་ནང་བཞིན་བྱས་ནས། ད་ལྟའི་ལོ་འདི་ལ་སྟོན་པའི་འདས་ལོ་དེ་ ༢༥༦༦ ཡིན་པ་ལ་ཆ་བཞག་ནས་རྩིས་པ་ཡིན་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༤༠༠ ལོན་པའི་སྐབས་ལ་མགོན་པོ་ཀླུ་སྒྲུབ་འཁྲུངས་པ་དང་། མགོན་པོ་ཀླུ་སྒྲུབ་འཁྲུངས་པའི་ལོ་དེ་སྤྱི་ལོའི་སྔོན་གྱི་ལོ་ ༡༤༣ པ་དེ་ཆགས་ཀྱི་ཡོད། ཀླུ་སྒྲུབ་སྤྱི་ལོའི་སྔོན་གྱི་ལོ་ ༡༤༣ ལ་འཁྲུངས་པ་དང་། སྟོན་པ་འདས་ནས་ལོ་ ༤༠༠ རྗེས་ལ་འཁྲུངས་པར་རྩིས་ན། ཀླུ་སྒྲུབ་ཡོངས་གྲགས་ཀྱི་བྷི་སི་(BC)བརྒྱ་ཕྲག་གཉིས་པའི་ནང་ལ་འཁྲུངས་པ་ཡིན།

དེང་རབས་ཀྱི་བྱུང་རབས་སྨྲ་བ་ཕལ་ཆེ་བས་བརྒྱ་ཕྲག་བཞི་པའི་ཨེ་ཊི་(AD)སྟེ། ཡེ་ཤུའི་འདས་ལོའི་སྤྱི་ལོ་བརྒྱ་ཕྲག་ ༤ ནང་ལ་མར་འཁྱེར་ཡོང་གི་རེད། ཡིན་ན་ཡང་བར་ལམ་ཞིག་ནས་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་མང་པོ་བྱུང་སྟབས། བྱུང་རབས་སྨྲ་བ་མང་པོ་ཞིག་གིས་ཡར་སྤྱི་ལོའི་བརྒྱ་ཕྲག་གཉིས་པའི་ནང་ལ་བསྐྱལ་ཡང་སྐྱོན་མི་འདུག་ཅེས་ལབ་མཁན་མང་པོ་བྱུང་ཡོད། གང་ལྟར་ཐུགས་ལ་ངེས་དགོས་པ་ཞིག་ལ། འཕགས་པ་གནས་བརྟན་སྡེ་པའི་སྟོན་པའི་འདས་ལོ་གཞིར་བཟུང་བྱས་ཏེ། སྟོན་པ་འདས་ནས་ལོ་བརྒྱ་ཕྲག་ ༤ འདས་པའི་རྗེས་ལ་ཀླུ་སྒྲུབ་འཁྲུངས་པར་ངོས་འཛིན་བྱེད་སྐབས། ཀླུ་སྒྲུབ་ཀྱི་འཁྲུངས་ལོ་དེ་སྤྱི་ལོའི་སྔོན་གྱི་ལོ་ ༡༤༣ པར་འཁེལ་གྱི་ཡོད།

སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༩༠༠ རྗེས། སྤྱི་ལོའམ་ཨེ་ཊི་(AD) ༣༥༧ པ་དེ་ཐོགས་མེད་ཀྱི་འཁྲུངས་ལོ་ཡིན་པས། འཕགས་པ་ཐོགས་མེད་འཁྲུངས་པའི་ལོ་དེ་སྤྱི་ལོ་ ༣༥༧ པ་དེ་ཆགས་ཡོད། དེར་ནམ་རྒྱུན་ཡོངས་གྲགས་ལ་སྤྱི་ལོའི་བརྒྱ་ཕྲག་ ༤ པའམ། བརྒྱ་ཕྲག་༤ AD ལབ་ཀྱང་འགྲིག

ནམ་རྒྱུན་ཡོངས་གྲགས་ལ་ཀླུ་སྒྲུབ་ལོ་ ༦༠༠ ལ་བཞུགས་པར་ངོས་འཛིན་བྱེད་པ་ལྟར། ཀླུ་སྒྲུབ་ལོ་ ༦༠༠ ལ་བཞུགས་པར་ངོས་འཛིན་བྱས་ན། སྤྱི་ལོ་ ༤༥༧ བར་དུ་བཞུགས་དགོས་པ་དང་། ཨེ་ཊི་(AD)བཞི་བརྒྱ་ལྔ་བཅུ་ང་བདུན་པ། སྤྱི་ལོའི་བརྒྱ་ཕྲག་ལྔ་པའི་དཀྱིལ་སྨད་ཙམ་ནས་(AD༦༠༠)ཨེ་ཊི་བརྒྱ་ཕྲག་དྲུག་པ་ལབ་ཀྱང་འགྲིག་བཟོ་འདུག དེ་ལྟར་བྱས་ན་སློབ་དཔོན་འཕགས་པ་ལྷའི་འཁྲུངས་ལོ་དེ་སྤྱི་ལོ་བརྒྱ་ཕྲག་ ༣ པའི་ནང་ལ་བཞག་ན་ཏག་ཏག་མེད་དམ་བསམས་ཤིང་། ཟླ་བ་གྲགས་པའི་འཁྲུངས་ལོ་དེ་སྤྱི་ལོའི་བརྒྱ་ཕྲག་ ༤ པ་དང་ ༥ བའི་ནང་ལ་བཞག་ན་རང་ལུགས་ལ་མི་བདེ་བ་ཆེན་པོ་མེད།

ངས་ནམ་རྒྱུན་ལོའི་གྲངས་ཀ་དེ་འཇམ་དཔལ་རྩ་རྒྱུད་ནས། ང་ནི་མྱ་ངན་འདའ་འོག་ཏུ།། ལོ་བཞི་བརྒྱ་ལོན་པ་ན།། ཞེས་དང་། ང་ནི་མྱ་ངན་འདའ་འོག་ཏུ།། ལོ་ནི་དགུ་བརྒྱ་ལོན་པ་ན།། ཞེས་གསུངས་པ་གཉིས་ཀ་སྒྲ་ཇི་བཞིན་པར་བཟུང་བའི་ཐོག་ནས་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་འཁྲུངས་ལོ་གཏན་འཁེལ་གྱི་ཡོད། དེ་ལ་དངོས་གནས་མངོན་སུམ་གྱི་གནོད་པའམ། ཡང་དག་པའི་རིགས་པའི་གནོད་པ་ཡོད་ན། ང་ཚོ་རིགས་པའི་རྗེས་འབྲངས་པ་ཡིན། ད་ལྟ་ཕན་ཆད་ཀྱི་བྱུང་རབས་སྨྲ་བ་ཚོའི་བཤད་སྲོལ་དང་། ང་ཚོ་ནམ་རྒྱུན་མི་འདྲ་བ་ཞིག་ཆགས་ཀྱི་ཡོད།

ངས་མཐའ་གཅིག་ཏུ་བདེན་པ་ཡིན་མིན་མི་ཤེས་ཀྱང་། ད་ལྟའི་བར་དུ་དེང་རབས་ཀྱི་མཁས་པ་ཚོའི་མཉམ་དུ་སྐད་ཆ་བཤད་སྐབས། ངས་གོང་དུ་བཤད་པའི་ལོ་གྲངས་དེ་དག་རང་གི་རང་ལུགས་སུ་བཟུང་ནས་སྡོད་ཀྱི་ཡོད། གང་ཡིན་ཞེ་ན། ཤིང་རྟའི་སྲོལ་འབྱེད་དུ་རྒྱལ་བས་ལུང་བསྟན་ཞེས་ཤིང་རྟའི་སྲོལ་འབྱེད་ཀྱི་སློབ་དཔོན་གཉིས་པོ་དེ་རྒྱལ་བས་ལུང་བསྟན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་བའི་ལུང་བསྟན་པའི་འཇལ་དཔལ་རྩ་བའི་རྒྱུད་ཀྱི་ལུང་དེ་དག་ད་ལྟ་ཡང་རྒྱ་གཞུང་དང་བོད་བསྒྱུར་གཉིས་ཀར་རྙེད་རྒྱུ་ཡོད་པ་དེ་སྒྲ་ཇི་བཞིན་པར་མ་བཟུང་བར། དེ་ལས་གཞན་ཞིག་ཏུ་འཛིན་དགོས་བྱུང་བ་དང་། བཀའ་བསྟན་གྱི་གཞུང་ལུགས་དེ་དག་ཚང་མ་རང་བཞིན་གྱིས་སྒྲ་ཇི་བཞིན་པ་མ་ཡིན་ན། གཞན་ཚང་མ་ཡང་སྒྲ་ཇི་བཞིན་པར་བཟུང་ནས་སྒྲུབ་རྒྱུ་དེ་ཁག་པོ་རེད་བསམས།

