Back To Top

བསྒྱུར་རྩོམ་ཞིག

བསྒྱུར་རྩོམ་ཞིག

བཀླགས་གྲངས། 730

ང་ཡི་ཨ་མ་ལགས་འདས་པའི་ཉིན་མོ་དེར་ངས་རང་གི་ཉིན་ཐོ་ནང་དུ་ངའི་མི་ཚེའི་ནང་གི་རྐྱེན་ངན་གོད་ཆགས་ཀྱི་ཉིན་མོ་དེ་བསླེབས་སོང་ཞེས་བྲིས་པ་ཡིན།  དྲིན་ཆེན་མ་ལོ་ཚེ་ལས་འདས་ནས་ལོ་ངོ་གཅིག་ལས་ལྷག་གི་རིང་ལ་ང་ནི་སྡུག་བསྔལ་གྱི་འོབ་དོང་ནང་ལ་ལྷུང་།  འོན་ཀྱང་།    མཚན་མོ་ཞིག་ལ་ང་རང་ཝེ་ཐི་ནམ་གྱི་རི་ལུང་དུ་ཆགས་པའི་ཁོ་བོའི་མཚམས་ཁང་ཆུང་ཆུང་དེའི་ནང་དུ་གཉིད་ནས་སྡོད་སྐབས་ངས་རང་གི་བརྩེ་ལྡན་གྱི་མ་ལོ་རྨི་ལམ་དུ་རྨིས་བྱུང་།  རྨི་ལམ་ནང་དུ་ང་ཨ་མ་དང་ལྷན་དུ་བསྡད་དེ་ངོ་མཚར་བའི་ཁ་བརྡ་ཞིག་བྱེད་བཞིན་ཡོད་པ་མཐོང་།      ཨ་མ་ལགས་ནི་བལྟས་ཚོད་ལ་ལོ་ན་གཞོན་ཞིང་ཡིད་དུ་འོང་བ་ཞིག་རེད་འདུག་ཅིང་།   མོ་རང་གི་སྐྲ་ལོ་མར་ལ་དཔྱངས་ནས་འདུག  ཁོ་མོ་ནམ་ཡང་འཇིག་རྟེན་དང་ཁ་བྲལ་མ་མྱོང་བ་དང་འདྲ་བར་ཕ་གིར་བསྡད་དེ་མོ་རང་དང་ལྷན་དུ་ཁ་བརྡ་བྱེད་དུས་ཧ་ཅང་སྐྱིད་པོ་ཞིག་འདུག       ང་རང་གཉིད་ལས་སད་དུས་དེ་ནི་ཞོགས་པའི་དུས་ཚོད་གཉིས་པར་ཐོན་གྲབས་འདུག  སྐབས་དེར་ང་རང་ཨ་མ་དང་ནམ་ཡང་ཁ་བྲལ་མེད་པའི་ཚོར་བ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་བྱུང་པ་མ་ཟད། ཁོ་མོ་ད་དུང་ཡང་ང་དང་མཉམ་དུ་ཡོད་པའི་སྣང་བརྙན་དེ་གསལ་གསལ་ཐིང་ཐིང་རེད་འདུག    དེ་ནས་ང་རང་གིས་ཁོ་བོའི་ཨ་མ་ཚེ་ལས་འདས་སོང་ཞེས་པ་དེ་ནི་བསམ་འཆར་ཙམ་ཡིན་པ་ཤེས་རྟོགས་བྱུང་། ཨ་མ་ནི་ནམ་རྒྱུན་ངའི་སེམས་གཏིང་དུ་གསོན་ཡོད་པ་ནི་སྐབས་དེ་ནས་ཧ་ཅང་མངོན་གསལ་རེད།    
 
