Back To Top

མེས་པོའི་སྲོག་མཁར།

རང་གཤིས།

བཀླགས་གྲངས། 605

༼མེས་པོའི་ཤུལ་བཞག་གཅེས་འཛིན་ནུས་ན་རང་བཙན་ཡིན།༽

 

࿑ མེས་པོའི་ཤུག་བཞག་གངས་ཅན་སྲོག་གི་རྟེན།།

དབྱངས་གསལ་སོ་བཞིའི་ཕ་སྐད་གཙང་མ་དེ།།

འབྲི་ཀློག་བེད་སྤྱོད་འཚོ་བར་མ་བྱས་ན།།

ཁ་སྟོང་ངོམ་ཆོས་མང་པོས་ཕན་པ་མེད།།

 

ཤར་ཕྱོགས་མགོ་ནག་ཕལ་ཆེར་མི་རིགས་ནི།།

ཁྱད་པར་ཆེན་པོ་མེད་ལ་དེ་བཞིན་དུ།།

ནུབ་ཕྱོགས་མགོ་སེར་པ་རྣམས་དེ་འདྲ་ནའང་།།

འབྱེད་བྱེད་གཙོ་བོ་ཕ་སྐད་སྲོག་ལ་ཐུག།

 

དེང་སང་ཞིབ་པར་བརྟགས་ཚེ་སྐྱབས་བཅོལ་གྱི།།

བོད་པའི་གཞོན་སྐྱེས་མང་བས་རང་སྐད་ནི།།

འབྲི་ཀློག་བེད་སྤྱོད་བྱེད་པར་མི་ནུས་པའི།།

ལོང་བ་འདྲ་བས་རང་བཙན་ལོན་མི་སྲིད།།

 

ཕྲིན་ཐུང་སྤེལ་དུས་དབྱིན་སྐད་ལ་སོགས་སྤྱོད།།

གཏམ་བཤད་བྱེད་དུས་བརྡ་དང་ཐ་སྙད་ཕོངས།།

མི་ལོ་ཉིས་སྟོང་ལྷག་གི་སྐད་ཡིག་འདིའི།།

རིན་ཐང་མ་རྟོགས་དེ་ཚེ་རེ་བ་མེད།།

 

རང་བཙན་གཙང་མ་ཕ་སྐད་གཙང་མར་ཐུག།

རང་དབང་དགོས་རང་སྐད་བེད་སྤྱོད་གྱིས།།

བཟོ་ཚོང་ངལ་རྩོལ་ལས་རིགས་ཡོངས་རྫོགས་ཀུན།།

བོད་སྐད་གཙང་མའི་ཐོག་ནས་ཅི་འཐོན་གྱིས།།

 

བརྒྱ་བཤད་སྟོང་འུར་ཟློས་གར་ཅི་འཁྲབས་ཀྱང་།།

ཕ་སྐད་གཙང་མའི་སྲོག་མཁར་མ་བརྟན་ན།།

སྐད་ལོག་མང་པོ་ཇི་ལྟར་རྒྱབ་ན་ཡང་།།

ཕན་འབྲས་ཅུང་ཟད་ཙམ་ལས་ངས་མ་མཐོང་།།

 

དེ་ཕྱིར་ཕོ་མོ་རྒན་གཞོན་དར་གསུམ་གྱིས།། 

རྟག་ཏུ་བོད་ཀྱི་སྐད་ཡིག་སྦྱངས་བྱས་ཤིང་།།

མི་འབོར་བརྒྱ་ཆ་བདུན་ཅུ་རང་སྐད་ཀྱི།།

ཤེས་ལྡན་མི་གྲལ་བསླེབ་ཚེ་རང་བཙན་ཡིན།།

 

དྲང་པོར་དཔྱོད་དང་བོད་མི་ཕྱིར་བཞུགས་པའི།།

མི་འབོར་འབུམ་ཚོ་གཉིས་དང་ཕྱེད་ཙམ་ལས།།

ཁྲི་ཚོ་གཉིས་ཙམ་སུམ་རྟགས་དག་གསུམ་ལ།།

རང་མགོ་འཐོན་མཁན་མི་འདུག་ཀྱེ་མ་ཧུད།།

 

མི་ལོ་དྲུག་ཅུ་རང་དབང་ལུང་པར་གནས།།

ད་རུང་མི་འབོར་བརྒྱ་ཆ་ཉི་ཤུ་ལས།།

རང་གི་སྐད་ཡིག་རང་མགོ་མ་འཐོན་ན།།

མི་རབས་རྗེས་མར་རེ་བ་གཏན་དུ་བྲལ།།

 

ང་རྒྱལ་ཆེ་བས་དྲང་པོའི་གནས་ལུགས་ནི།། 

ཁས་ལེན་ཐུབ་མཁན་དེང་སང་ཤིན་ཏུ་དཀོན།།

ཁ་ནས་ཆོས་རིག་ཤོད་མཁན་མང་ན་ཡང་།།

ཁོག་ན་ཆོས་རིག་དབུལ་བའི་དྲི་ངན་བྲོ།།

 

མེས་པོའི་གདུང་འཛིན་ཁོ་བོ་ལྷོ་རི་བ།།

གཞན་སྐད་འགའ་ཞིག་འབྲི་ཀློག་ཤེས་ན་ཡང་།།

དབྱངས་གསལ་སོ་བཞི་ཕ་མཁར་བཙན་པོའི་ནང་།།

ད་ལྟའང་རང་དབང་གཙང་མའི་ངོམ་མདངས་ཡོད།།

 

ཞེས་ལྷོ་རི་བ་ཀརྨ་དབང་རྒྱལ་གྱིས་ནུབ་ཕཱ་རཱན་སིའི་རྒྱལ་ས་ཕེ་རིས་ནས་21/09/24 ཉིན་སེམས་ཚོར་ཞིག་གིས་རྐྱེན་བྱས་ནས་ཤར་མར་དྲྭ་ཐོག་ཤོར་ཐལ།།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།