ངས་ད་ལྟ་འདི་ལྟར་བྱེད་སྐབས་འཕགས་པ་ལྷའི་འཁྲུངས་ལོ་དེ་སྤྱི་ལོའི་བརྒྱ་ཕྲག་ ༣ པར་བཞག་ན་འགྲིག་གི་འདུག་ཅེས་ལབ་པའི་རྒྱབ་གཉེར་ལ། པཱ་ལིའི་ནང་ལ་ཡོད་པའི་ཤྲཱི་ལངྒའི་མ་ཧཱ་བཾ་སཱ་(Mahavamsa བསྟན་རྩིས་དེབ་ཐེར་ཆེན་མོ། དེབ་ཐེར་འདི་སྤྱི་ལོའི་སྔོན་གྱི་དུས་རབས་ ༣ པ་རྒྱལ་པོ་བི་རྗེ་ཡཱ་"Vijaya"ཡི་སྐུ་རིང་ལ་རྩོམ་མགོ་བཙུགས་ཏེ། སྤྱི་ལོའི་དུས་རབས་ ༥ པའི་ནང་ལ་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་འདུག དབྱིན་ཡིག་ཏུ་བསྒྱུར་བ་གླེགས་བམ་གཉིས་བཞུགས་ཀྱང་། མ་ཡིག་པཱ་ལི་ནང་གླེགས་བམ་ཅི་ཙམ་བཞུགས་མ་ངེས།ཡིག་འབེབས་པ།)སྟེ།"རྗོད་པ་ཆེན་པོ་"ཞེས་ཤྲཱི་ལངྒའི་ནང་གི་སངས་རྒྱས་ཀྱི་བསྟན་པའི་བྱུང་རབས་ཀྱི་དེབ་ཅིག་ཡོད། དེབ་དེ་སྐད་གྲགས་ཆེན་པོ་རེད་ལ། ཚང་མས་ཁས་ལེན་པ་ཞིག་ཀྱང་རེད། དེབ་ཐེར་དེའི་ནང་ལ་ལངྒའི་རྒྱལ་པོ་བི་ཧ་རི་ཀཱ་ཏི་ཧི་སཱ་(Voharikathissa-སྤྱི་ལོ་ ༢༡༥ ནས་ ༢༣༧ བར་རྒྱལ་སྲིད་ལོ་ཉེར་གཉིས་ལ་བསྐྱངས།)ཟེར་བ་ཞིག་ཡོད། ཧི་སཱ་ཞེས་པ་ཤྲཱི་ལངྒའི་མིང་ཞིག་རེད། དེས་རྒྱལ་པོ་བྱེད་སྐབས་འཕགས་པ་ལྷ་འཁྲུངས་པ་དང་། འཕགས་པ་ལྷ་ཕལ་ཆེར་དེའི་སྲས་ཡིན་པ་འདྲ་ཞིག་བྲིས་འདུག་ཀྱང་གསལ་པོ་དེ་ཙམ་མི་འདུག དེས་རྒྱལ་པོ་བྱས་པའི་དུས་ཡུན་དེ་སྤྱི་ལོ་ ༢༡༥ ནས་ ༢༣༧ བར་དུ་རེད། མ་ཧཱ་བཾ་སཱའི་ནང་ལ་ཡོད་པའི་བི་ཧ་རི་ཀཱ་ཏི་ཧི་སཱ་རྒྱལ་པོའི་སྐབས་ལ་འཕགས་པ་ལྷ་འཁྲུངས་ཡོད་ན། འཕགས་པ་ལྷའི་འཁྲུངས་ལོ་དེ་སྤྱི་ལོའི་བརྒྱ་ཕྲག་ ༣ ནང་ལ་ཐག་བཅད། བརྒྱ་ཕྲག་གསུམ་པའི་ནང་གི་དུས་ཚོད་འདི་འདྲ་ཞིག་ལ་ཞེས་དམིགས་ཀྱིས་བཀར་མེད་ཀྱང་འགྲིག་གི་མེད་དམ་བསམས

ཟླ་བ་གྲགས་པ་དེ་ཏོག་ཙམ་དཀའ་ལས་ཁག་པོ་ཞིག་རེད། རྒྱུ་མཚན་ཅི་ཞིག་གིས་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད་དམ་ཞེ་ན། ཟླ་བ་གྲགས་པ་འཁྲུངས་པའི་སྐབས་ལ་སློབ་དབྱིག་གཉེན་བྱོན་ཟིན་པ་དང་། སློབ་དཔོན་ཆོས་སྐྱོང་བྱོན་ཟིན་པ་དེ་འཇུག་པ་རང་འགྲེལ་གྱི་ནང་ལ། ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར།། གསུངས་པ་དེའི་ནང་ལ་(གལ་ཏེ་གནས་བརྟན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང༌། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ།།-ཡིག་འབེབས་པ།)དབྱིག་གཉེན་དང་ཆོས་སྐྱོང་། ཕྱོགས་ཀྱི་གླང་པོ་ཚང་མའི་མཚན་སྨྲོས་ཡོད་པ་དེ་སྒྲ་ཇི་བཞིན་པར་བཟུང་བའི་སྐབས་ལ། དབྱིག་གཉེན། ཕྱོགས་གླང་། ཆོས་སྐྱོང་དང་བཅས་པ་ཟླ་བ་གྲགས་པའི་སྔོན་ལ་བྱོན་ཟིན་པ་དེ་བཤད་མི་དགོས་པ་ཞིག་ཆགས་ཡོད། ཡིན་ན་ཡང་ང་ཚོའི་ཁས་ལེན་གཅིག་ལ། རྗེ་རིན་པོ་ཆེ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གཉིས་ཀའི་བཞེད་པའི་ནང་ལ་ཟླ་བ་གྲགས་པ་(Chandrakirti དཔལ་ལྡན་ཟླ་བ་གྲགས་པ། སྤྱི་ལོ་ ༦༠༠ ལ་འཁྲུངས་ཏེ། སྤྱི་ལོ་ ༦༥༠ ལ་འདས། ཝི་ཀི་རིག་མཛོད་ལྟར་རོ།།-ཡིག་འབེབས་པ།)དེ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་ཡོད་པས། ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་ཆ་བཞག་སྟེ། ཀླུ་སྒྲུབ་ལོ་ ༦༠༠ བཞུགས་པའི་དབང་དུ་བཏང་ན། སྤྱི་ལོ་ ༤༥༧ ལ་ལོ་ ༦༠༠ རྫོགས་འགྲོ་ཡི་ཡོད། དེར་བརྟེན་སྤྱི་ལོ་ ༤༥༧ ནས་མར་ཕུད་རྒྱག་བཏང་ན་ཏོག་ཙམ་མི་འགྲིག་ཅིང་། ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ན། ཉུང་མཐར་ཡང་སྤྱི་ལོ་བཞི་བརྒྱ་ང་བཅུ་ང་གྲངས་ཀྱི་ནང་ལ་ཀླུ་སྒྲུབ་མཇལ་ཟིན་པ་དང་། ཀླུ་སྒྲུབ་ཀྱི་སློབ་མར་གྱུར་ཟིན་པ་ཞིག་དགོས་ཀྱི་ཡོད།


ནུབ་ཕྱོགས་ཀྱི་མཁས་པ་ལན་དྷི་ལ་སོགས་པ་ཁ་ཤས་ཀྱིས་ཟླ་གྲགས་ཀྱི་དུས་ཚོད་དེ་སྤྱི་ལོ་ ༤༣༠ ནས་ ༦༠༠ བར་འཇོག་གི་ཡོད། སྤྱི་ལོ་ ༤༣༠ ནས་ ༦༠༠ བར་ལ་བཞག་སྟེ། ཀླུ་སྒྲུབ་ལོ་ ༦༠༠ ལ་བཞུགས་ཀྱང་ཟླ་བ་གྲགས་པས་མཇལ་མི་ཐུབ་པ་ཞིག་ཆགས་ཡོད། དེ་བརྟེན་ད་ལྟ་རིགས་པའི་གནོད་བྱེད་གཞན་མ་དབབ་པ་ཡིན་ན། ཟླ་བ་གྲགས་པ་དེ་བརྒྱ་ཕྲག་ ༤ ནས་ ༥ པ་དང་། འཕགས་པ་ལྷ་བརྒྱ་ཕྲག་ ༣ ནང་ལ་བཞག་སྟེ། ངས་རང་ལུགས་བཟུང་བ་ལྟར་བྱས་ན། རིགས་པའི་གནོད་བྱེད་གཞན་ཡོང་ཁག་པོ་ཡིན། གཞུང་ལུགས་དེ་དག་གི་ནང་ལ་མཁས་པའི་མཚན་འདོན་སྟངས་སོགས་ཀྱི་དབང་གིས་ཕྲན་བུའི་མི་འདྲ་ཡོང་སྲིད་པ་ཞིག་རེད་སྙམ།

