Back To Top

དཔྱད་པ།

ཚིགས་བཅད་སྙན་ངག

བཀླགས་གྲངས། 709

ལས་དབང་གི་གཏམ་རྒྱུད།   ཀེ་ལ་ཤ་ཡི་མཛེས་སྡུག་དགུང་ལ་བསྙེགས།། དྭངས་གཙང་ཆུ་བོ་ཕྱོགས་བཞིར་གར་ལ་རྩེན། །གཡའ་རི་སྤང་ལྗོངས་ནགས་ཚལ་རྒྱན་གྱིས་སྤྲས།། རང་བྱུང་སྣོད་ཀྱི་ངོ་མཚར་འབུམ་གྱིས་འཁྱུད།།  ལྷ་གཡག་དཀར་པོས་ལུགས་གཉིས་སྲིད་པ་བཟུང་།། ཤ་རྐྱང་འབྲོང་དང་ཁྲུང་ཁྲུང་ངུར་བ་དང་།། གཡང་དཀར་ལུག་ཁྱུ་མཛོ་མོ་རྟ་ནོར་སོགས།། བཅུད་ཀྱི་འགྲོ་བ་ཕུན་ཚོགས་དཔལ་ལ་སྤྱོད།།  དེ་ལྟར་སྲིད་པ་གཡང་གི་དཀྱིལ་འཁོར་ལ།། གློ་བུར་དུས་འགྱུར་བསྐལ་བའི་མེ་དཔུང་འབར།། ཤར་ཕྱོགས་ཡུལ་གྱི་གཡུ་འབྲུག་སྔོན་མོ་དང་།། མེ་འབྲུག་དམར་པོས་འཐབ་རྩོད་དྲག་ཏུ་བྱས།།  དེ་ཡི་བར་ནས་ཉི་མའི་འོད་ཟེར་ཡང་།། རེ་ཞིག་རང་གནས་རྒྱ་མཚོའི་གླིང་ལ་ཡལ།། ནུབ་ཀྱི་བྱ་རྒྱལ་རྒོད་པོའི་གཤོག་རླབས་ཀྱིས།། བྱ་ཕྲན་ཕལ་གྱི་མངའ་ཐང་དབང་དུ་བསྡུས།།  མེ་འབྲུག་དམར་པོས་ཤར་ནས་མཆོང་སྟབས་བྱས།། ཐང་དཀར་རྒོད་པོས་ནུབ་ནས་གཤོག་ལྕག་བརྒྱབས།།  རྒྱ་སྟག་ཁྲ་བོས་ལྷོ་ནས་འཇབ་རྒོལ་བརྩམས།། བྱང་གི་ལྷ་གཡག་ཁྱུ་རྣམས་རབ་ཏུ་དཀྲུགས།།   ནོར་གཡག་འབྲི་མོ་གཡའ་མཚམས་གངས་རི་ནས།། ངེས་མེད་གནས་སུ་དབང་མེད་གྱར་བའི་ཚེ།། གཡང་དཀར་ར་ལུག་ཕྱོགས་བཞིར་བྲོས་ན་ཡང་།། ཁྱི་སྤྱང་ཝ་མོ་སོགས་ཀྱིས་རབ་ཏུ་གཙེས།།  ཁ་བ་དཀར་པོ་ཡིད་ཡུལ་ཙམ་དུ་ལུས།། སྤང་ལྗོངས་མེ་ཏོག་རྫིང་བུ་རྡུལ་གྱིས་གཡོགས།། གངས་རི་རྫ་རི་ནགས་རིའི་མཛེས་སྡུག་རྣམས།། ཀླ་ཀློའི་གནས་དང་ཚ་བའི་ཡུལ་ལ་འདྲེས།།  ཉི་འོད་ཚ་བོས་གངས་རི་རྨང་ནས་བཞུར།། རྩ་ཐང་ནགས་རི་འདོད་རྔམ་མེ་ཡིས་ཚིག།  བཅུ་ཕྲག་ཆུ་ཀླུང་ཕྱོགས་ཀྱི་མཐའ་རུ་བསྐམས།། གོ་ལའི་ཡང་རྩེ་མར་ངོའི་ཟླ་ལ་འགྲན།།  ལྷ་གཡག་དཀར་པོའི་ངུར་སྒྲ་མ་ཡིན་ཅིང་།།  གཡང་དཀར་ལུག་གི་འབའ་སྒྲའང་མ་ཡིན་ལ།།  སྣ་ཚོགས་གཅན་གཟན་ཐན་སྐད་མང་པོའི་ཁྲོད།།  ལྷ་བྱ་གོང་མོ་ལྐུགས་པའི་གནས་སུ་ལུས།།  རྟ་མཆོག་ཁ་འབབ་བ་ཚྭའི་ཆུ་དང་འདྲེས།། དྭངས་གཙང་རང་བཞིན་ཚ་བའི་ཡུལ་དུ་འཐིམ།། རྨ་བྱ་ཁ་འབབ་ཕྱོགས་ཀྱི་ཡུལ་ལ་ཆས།། བསིལ་ལྡན་ཁ་བའི་དྭངས་རྒྱུན་འཇའ་ལྟར་ཡལ།།  སྐར་མདའ་དྲག་པོས་རྩ་ཐང་ཐལ་བར་བརླགས།། གསར་བརྗེ་མེ་ཡིས་མཚོ་དང་རྫིང་བུ་བསྐམས།། སྤང་ལྗོངས་མེ་ཏོག་ནགས་ཚལ་སད་ཀྱིས་ཁྱེར།། འཛམ་གླིང་ཡང་རྩེའི་གཏམ་རྒྱུད་མིང་ཙམ་ལུས།།  དེ་ལྟར་དུས་འགྱུར་རླུང་ནག་ལྷགས་པའི་རྗེས།། རང་བྱུང་རྩི་ཤིང་ནགས་ཚལ་ཀུན་བཅོམ་ཡང་།། ས་བོན་བག་ཆགས་རླན་གཤེར་ཅུང་ཟད་ཅིག། ནུབ་ཀྱི་ནགས་ཚལ་གསེང་ནས་སྐྱོ་གླུ་ལེན།།  01/06/20 ཉིན་རང་གཤིས་ནས་ཕུལ། 

2023-02-28 འཇམ་དབྱངས་དཀར་པོ།
ལས་དབང་ལུས་ཀྱིས་མྱོང་བའི་ཐབ་ཚང་གི།
ལས་གསེང་བར་ནས་ཁ་གཡེང་མིག་གཡེང་གིས།།
ལས་དབང་གཏམ་རྒྱུད་སྙན་ངག་ཐུང་ངུ་འདིས།།
ལས་དབང་སྐྱུར་མོ་ཞིག་ལ་དྲན་གསོ་བཏང་།།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།