ངས་སྒོ་ཕྱེས་ཏེ་ཕྱི་ལོག་ལ་སོང་བ་ཡིན། རི་ལྡེབས་ཡོངས་རྫོགས་ཟླ་འོད་འོག་ཏུ་ཡིབ་འདུག   དེ་ནི་ཇ་སྡོང་གིས་བསྐོར་བའི་རི་བོ་ཆུང་ཆུང་ཞིག་ཡིན་ཞིང་། ངའི་ཁང་ཆུང་ནི་ལྷ་ཁང་གི་རྒྱབ་ཕྱོགས་སུ་ཡོད། ཟླ་འོད་འོག་ཏུ་གོམ་པ་དལ་མོར་སྤོས་ཏེ་ཇ་སྡོང་གི་སྟར་ཀ་རེ་རེ་བརྒྱུད་ནས་འགྲོ་དུས་ངས་ཨ་མ་ནི་ད་དུང་ཡང་ང་དང་ལྷན་དུ་ཡོད་པ་དོ་སྣང་བྱུང་། སྔོན་ཆད་ཁོ་མོས་ཐེངས་མང་པོར་ང་ལ་བྱམས་བརྩེས་བསྐྱངས་བ་ཇི་བཞིན་དུ་ཁོ་མོ་ནི་ང་ཡི་མགོ་བོར་བྱིལ་བྱིལ་གནང་མཁན་གྱི་ཟླ་འོད་དེ་ཡིན།   དེ་ནི་ཅི་འདྲའི་ཞི་འཇམ་དང་ཅི་འདྲའི་སྤྲོ་སྐྱིད་ལྡན་པ་ཞིག་རེད་ཨང་། ངའི་རྐང་པས་ས་གཞིར་རེག་ཐེངས་རེ་རེར་ངས་ཨ་མ་དེ་རུ་ང་དང་ལྷན་དུ་ཡོད་པ་ཤེས་ཞིང་།   ལུས་ཕུང་འདི་ནི་ང་ཡི་མིན་པར་དེ་ནི་ངའི་ཕ་མ་དང་སྤོ་བོ་དང་རྨོ་བོ། ད་དུང་། ཕ་མའི་ཡང་མེས་ཀྱི་མེས་པོ་ཚང་མའི་རྒྱུན་མཐུད་པ་ཞིག་ཡིན་པ་ངས་ཤེས་ཀྱི་ཡོད། ངས་མཐོང་བའི་”ངའི་”རྐང་པ་དེ་དག་ནི་དོན་དངོས་སུ་”ང་ཚོའི་”རྐང་པ་རེད།   ང་དང་ཨ་མ་གཉིས་ཀྱིས་བརླན་བཤེར་ཆེ་བའི་གཤིན་སའི་སྟེང་དུ་རྐང་རྗེས་བཞག་ཡོད།      
 
དུས་སྐབས་དེ་ནས་བཟུང་། ངའི་ཨ་མ་ཚེ་ལས་འདས་སོང་ཟེར་བའི་བསམ་ཚུལ་དེ་མེད་པར་གྱུར་སོང་། བདག་གིས་བསྒྲུབས་པ་ནི་རང་ཉིད་ཀྱི་ལག་མཐིལ་ལ་བལྟས་ཏེ།  རང་ཉིད་ཀྱི་ངོ་གདོང་ལ་གཡུག་བཞིན་པའི་བསིལ་རླུང་དང་རྐང་འོག་གི་ས་གཞི་འདི་མྱོང་ཞིང་ཚོར་བར་བྱས་ཏེ་ང་ཡི་ཨ་མ་ནི་དུས་ནམ་ཡང་ང་དང་མཉམ་དུ་ཡོད་པ་ཡིད་ལ་བཟུང་ནས་བསྡད་ཡོད།
 
སློབ་དཔོན་ཐི་ཀི་ན་ཏུ་ཧཱན་ Thich Nhat Hanh གྱིས་བརྩམས་ཞིང་། མང་རའི་གངས་ཐིགས་ཀྱིས་དབྱིན་ཡིག་ནས་བསྒྱུར།
2023-02-16 མྱི་ལྡང་།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།