དེ་དང་ཕྱོགས་མཚུངས་འཇིགས་མེད་སྦྱིན་པས་བརྩམས་པའི་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ཞིག་ཡོད། གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་གྱི་ནང་ལ་འཕགས་པ་ལྷ་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུའི་ནང་ཀཱ་ཎ་རི་པཱ་(མི་འཇིགས་པ་སྦྱིན་པས་མཛད་པའི་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ནང་གི་གྲུབ་ཆེན་ཨང་ ༡༨ པ་དེ་ཡིན།-ཡིག་འབེབས་པ།)ཞེས་པའི་གྲུབ་ཆེན་ཞིག་ཡིན། གྲུབ་ཆེན་དེ་འཕགས་པ་ལྷ་དང་ཐུགས་རྒྱུད་གཅིག་ཡིན་པར་རྩི་ཡི་ཡོད་པ་དེ་ཡང་འགྲིག་གི་ཡོད་པ་རེད་སྙམ། བོད་ཀྱི་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་གྱི་ནང་ལ་ཡང་དེ་དང་མཚུངས་པ་ཞིག་ཡོད། གྲུབ་ཆེན་བརྒྱད་ཅུ་དེ་སྤྱི་ལོའི་བརྒྱ་ཕྲག་ ༨ རྗེས་ལ་མ་གཏོགས་བྱུང་ཡོད་པ་མ་རེད་ཟེར་བ་དེ། ད་ལྟའི་རྒྱ་གར་གྱི་ནང་པའི་བྱུང་རབས་སྨྲ་བ་ཚོའི་སྤྱི་མགྲིན་ཞིག་རེད། དེའི་དབང་གིས་ཁོ་ཚོས་སཱ་རཱ་ཧ་པ་ཏི་སོགས་ཀླུ་སྒྲུབ་ཀྱི་སྔོན་ལ་ཡོད་པ་ཚོ་ཁས་མི་ལེན་པར། དེང་རབས་ཀྱི་བྱུང་རབས་སྨྲ་བ་ཚོས་ག་རེ་ལབ་ཀྱི་ཡོད་དམ་ཞེ་ན། ཀླུ་སྒྲུབ་བཞི་ཡོད་ཟེར། རྩ་བ་ཤེས་རབ་རྩོམ་མཁན་གྱི་ཀླུ་སྒྲུབ་དེ་དང་པོ། གསེར་འགྱུར་རྩི་སྒྲུབ་མཁན་གྱི་ཀླུ་སྒྲུབ་དེ་གཉིས་པ། སྨན་གཞུང་ཡག་ལག་བརྒྱད་པ་རྩོམ་མཁན་གྱི་ཀླུ་སྒྲུབ་དེ་གསུམ་པ། རིམ་ལྔ་ལ་སོགས་པའི་སྔགས་ཀྱི་གཞུང་རྩོམ་མཁན་གྱི་ཀླུ་སྒྲུབ་དེ་བཞི་པ་བཅས། དུས་རབས་མི་འདྲ་བའི་ནང་ལ་ཀླུ་སྒྲུབ་ཅེས་པའི་མཚན་ཅན་གྱི་སློབ་དཔོན་མི་འདྲ་བ་བཞི་བྱུང་བ་དང་། སྔགས་ཀྱི་གཞུང་རྩོམ་མཁན་གྱི་ཀླུ་སྒྲུབ་བཞི་པ་དེ་སྤྱི་ལོའི་བརྒྱ་ཕྲག་ ༨ རྗེས་ལ་མར་འཁྱེར་ཡོང་བ་དང་། དེ་བཞིན་དུ་ཨརྱཱ་དེ་བ་ཡང་ཀཱ་ཎ་རི་པཱའི་ངོ་བོར་ཡོད་པའམ། སྔགས་གཞུང་རྩོམ་མཁན་གྱི་འཕགས་པ་ལྷ་དང་། དབུ་མ་བཞི་བརྒྱ་པ་རྩོམ་མཁན་གྱི་འཕགས་པ་ལྷ་བཅས་འཕགས་པ་ལྷ་མི་འདྲ་བ་གཉིས་ཡོད་པར་འདོད་མཁན་མང་པོ་ཡོད། ཡིན་ན་ཡང་ང་ཚོས་རང་ལུགས་བཤད་པའི་སྐབས་ལ་སྟོན་པ་འདས་ནས་ལོ་ ༤༠༠ ལོན་པ་ན་ཀླུ་སྒྲུབ་འཁྲུངས་པ་དང་། ཀླུ་སྒྲུབ་ལོ་ ༦༠༠ བཞུགས་པ། སྟོན་པ་འདས་ནས་ལོ་ ༩༠༠ ལོན་པ་ན་ཐོགས་མེད་འཁྲུངས་པ་དེ་དག་སྒྲ་ཇི་བཞིན་དུ་ཁས་ལེན་པ་དང་ཆབས་ཅིག ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་དང་། ཟླ་བ་གྲགས་པ་དེ་ཕྱོགས་གླང་དང་། ཆོས་སྐྱོང་། དབྱིག་གཉེན་གྱི་རྗེས་ལ་ཡིན་པ་དེ་གཞུང་གི་ཚིག་ཟིན་ལ་ཡོད་པས། དེ་དག་ཚང་མ་མཉམ་དུ་ཁས་ལེན་དགོས། དེ་དག་ཚང་མ་མཉམ་དུ་ཁས་བླང་བ་དང་ཆབས་ཅིག དེང་རབས་ཀྱི་བྱུང་རབས་སྨྲ་བ་ཚོས་དེབ་སྒྲིག་སྟངས་ལྟར་འགྲོ་དགོས། དེ་ལྟར་བྱས་ཚེ་ད་ལྟ་གོང་དུ་ཞུས་པ་བཞིན། གནས་བརྟན་སྡེ་པའི་སྟོན་པའི་འདས་ལོ་དེ་ང་ཚོས་ཀྱང་རང་ལུགས་སུ་བྱས་པ་ཡིན་ན་ཏོག་ཙམ་རྩི་བདེ་ཞིང་། འགྲོ་བདེ་པོ་ཞིག་ཆགས་ཀྱི་ཡོད། ཕུག་ལུགས་ཀྱི་རྩིས་ལྟར་བྱས་ནས། སྟོན་པའི་འདས་ལོ་དེ་ ༢༩༠༠ ལ་ཡར་འཁྱེར་བ་ཡིན་ན། བྱུང་རིམ་གྱི་ལོ་དེ་དག་སྒྲིག་རྒྱུ་དཀའ་ལས་ཁག་པོ་ཆགས་འགྲོ།

འཕགས་པ་ལྷས་བཞི་བརྒྱ་པ་ཙམ་མ་ཡིན་པར་བོད་དུ་འགྱུར་བ་རྐྱང་རྐྱང་ལ་ཡང་བསྟན་འགྱུར་གྱི་ནང་དུ་གཞུང་ཚན་ ༢༩ ཡོད་པ་དང་། རྒྱ་གར་བ་ཁ་ཤས་ཀྱིས་གཞུང་ཚན་ ༣༠ བགྲངས་པ་སོགས་འཕགས་པ་ལྷའི་གསུང་ཧ་ཅང་མང་པོ་ཡོད། དེ་དག་ཚང་མ་འཕགས་པ་ལྷས་གསུངས་པར་རྩི།

འཕགས་པ་ལྷ་ཡི་སྐུ་སྟོད་དེ་བརྒྱ་ཕྲག་ ༣ པའི་ནང་ལ་ཡིན་པའི་རྒྱབ་སྐྱོར་ཕུན་སུམ་ཚོགས་པ་གཅིག་ག་རེ་ཡོད་དམ་ཞེ་ན། རྒྱ་ནག་གི་ལོ་ཙཱ་བ་ཆེན་པོ་ཀུ་མ་ར་རྗིབ་ཅེས་པ་དེ་རྒྱ་མི་མིན་པར་ལི་ཡུལ་ཏེ། ད་ལྟ་ཤིན་ཅང་ཟེར་བ་དེ་ནས་ཡོང་བ་ཞིག་ཡིན། ཁོང་རྒྱ་གར་ལ་ཕེབས། དེའི་རྗེས་རྒྱ་ནག་ལ་ཕེབས་ནས་བཀའ་བསྟན་འགྱུར་གྱི་གཞུང་མང་པོ་སྒྱུར་མཁན་གྱི་གྲས་གཅིག་ཡིན། ཁོང་གིས་འཕགས་པ་ལྷའི་རྣམ་ཐར་ཞིག་བསྒྱུར་ཡོད་པ་ནམ་བསྒྱུར་ལ་གསལ་པོ་ཞིག་བལྟས་མེད་ཀྱང་། སྤྱི་ལོ་ ༤༠༥ AD དང་། བརྒྱ་ཕྲག་ ༥ ནང་ལ་བསྒྱུར་ཡོད་པ་དེ། ད་ལྟ་འཕགས་པ་ལྷ་དང་ཀླུ་སྒྲུབ་ཀྱི་རྣམ་ཐར་རྙེད་རྒྱུ་ཡོད་པའི་ནང་ནས་རྙིང་ཤོས་ཤིག་ལ་རྩི་ཡི་ཡོད། ང་ཚོའི་འགྱུར་རྙིང་པ་དག་གི་ནང་ལ་ཀུ་མ་ར་རྗིབ་སྟེ་གཞོན་ནུ་གསོ་ཞེས་ཟེར་བ་དང་། དེང་སང་གི་འགྱུར་གསར་པ་ཚོའི་ནང་ལ་གཞོན་ནུ་འཚོ་དང་གཞོན་ནུ་གསོ་ཞེས་གཉིས་ཀ་བྲིས་ཡོད་པ་མཐོང་སོང་། དེ་ལྟར་བལྟས་པ་ཡིན་ན་འཕགས་པ་ལྷ་ཡི་དུས་རབས་དེ་ ༢༢༠ ནས་ ༢༤༠ བར་ལ་ངེས་པར་དུ་འཇོག་ཐུབ་པ་ཞིག་ཆགས་ཡོད་པར་སྙམ། སྤྱིར་རྒྱ་སྐད་ཀྱི་ནང་ལ་བསྒྱུར་བ་མང་པོ་ཞིག་བོད་ཡིག་ནང་ལ་བསྒྱུར་བ་བཞིན་འགྱུར་དག་པོ་མེད་ཀྱང་། ང་ཚོས་ཚད་མར་བཟུང་ཆོག་པའི་གནས་ཚུལ་ཡང་མང་པོ་ཞིག་ཡོད།

ངས་ཐག་བཅད་ནས་ཞུས་པ་བཞིན་འཕགས་པ་ལྷའི་སྐུ་སྟོད་དེ། ད་ལོའི་ལོ་འདི་ཡེ་ཤུའི་འདས་ལོའམ་སྤྱི་ལོ་ ༢༠༢༣ ཡིན་པ་ལྟར་རྩིས་ན། འཕགས་པ་ལྷ་སྤྱི་ལོ་འདིའི་བརྒྱ་ཕྲག་ ༣ པའི་ནང་ལ་བྱོན་པ་དང་། ཟླ་བ་གྲགས་པའི་སྐུ་དུས་དེ་བརྒྱ་ཕྲག་ ༤ པ་དང་ ༥ མགོ་སྟོད་ལ་བཞག་པ་ཡིན་ན་རང་ལུགས་ལ་མི་བདེ་བ་ཆེར་མེད། དེ་ཞུ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། ང་ཚོས་སྲོལ་རྒྱུན་རང་གི་ཐོག་ནས་སློབ་སྦྱོང་བྱེད་སྐབས་སློབ་དཔོན་དེ་དག་བྱོན་པའི་དུས་ཚིགས་དེ་གལ་ཆེན་པོར་རྩིས་ནས་ཐུགས་སྣང་གནང་གི་མེད། ད་ལྟ་དེང་རབས་ཀྱི་སློབ་སྦྱོང་བྱེད་སྟངས་ལ་གནས་ཚུལ་ཅི་འདྲ་ཞིག་ཡིན་ན་ཡང་དེའི་བྱུང་བ་རིག་པའི་རྒྱབ་ལྗོངས་ལ་བལྟ་དགོས་པ་དང་། དངོས་གནས་དེང་སང་གི་ཉམས་ཞིབ་བྱེད་སྟངས་ཀྱི་འགྲོས་རང་དང་བསྟུན་ནས་བྱེད་སྐབས། བཤད་བྱའི་གཞུང་དེ་དུས་རབས་ཅི་འདྲ་ཞིག་ལ་བྱུང་བ་དེའི་རྒྱུ་མཚན་ལ་བརྟེན་ནས། གཞུང་གི་གནད་དོན་མང་པོ་ཞིག་ལ་གོ་རྟོགས་ཡོང་ཐུབ་པའི་གནས་སྟངས་ཤིག་ཡོད་པས། བཞི་བརྒྱ་པའི་གཞུང་འདི་ཡང་ཆེད་དུ་བྱ་བའི་གདུལ་བྱ་རྒྱ་གར་གྱི་སྐབས་དེའི་སྤྱི་ཚོགས་ནང་གི་བློ་ན་ཕྲན་བུའི་མཐོ་བའི་གང་ཟག་དེ་དག་ལ་ཡོང་སྲིད་པའི་བསམ་བློའི་འགྱུར་བག་དང་། བློ་ཡི་འཁྱེར་སོ་དེ་དག་གཞི་རྩར་བཞག་སྟེ། ཚིག་རེ་རེ་བྱས་ནས་ཐུགས་སྣང་གནང་ཡོད་པ་དེས། སྐབས་སོ་སོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། སྐབས་དེ་དང་དེའི་ཆེད་དུ་བྱ་བའི་གདུལ་བྱའི་བློ་ཡི་ནུས་པ། བློ་ཡི་འཁྱེར་སོ་བཅས་ལ་ཡང་ཤུགས་སྣོན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པ་དེ་དངོས་ཡོད་ཀྱི་གནས་སྟངས་ཡིན་སྟབས། སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། སྐབས་དེའི་ཁྱོན་ཡོངས་ཀྱི་བསྟན་པའི་གནས་སྟངས། ཆོས་དང་འཇིག་རྟེན་ཡོངས་རྫོགས་ཀྱི་གནས་སྟངས་དེ། བྱུང་བ་རིག་པའི་གཞི་རྟེན་གྱི་ཐོག་ནས་ཤེས་པ་ཡིན་ན། གཞུང་གི་དོན་ལེགས་པར་བཀྲལ་བ་ལ་ཡང་ཕན་ཐོགས་ཡོད།

དེང་རབས་ཀྱི་བྱུང་བ་རིག་པའི་མཁས་པ་ཚོའི་ཀླན་ཀ་མེད་པ་རྩ་ནས་མིན། དེང་རབས་ཀྱི་བྱུང་བ་རིག་པ་དང་། ལྷག་པར་དུ་རྒྱ་གར་གྱི་སྤྱི་ཚོགས་ནང་དེའི་ཐོག་ལ་གཏིང་ཟབ་པོས་ཉམས་ཞིབ་གནང་མཁན་ཚོས་ཀླུ་སྒྲུབ་བཞི་དང་། འཕགས་པ་ལྷ་གསུམ། ལེགས་ལྡན་གཉིས་བཅས་བཤད་དགོས་པ་དེ་རྒྱུ་མཚན་མེད་པར་བཤད་པ་མིན། ཁོ་ཚོར་ཡང་རྒྱུ་མཚན་མང་པོ་བགྲང་རྒྱུ་ཡོད། དཔེར་ན། སྲོལ་རྒྱུན་གྱི་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་ལ་མཇལ་ན། ཐོག་མར་ནཱ་ལེནྡྲ་ལ་གསན་བཞེས་གནང་མཁན་གྱི་ཀླུ་སྒྲུབ། དེའི་རྗེས་ལ་ཀླུ་ཡུལ་དུ་ཕེབས་ནས་གནས་སྐབས་ཤིག་ལ་མཇལ་རྒྱུ་མེད་པའི་ཀླུ་སྒྲུབ། དེའི་རྗེས་ལ་ཡང་བསྐྱར་ཐེག་པ་ཆེན་པོའི་མདོ་ལ་སོགས་པ་གདན་དྲངས་ནས་ཀླུ་ཡུལ་ནས་ཚུར་ཕེབས་ཟིན་པའི་སྐབས་ཀྱི་མགོན་པོ་ཀླུ་སྒྲུབ། དེ་ནས་ཡང་སྒྲ་མི་སྙན་ལ་གསེར་འགྱུར་རྩིའི་གདམས་ངག་བཞེས་པར་ཕེབས་པའི་སྐབས་ཀྱི་ཀླུ་སྒྲུབ་མཇལ་རྒྱུ་མེད་པའི་དུས་སྐབས། དེ་ནས་ཡང་སྒྲ་མི་སྙན་ནས་ཚུར་ལོག་སྟེ་རྒྱ་གར་ལ་ཕེབས་པའི་སྐབས་ཀྱི་ཀླུ་སྒྲུབ། དེ་ལྟར་གང་ཟག་ཕལ་བ་ཞིག་གིས་ཀླུ་སྒྲུབ་མཇལ་དང་མ་མཇལ་གྱི་དུས་རབས་མང་པོ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཀླུ་སྒྲུབ་བཞི་བཞག་པ་དེ། བྱུང་བ་རིག་པ་དང་བསྟུན་པ་ཡིན་ན་ཏག་ཏག་འགྲིག་ངེས་ཤིག་རེད། གང་ལྟར་མི་གཅིག་ལོ་ ༦༠༠ སྡོད་པ་དེ་ད་ལྟའི་འགྲོ་བ་མི་ཡི་ཚེ་ཚད་དང་བསྟུན་པ་ཡིན་ན། བྱུང་བ་རིག་པ་དང་མི་མཐུན་པ་ཞིག་མཐོང་གི་ཡོད་སྟབས། ཀླུ་སྒྲུབ་ལོ་ ༦༠༠ བཞུགས་པ་དེ་ཁས་ལེན་གྱི་མེད།

ཕྱོགས་གཞན་པ་ཞིག་ནས་བལྟས་པ་ཡིན་ན། སྟོན་པ་རྣམ་འདྲེན་བཞི་ལ་འཇིག་རྟེན་ལ་བྱོན་པའི་སྐབས་དེ་ཚེ་ལོ་བརྒྱ་པ་ཡིན་ཟེར་གྱི་ཡོད་པས། སྐྱེ་འགྲོ་རྣམས་ཚེ་ལོ་བརྒྱ་པའི་སྐབས་ཡིན། ག་ཚོད་མང་བ་བསྡད་ཀྱང་ལོ་ ༡༠༠ དང་ལོ་ཤས་ཤིག་མ་གཏོགས་དེ་ལས་བརྒལ་བ་སྡོད་མི་ཐུབ་པ་དང་། སྤྱིར་ཚེ་ཡི་གནས་ཚུལ་གྱི་ཐོག་ནས་བལྟས་ན་ཡང་དེ་འདྲ་ཞིག་རེད། ཡིན་ན་ཡང་ད་ལྟ་མངོན་གསུམ་གྱིས་གྲུབ་པ་ལ་ལོ་ ༡༢༠ ཁ་གྲངས་ཅན་རྒྱ་གར་གྱི་ནང་ལ་ཡང་མཐོང་རྒྱུ་ཡོད། ང་ཝ་ར་ཎཱ་སིར་ཡོད་སྐབས་གངྒཱའི་ནང་ལ་ཤིང་གི་སྟེགས་ཤིག་བཟོས་ནས་དེའི་ནང་ཤ་སྟག་ལ་བཞུགས་མཁན་རྒྱ་གར་གྱི་རྣལ་འབྱོར་བ་ཞིག་ཡོད། མིའི་བཤད་རྒྱུན་ལ་རྣལ་འབྱོར་བ་དེ་ལོ་ ༣༠༠ ལྷག་ཅིག་བཞུགས་པ་རེད་ཟེར། ཁོང་གི་སྐུ་གཟུགས་ཀྱི་གཉེར་མ་དང་། སྒལ་བའི་སྒང་གི་གཉེར་མ་དེ་ཚོར་བལྟས་པ་ཡིན་ན། པགས་པ་མཐུག་པོ་འཁུམས་པ། འདི་འདྲ་ཞིག་མཐོང་མ་མྱོང་ཨང་བསམས་དགོས་པའི་གཟུགས་པོའི་གནས་བབ་དེ་འདྲ་ཞིག་འདུག དེ་ལྟ་བུ་ད་ལྟའི་གནས་སྐབས་ལ་ཡང་སྐྱེ་བོའི་མཐུན་སྣང་ལ་མཐོང་རྒྱུ་ཡོད། གཅིག་བྱས་ན་སྐྱག་རྫུན་ཡིན་སྲིད་ལ། གཅིག་བྱས་ན་དངོས་གནས་ཡིན་སྲིད།

ལོ་བརྒྱ་ཕྲག་མང་པོར་སྡོད་མཁན་གྱི་གང་ཟག་ཡོང་སྲིད་པའི་དུས་སྐབས་ལ། ཚེ་ཡི་རིག་བྱེད་དང་བཅུད་ལེན་ལ་སོགས་པའི་ཐབས་ལ་བརྟེན་ནས་ཚེ་བསྲིང་མི་ཐུབ་པ་ད་ལྟ་ཡང་མཐའ་གཅིག་ཏུ་སྒྲུབ་ཁག་པོ་ཡིན། རྒྱ་གར་གྱི་ཚེའི་རིག་བྱེད་ཀྱི་གཞུང་གི་ནང་ལ་ལུས་རྣམ་པར་བསྒྱུར་བ་སྟེ་ཀ་ཡ་ཀཱལ་པ་(kaya kalpa. kaya-ལུས། kalpa-བསྒྱུར་པ། འདི་ནི་ལོ་ ༡༠,༠༠༠ ལྷག་གི་ལོ་རྒྱུས་ཡོད་པའི་རྒྱ་གར་གྱི་ཚེ་ཡི་རིག་བྱེད་ཀྱི་མན་ངག་ཅིག་སྟེ། ཉི་འོད་མེད་པའི་ས་དོང་སོགས་སུ་ཉིན་གྲངས་ ༩༠ རིང་རླུང་སྦྱོར་དང་སྨན་སྦྱོར་ཟུང་འབྲེལ་ལ་བརྟེན་ནས་ལུས་པོའི་ནང་གི་ཕྲ་ཕུང་"cells"དང་། སྐྱེ་ལྡན་ཕྲ་རབ་དུག་རྫས་"toxins"རྙིང་པ་རྣམས་གསར་བར་སྒྱུར་ཐབས་ཀྱི་མན་ངག་ཅིག་ཡིན་འདུག་ལ། ཧ་ཅང་སྒྲུབ་དཀའ་བའི་མན་ངག་ཅིག་ཀྱང་ཡིན་འདུག-ཡིག་འབེབས་པ།)སྟེ་ལུས་རྣམ་པར་བསྒྱུར་བ། རྒས་པའི་ལུས་ནས་གཞོན་པའི་ལུས་ལ་བསྒྱུར་བའི་སྨན་སྦྱོར་ཞིག་བཤད་ཡོད་པ་དེར་ཀ་ཡ་ཀཱལ་པ་ཟེར། དེའི་སྨན་སྦྱོར་དེ་འཛོམས་ཁག་པོ་དང་། ཧ་ཅང་བྱེད་ཁག་པོ་ཞིག་ཡིན་ས་རེད། སློབ་དཔོན་མ་དྷན་ མོ་ཧན་ མ་ལ་བི་ཡ་(Madan Mohan Malaviya)ཞུ་བ་ཞིག་ཡོད། ཁོང་བྷི་ན་ར་སི་ ཧིན་དྷུ་ གཙུག་ལག་སློབ་གཉེར་ཁང་(Banaras Hindu University)ཕྱག་འདེབས་མཁན་དེ་ཡིན། ཕལ་ཆེར་ཁོང་དགུང་ལོ་ ༧༠ མ་ཟིན་ཙམ་ལ། ཀ་ཡ་ཀཱལ་པ་སྟེ་ལུས་རྣམ་པར་བསྒྱུར་བའི་ཐབས་ལམ་ལ་འབད་བརྩོན་བྱས་ཏེ། བདུན་ཕྲག་ཁ་ཤས་རིང་ས་འོག་ལ་དོང་དྲུས་པའི་བྲག་ཕུག་ལྟ་བུ་ཞིག་གི་ནང་ལ་སྨན་བཅོས་གནང་ནས། དབུ་སྐྲ་དཀར་པོ་རྣམས་ནག་པོ་ཆགས་སོང་བ་དེ་དངོས་བྱུང་གི་གནས་ཚུལ་ཡིན། ཁོང་གིས་ཨར་ཡུ་ཝེ་ཏིའམ་(Ayurveda)ཚེ་ཡི་རིག་བྱེད་ནས་བཤད་པའི་བཅོས་ཐབས་དེ་དག་སྐྱག་རྫུན་རེད་མི་འདུག་ཀྱང་། ངས་དེ་དག་བྱེད་དགོས་པ་མི་འདུག་ཅེས་བཤད་དེ་མཐའ་མ་སྐྱེལ་བར་བཏོན་ཡོང་བ་དེ་དངོས་ཡོད་ཀྱི་གནས་སྟངས་རེད། གནས་ཚུལ་དེ་ལྟ་བུ་ཡོད་པས་ཀླུ་སྒྲུབ་ལོ་ ༦༠༠ བཞུགས་ཟེར་བའི་བྱུང་བ་དེ། ང་ཚོ་རྗེས་ལུས་ཐེབས་པའི་བསམ་ཚུལ་ལྟ་བུ་ཞིག་དང་། དེང་རབས་ཀྱི་བྱུང་བ་སྨྲ་བ་དེ་དག་གི་མདུན་ལ་ངོ་ཚ་སྣང་བྱེད་དགོས་པ་ཅང་ཡོད་པ་མ་རེད་སྙམ།

ངས་ནི་ད་ལྟ་ཡང་དེ་ག་རང་ལབ་སྡོད་ཀྱི་ཡོད། ཀླུ་སྒྲུབ་ལོ་ ༦༠༠ བཞུགས་པ། བྱོན་པའི་དུས་དེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༤༠༠ ལ་ཡིན་པ། སངས་རྒྱས་ཀྱིས་ལོ་ ༤༠༠ མཚམས་ལ་བྱོན་པར་ལུང་བསྟན་པ་དེ་ཚད་མ་ཡིན་པ། དེ་ལྟར་ཁས་བླངས་ནས་ཚེ་ཡི་རིག་བྱེད་ཀྱི་གཞུང་རྩོམ་པ་པོ་དང་། དབུ་མའི་གཞུང་རྩོམ་པ་པོ། གསེར་འགྱུར་གྱི་རྩི་སྒྲུབ་མཁན། མདོར་བྱས་དང་རིམ་ལྔ་ལ་སོགས་པའི་གསང་སྔགས་ཀྱི་བསྟན་བཅོས་རྩོམ་མཁན། རིགས་པའི་ཚོགས་ལྔ་ལ་སོགས་པ་དེ་དག་ཚང་མ་རྩོམ་མཁན་ཀླུ་སྒྲུབ་གཅིག་མ་གཏོགས་མེད་པ་དང་། དེ་བཞིན་དུ་ཟླ་བ་གྲགས་པ་ཡང་གང་ཟག་གཅིག་རང་ཡིན་པར་བཤད་ཀྱི་ཡོད།

ཐོགས་མེད་བྱོན་པའི་དུས་དེ་ལ། ང་ནི་མྱ་ངན་འདའ་འོག་ཏུ།། ལོ་ནི་དགུ་བརྒྱ་ལོན་པ་ན།། ཞེས་པ་དེ་རྩོད་གཞི་ཡོད་པའི་གནད་དོན་ཞིག་ཡིན། དེ་ཁ་སང་ཞུ་རྒྱུ་བྱུང་མི་འདུག་ཀྱང་། མདང་དགོང་མཁས་པ་ཞིག་གིས་ང་ལ་དྲན་གསོ་གནང་སོང་བ་ལྟར། དེ་ཡང་ང་ཚོ་ཚང་མས་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད་བསམས། ཐོགས་མེད་ལུང་བསྟན་གྱི་ནང་ལ། ཐོགས་མེད་ཅེས་བྱའི་དགེ་སློང་ནི།། ཞེས་པ་མན་ཆད་མ་གཏོགས། ང་ནི་མྱ་ངན་འདའ་འོག་ཏུ།། ལོ་ནི་དགུ་བརྒྱ་ལོན་པ་ན།། ཞེས་པ་དེ་རྗེས་སུ་བཅུག་པའམ། རྒྱ་ཡི་མཁན་པོ་ཝེན་ཚེག་གིས་གསར་དུ་བཅུག་པ་ལས། རྩ་བའི་གཞུང་གི་ནང་ལ་མེད་པར་འདོད་མཁན་གྱི་བོད་པའི་མཁས་པ་ཡང་བྱུང་ཡོད་ལ། ད་ལྟ་ཕྱི་ལོགས་ཀྱི་མཁས་པ་མང་པོ་ཞིག་གིས་ཀྱང་དེའི་སྐོར་ལ་གསུང་གི་ཡོད། འཇམ་དཔལ་རྩ་རྒྱུད་ཀྱི་རྩ་བའི་གཞུང་ཆ་ཚང་བ་ཞིག་རེག་གི་མེད་པ་དང་། གང་རེག་པ་དེ་དག་ཀྱང་འཇམ་དཔལ་རྩ་རྒྱུད་ཀྱི་ལེགས་སྦྱར་གྱི་གཞུང་དཔེ་རྙིང་པ་ཁ་ཐོར་དེ་འདྲ་ཡིན་པར་མ་ཟད། ཆ་མ་ཚང་བ་འདྲ་མིན་སྣ་ཚོགས་ཤིག་ཡོད་པའི་ནང་ལ། ལོ་ནི་དགུ་བརྒྱ་ལོན་པ་ན།། ཟེར་བའི་ཚིག་དེ་མ་རྙེད་པའི་རྒྱ་གཞུང་ཡང་མང་པོ་བྱུང་ཡོད་པ་དེ་དྭོགས་པ་ཡོད་པའི་གནས་གཅིག་རེད། ལུང་བསྟན་དེ་དངོས་གནས་རེད་དམ་མ་རེད། དཔེ་ཆ་རྙིང་པའི་ནང་ལ་"ལོ་དགུ་བརྒྱ་ལོན་པ་"ཞེས་པའི་ཚིག་དེ་ཡོད་དམ་མེད། དེ་ཙམ་བྱས་ན་ཕྲན་བུའི་དྭོགས་པ་ཆུངས་ཏེ། དཔེ་ཆ་བརླགས་པ་ཡིན་རྒྱུ་རེད་མ་གཏོགས་ཡོད་རྒྱུ་རེད་ཅེས་ཚོད་དཔག་བྱེད་ཐུབ། གང་ཡིན་ཞེ་ན། ཀླུ་སྒྲུབ་སྟོན་པ་མྱ་ངན་ལས་འདས་ནས་ལོ་འདི་ག་ཙམ་ཞིག་ལ་འབྱོན་གྱི་རེད་ཅེས་ལུང་བསྟན་གནང་བ་གང་ཞིག་ལ། སངས་རྒྱས་ཀྱིས་ཐོགས་མེད་བྱོན་པའི་ལོ་དུས་ཅིའི་ཕྱིར་དེ་མ་གསུངས་པ་ཡིན། གཉིས་ཀ་མ་གསུངས་པ་ཡིན་ན་དེ་གནས་སྟངས་གཅིག་རེད། ཀླུ་སྒྲུབ་ཀྱི་ལོ་མཚམས་གསུངས་ནས། ཐོགས་མེད་ཀྱི་ལོ་མཚམས་མ་གསུངས་པ་དེ་ག་འདྲ་ཡིན་ནམ། གཅིག་བྱས་ན་ལེགས་སྦྱར་གྱི་རྩ་གཞུང་ནང་གི་ཕྱག་དཔེ་བརླགས་པ་ཙམ་གྱིས་མ་གཏོགས་དོན་ལ་ཡོད་པ་མིན་ནམ། བོད་ཀྱི་ཚད་ལྡན་གྱི་མཁས་པ་མང་པོས། ལོ་ནི་དགུ་བརྒྱ་ལོན་པ་ན།། ཞེས་པའི་ཚིག་དེ་ཆ་ཚང་བགྲངས་གནང་གི་ཡོད།

དེ་ལས་ཀྱང་དྭོགས་པའི་གནས་ཆེ་ཞིང་། ཕྲན་བུའི་ལན་རྒྱག་ཁག་པོ་ཅི་ཞིག་ཡོད་དམ་ཞེ་ན། དུས་འཁོར་བསྡུས་རྒྱུད་ཀྱི་འགྲེལ་བ་རིགས་ལྡན་པདྨ་དཀར་པོས་བརྩམས་པའི་འགྲེལ་ཆེན་དྲི་མེད་འོད་ཀྱི་ནང་ལ། མངོན་རྟོགས་རྒྱན་གྱི་ལུང་ཞིག་དྲངས་ཡོད་པ་དང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༧༠༤ ལ་འགྲེལ་ཆེན་དྲི་མེད་འོད་རྩོམ་པ་པོ་ཟླ་བ་བཟང་པོ་རིགས་ལྡན་གྱི་རྒྱལ་པོར་མངའ་གསོལ་ཡོད་པས། འགྲེལ་ཆེན་དྲི་མེད་འོད་བརྩམས་པའི་དུས་དེ། སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༧༠༤ ཡི་རྗེས་དང་། ལོ་ ༨༠༤ ཡི་སྔོན་ལ་བརྩམས་པར་ཁས་ལེན་དགོས་པས། ལོ་ ༧༠༤ དང་ ༨༠༤ ཡི་བར་གྱི་ལོ་བརྒྱ་ཕྲག་དེའི་རིང་ལ་བརྩམས་ཡོད་དགོས། 

འགྲེལ་ཆེན་དྲི་མེད་འོད་ཀྱི་ནང་ལ་ལུང་མི་འདྲ་བ་གཉིས་དྲངས་ཡོད་པ་ལས། འདི་ལ་བསལ་བྱ་ཅི་ཡང་མེད།། བཞག་པར་བྱ་བ་ཅུང་ཟད་མེད།། ཅེས་པའི་ཚིག་དེ་གཅིག་དྲངས་ཡོད། ཚིག་འདི་མངོན་རྟོགས་རྒྱན་དང་རྒྱུད་བླ་མ་གཉིས་ཀའི་ནང་ལ་ཡོང་གི་ཡོད་པར་མ་ཟད། ཚིག་དེ་མདོའི་ནང་ལ་ཡང་ཡོང་གི་ཡོད་པས། འགྲེལ་ཆེན་དྲི་མེད་འོད་ཀྱི་ནང་ལ་དྲངས་པ་དེ། མངོན་རྟོགས་རྒྱན་གྱི་ཚིག་ཡིན་པའི་ངེས་པ་ཡོད་དམ་མེད་དེ་དཔྱད་གཞི་ཞིག་རེད། དེ་ལས་གཞན་པའི་མངོན་རྟོགས་རྒྱན་གྱི་ཚིག ཆོས་སྐུ་མཛད་པ་དང་བཅས་པ།། རྣམ་པ་བཞིར་ནི་ཡང་དག་བརྗོད།། ཅེས་པའི་ལུང་གི་མགོ་ལ་"བྱམས་པས་"ཞེས་ལུང་དྲངས་པའི་ཁུངས་ལ་བྱམས་པ་ཞེས་གསལ་ཡོད་པས། མངོན་རྟོགས་རྒྱན་དེ་འགྲེལ་ཆེན་དྲི་མེད་འོད་ཀྱི་སྔོན་ལ་ཡོད་པ་ཁས་ལེན་དགོས་པ་དང་། མངོན་རྟོགས་རྒྱན་འགྲེལ་ཆེན་དྲི་མེད་འོད་ཀྱི་སྔོན་ལ་ཡོད་ན། ཐོགས་མེད་བྱོན་པའི་ལོ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༧༠༠ སྔོན་ལ་འཇོག་དགོས་ཀྱི་ཡོད།

བོད་ཀྱི་མཁས་པ་གཞན་པ་ཚོས་དེ་ལ་ག་རེ་གསུང་གི་ཡོད་དམ་ཞེ་ན། ཐོགས་མེད་ཀྱིས་བྱམས་མགོན་གྱི་དྲུང་ནས་བརྩམས་ཟིན་པའི་བྱམས་ཆོས་སྡེ་ལྔ་གསན་ནས་མི་ཡུལ་ལ་གདན་འདྲེན་ཞུས་པ་མ་གཏོགས། བྱམས་ཆོས་སྡེ་ལྔ་བརྩམས་པའི་དུས་དེ་ཐོགས་མེད་ཀྱིས་བྱམས་པ་མཇལ་བའི་རྗེས་ལ་བརྩམས་པ་མིན་ཞེས་གསུངས་ཚུལ་གཅིག ཡང་བརྩམས་མེད་ཀྱང་བྱམས་མགོན་གྱི་ཐུགས་ལ་རྫོགས་པའི་བྱམས་ཆོས་སྡེ་ལྔ་ཁས་ལེན་མཁན་རིགས་གཅིག དེ་དག་གིས་མི་ཡུལ་དུ་ཐེག་པ་ཐུན་མོང་བའི་བཀའ་བསྡུ་རིམ་པ་གསུམ་མཛད་པ་ནང་བཞིན། ལྷ་ཡུལ་ནས་མགོན་པོ་བྱམས་པ་དང་། སྤྱན་རས་གཟིགས། འཇམ་པའི་དབྱངས་ཀྱིས་ཐེག་པ་ཆེན་པོའི་བཀའ་བསྡུ་མཛད་ཅིང་། ཐེག་པ་ཆེན་པོའི་མདོ་དང་གསང་སྔགས་ཀྱི་རྒྱུད་ལ་སོགས་པ་དེ་དག་ཀྱང་བཀའ་བསྡུ་མཛད་པ་པོ་ལོགས་སུ་བཞག་སྟེ། གསང་སྔགས་ཀྱི་རྒྱུད་ལྟ་བུ་གསང་བའི་བདག་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པས་བཀའ་བསྡུ་མཛད། ཤེར་ཕྱིན་གྱི་གཞུང་ལ་སོགས་པ་བྱམས་འཇམ་དབྱངས་ལ་སོགས་པས་བཀའ་བསྡུ་མཛད་ཡོད་སྟབས། བྱམས་ཆོས་སྡེ་ལྔའི་གཞུང་དེ་སྟོན་པ་མྱ་ངན་ལས་འདས་མ་ཐག་ཏུ། དགའ་ལྡན་ལ་སོགས་པའི་ལྷ་ཡུལ་རྣམས་སུ་བྱང་ཆུབ་སེམས་དཔའ་གསུམ་གྱིས་ཐེག་པ་ཆེན་པོའི་བཀའ་དེ་དག་བསྡུ་བའི་སྐབས་ལ། བྱམས་པས་ཤེར་ཕྱིན་གྱི་གཞུང་གི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པའི་བྱམས་ཆོས་སྡེ་ལྔ་ལ་སོགས་པ་བརྩམས་པ། ཐོགས་མེད་ཀྱིས་གདན་འདྲེན་ཞུས་པ་རེད་ཟེར།

ཡང་སློབ་དཔོན་སེངྒེ་བཟང་པོ་ལ་སོགས་པའི་རྒྱ་གར་གྱི་མཁས་པ་མང་པོ་དང་། གསེར་ཕྲེང་གི་ནང་ལ་ཡང་ཡོད་རྒྱུ་རེད་བསམས།(རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ། པོད། ༡༧ ། ལེགས་བཤད་གསེར་གྱི་ཕྲེང་བ། ཤོག་ངོས་ ༡ པོར། རྒྱལ་ཡུམ་རྒྱན་འདི་གང་གི་ཐུགས་རྗེ་ཡིས།། འགྲོ་ལ་སྣང་མཛད་ཐོགས་མེད་དེ་ལ་འདུད།། ཅེས་དང་། ཤོག་ངོས། ༢༠ ནས་ ༢༢ བར་རྒྱ་གར་གྱི་མཁས་པ་སོ་སོའི་བཞེད་པ་དང་། དེ་དག་ལས་གང་འཐད་ཀྱི་དགག་བཞག་སྤོང་གསུམ་ཞིབ་གསལ་མཛད་ཡོད་པས་དེར་གཟིགས།-ཡིག་འབེབས་པ།)ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ཐོགས་མེད་ཡིན་པ་དང་། ཁོང་གིས་ཞུས་ནས་བརྩམས་པར་འདོད་པའི་མཁས་པའི་གསུང་རྒྱུན་མང་པོ་ཞིག་ཡོད་པས། ཐོགས་མེད་བྱོན་པའི་དུས་ལོ་ ༩༠༠ དེ་ཕྱིས་དྲགས་པ་མིན་ནམ་བསམས། འགྲེལ་ཆེན་དྲི་མེད་འོད་ཀྱི་ནང་ལ་དྲངས་པའི་ལུང་དེ། དངོས་གནས་ཐོགས་མེད་ལ་གསུངས་པའི་མངོན་རྟོགས་རྒྱན་གྱི་ལུང་ཡིན་ན། ཐོགས་མེད་དེའི་སྔོན་ལ་ཡོད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ཀྱང་། བྱུང་བ་རིག་པ་བཤད་པའི་སྐབས་སུ་གང་ལ་ལུང་དོན་འཇོག་དགོས་ཤེ་ན། ལུང་དོན་གཞག་སའི་དྲི་མེད་འོད་ཀྱི་ནང་ལ་དྲངས་པའི་ལུང་དེ། དྲི་མེད་འོད་མ་བརྩམས་པའི་སྔོན་ནས་ཡོད་དགོས་པ་དེ་སྤྱིར་བཏང་གི་བྱུང་བའི་རིམ་པའི་ཐོག་ནས་བཤད་དགོས་པས། བྱམས་ཆོས་སྡེ་ལྔ་ཐོགས་མེད་ཀྱིས་ཞུས་ནས་བརྩམས་པའི་ལུགས་དེ་མ་བཤད་པར། བྱམས་ཆོས་སྡེ་ལྔ་ཐོགས་མེད་ནས་བརྒྱུད་པ་ཞིག་ཡིན་པ། སྤྱིར་བཏང་དགའ་ལྡན་དང་ཤམ་བྷ་ལ་ཡི་ཡུལ་དེ་དག་ཁ་ཁྱད་དང་ས་ཆོད་ཀྱི་ཁྱད་པར་ཡོད་ཀྱང་། ཤམ་བྷ་ལ་དག་ཞིང་གི་གྲས་ལ་རྩི་ཡི་ཡོད་མེད་དྭོགས་པ་ཡིན་ཡང་། དགའ་ལྡན་དག་པའི་ཞིང་ལ་རྩི་ཡི་ཡོད། ཤམ་བྷ་ལ་དེ་འཛམ་བུའི་གླིང་གི་ཡ་གྱལ་ཞིག གང་ལྟར་ད་ལྟ་ང་ཚོས་ཤམ་བྷ་ལ་བཤད་སྡོད་པ་མ་གཏོགས། ཤམ་བྷ་ལ་གང་དུ་ཡོད་པ་ས་བཀྲའི་ཐོག་ནས་མཛུག་གུ་འཛུགས་རྒྱུ་རྙེད་ཁག་པོ་རེད། ཡང་བཤད་ཚུལ་གཅིག་ལ་སྦས་པའི་ཡུལ་ཞེས་སྐྱེ་བོ་ཐ་མལ་བས་མཐོང་མི་ཐུབ་པའི་གནས་དེ་འདྲ་ཡོད་པར་ངོས་ལེན་བྱས་པ་ཡིན་ན། ད་ལྟའི་རྒྱ་གར་གྱི་དེང་རབས་ཀྱི་མཁས་པ་དེ་ཚོའི་ནང་ལ་ཡང་ཤམ་བྷ་ལ་འཚོལ་མཁན་མང་པོ་ཡོད། མང་པོ་ཞིག་གིས་ཤམ་བྷ་ལ་ངོས་བཟུང་ནས་ཅིག་ཅིག་ལ་རེད་ཟེར་བ། ཡང་མ་དྷེ་པར་དྷེ་ཤིའི་(Madhya Pradesh)ལུང་པ་ཅིག་ཅིག་ཤམ་བྷ་ལ་རེད་ཟེར་བ། ཡང་ར་རྗ་སི་ཋཱིན་(Rajasthan)གྱི་ས་ཆ་ཅིག་ཅིག་ཤམ་བྷ་ལ་རེད་ཅེས་གསུང་མཁན་ཡོད།

ང་ཚོའི་ངོས་ནས་བྱས་ན། རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་འབྱོན་པ་ལ་ལོ་ ༣༠༠ ཡས་མས་ཤིག་མ་གཏོགས་ལྷག་མེད་པས་མགྱོགས་པོ་ཡིན་ན་ཡང་། རྒྱ་གར་གྱི་བཤད་ཚུལ་གཅིག་ལ་ལོ་སྟོང་ཕྲག་མང་པོའི་རྗེས་ལ་ཡོང་རྒྱུ་ཡིན་པ། བཤད་ཚུལ་གཅིག་ལ་རིགས་ལྡན་དྲག་པོ་སྐུ་འཁྲུངས་ཟིན་པ་རེད་ཟེར་མཁན་ཡང་ཡོད། དེང་སང་ཡང་དེའི་སྐོར་ལ་གསར་འགྱུར་ཡང་མང་པོ་ཡོང་གི་འདུག རིགས་ལྡན་འཁྲུངས་ཟིན་པ་དང་། རྩོད་ལྡན་སྙིགས་པ་ལྔ་ཡི་དུས་ཚོད་རྫོགས་རན་པ། རྫོགས་ལྡན་གསར་པ་དེ་ ༢༠༣༠ སྔོན་ལ་ཤར་གྱི་རེད་ཅེས་བཤད་མཁན་ཡང་ཡོད་པས། སྤྱི་ལོ་ ༢༠༣༠ སྔོན་ལ་ཤར་བ་ཡིན་ན་ང་ཚོས་ཀྱང་མཐོང་གི་རེད། མང་ཆེ་བ་ ༢༠༣༠ བར་དུ་སྡོད་ཐུབ་ངེས་རེད། རྒྱ་གར་གྱི་སྐར་རྩིས་པ་དེ་འདྲ་བཤད་མཁན་ཡོད།

སྤྱིར་བཏང་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་དེ་ནང་པའི་གཞུང་ནས་བཤད་པ་དང་། ཕྱི་རོལ་རིག་བྱེད་ཀྱི་གཏམ་རྒྱུད་ནས་བཤད་པ་གཉིས་ཧ་ཅང་འདྲ་བོ་རེད། རིག་བྱེད་ཀྱི་གཏམ་རྒྱུད་ཀྱི་ནང་ལ་ཁྱབ་འཇུག་གི་འཇུག་པ་བཅུ་ཟེར་བ་ཞིག་བཤད་ཡོད་པ་དང་། ཁྱབ་འཇུག་གི་འཇུག་པ་བཅུ་བཤད་པའི་ནང་ནས། སངས་རྒྱས་དེ་འཇུག་པ་དགུ་པ་ཡིན་ཟེར་བས། སངས་རྒྱས་སྟོན་པ་ཤཱཀྱ་ཐུབ་པ་དེ་ཡང་ཁྱབ་འཇུག་གི་སྤྲུལ་བ་ཡིན་ཞེས་ཕྱི་རོལ་པས་ཁས་ལེན་སྟངས་དེ་འདྲ་ཡིན། ད་ལྟའི་དུས་རབས་དེ་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་ནས་བུདྡྷི་སྟེ་"སངས་རྒྱས་ཀྱི་དུས་རབས་ཡིན་"ཞེས་བཤད་ཡོད་པར་བརྟེན། འཇུག་པ་བཅུ་པའམ་འཇུག་པ་ཐ་མ་དེ་རིགས་ལྡན་དྲག་པོ་ཡིན་པ་དང་། དེའི་རྗེས་ལ་རྫོགས་ལྡན་གཉིས་པ་ཞེས་ལབ་ཀྱི་ཡོད་ལ། ང་ཚོས་ཀྱང་དེ་དང་གཅིག་མཚུངས་ལབ་ཀྱི་ཡོད། བཅོམ་ནས་རྫོགས་ལྡན་བཞིན་དུ་མཛད་པའི་དུས།། ཞེས་རྫོགས་ལྡན་ངོ་མ་ཡིན་མིན་མི་ཤེས་ཏེ། རྫོགས་ལྡན་དང་འདྲ་བ་ཞིག་ཡིན་པར་གསུངས་ཡོད། ཁོ་ཚོས་ཀྱང་རྫོགས་ལྡན་གཉིས་པ་ལ་ལོ་མང་པོ་དེ་ཙམ་མེད་པར། ལོ་སྟོང་ཕྲག་ ༢ ཡས་མས་ཤིག་ཡིན་པ་དང་། དེའི་རྗེས་ལ་བསྐལ་བ་འཇིག་པའི་དུས་ཚོད་བསླེབ་པ་དེ། ཁོ་ཚོའི་དངོས་རབས་ཀྱི་ནང་ལ་"པུ་རིཀ་ནིག་"ཅེས་པའི་དངོས་རབས་བཅོ་བརྒྱད་ལ་སོགས་པའི་ནང་ལ་དེ་ལྟར་བཤད་ཡོད།

 

དེ་འདྲར་བརྟེན་ཐོགས་མེད་བྱོན་པའི་དུས་དེ་མངོན་རྟོགས་རྒྱན་གྱི་ལུང་དྲི་མེད་འོད་ལ་སོགས་པར་དྲངས་ཏེ་ཕྲན་བུས་མི་བདེ་བ་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་ལུང་དོན་འཇོག་དགོས་བྱུང་ན། འགྲེལ་ཆེན་དྲི་མེད་འོད་དུ་དྲངས་པའི་ལུང་དེ་དག་ལ་ལུང་དོན་བཞག་ནས། སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༩༠༠ ལ་ཐོགས་མེད་འཁྲུངས་པ་དེ་ཁས་བླང་། མཁས་པ་གཞན་པ་དག་གི་བསམ་ཚུལ་ཡང་དེ་དང་མཉམ་དུ་བང་བསྒྲིགས་ནས་བྱུང་བ་རིག་པ་དང་མཐུན་ཆེ་བ་ཞིག་དང་། ང་ཚོའི་བྱུང་བ་རིག་པ་དེ་དེང་རབས་ཀྱི་བྱུང་བ་རིག་པ་དང་མཉམ་དུ་ཕན་ཚུན་གཉིས་ཀས་ཁས་ལེན་བྱེད་ཐུབ་པ་ཞིག་འཇོག་དགོས་ན། འདི་ལྟར་བྱས་ཚེ་སྟབས་བདེ་པོ་ཡོད་པའི་བཟོ་ཞིག་འདུག དེང་སང་སློབ་གཉེར་བ་བློ་གསར་ཚོའི་ནང་ལ་བྱུང་རབས་ལ་ཐུགས་སྣང་ཡོད་པ་དང་། དེར་ཉམས་ཞིབ་བྱེད་པའི་འགྲོས་ཕྱིན་པ་མང་པོ་ཡོད་སྟབས། དེ་དག་གི་དོན་དག་ལ་བྱ་གཏོང་སྙན་སྒྲོན་གྱི་ཚུལ་དུ་ཁས་མ་བླངས་ན་འགྲིག་པའི་དོན་དག་ཅི་ཞིག་ཡིན་པ་དང་། ངེས་པར་དུ་ཁས་བླང་དགོས་པ་དེ་ག་རེ་ཡིན་པ་དེ་ཟུར་ཙམ་ཟུར་ཙམ་ཞུས་པ་ཡིན་ན། རྗེས་མར་ཉམས་ཞིབ་གནང་མཁན་དང་། ཞིབ་འཇུག་གནང་མཁན་ཚོར་ཐུགས་ཕན་སོས་ཀྱི་མེད་དམ་སྙམ་མོ།།

2023-04-30 Sumbatsang
2023-03-21 ggyg
TThhhh
2023-03-08 ཇག་ལྷ།
 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།