སྙན་ངག་ཅིག
བཀླགས་གྲངས། 701
གྲགས་ཅན་ཕ་རེ་སིའི་སྣང་ཚུལ་སྒྱུ་མའི་འཇིག་རྟེན།
དགུང་སྔོན་ནི་སྤྲིན་པས་རབ་ཏུ་དབེན་ཞིང་གུ་ཡངས་ཀྱི་སྣང་བ་ཕྲ་ལྷམ་ལྷམ།
ཀུན་གསལ་ཉི་མའི་འོད་མདངས་ཕྱོགས་ཀུན་ལ་གསལ་ཐིང་ཐིང་།
རྩི་ཤིང་རྣམས་ལོ་འདབ་དང་མེ་ཏོག་གིས་འཛུམ་ཤིག་ཤིག
བྱ་དང་བྱེའུ་དག་རང་རང་གི་སྐད་ནས་གླུ་དབྱངས་སྙན་ལྷང་ལྷང་།
གཞུང་ལམ་དང་ལྕགས་ལམ་སྟེང་ན་མེ་འཁོར་དང་སྣུམ་འཁོར་གྱིས་བང་རྩལ་འུར་ལྡིར་ལྡིར།
དཀར་ནག་སེར་གསུམ་གྱི་མི་རིགས་ས་ཡ་བཅུ་ཙམ་ལོངས་སྤྱོད་འཚོལ་བའི་བྲེལ་བ་ཚུབ་ཚུབ།
ལ་ལ་ནི་འདུ་བ་རྒྱས་ཤིང་སྤྲོ་སྐྱིད་གར་གྱིས་དུས་འདའ་ཡང་།
ལ་ལ་ནི་ངལ་རྩོལ་དཀའ་བའི་ཁུར་ཆེན་ཁྱེར།
ལ་ལ་ནི་དགའ་ཞིང་སྤྲོ་བའི་འུར་སྒྲ་སྒྲོག་ཀྱང་།
ལ་ལ་ནི་སྐྱོ་བའི་ངག་གླུ་ཤུབ་བུར་ལེན།
ནམ་ཟླ་སིལ་དྲོད་སྙོམ་ཞིང་མཁའ་རླུང་ཡང་དངས་ཤིང་གཙང་།
འཛམ་གླིང་ཕྱོགས་མཐའ་ཡོངས་ནས་ཡུལ་སྐོར་རྒན་གཞོན་བར་མའི་ཆར་ཆེན་འབབ།
རྒྱལ་ཁབ་བརྒྱ་དང་གོ་དགུའི་མི་རིགས་ཚང་མ་འདི་ན་འཛོམས།
རིག་གཞུང་ལུགས་སྲོལ་སྣ་ཚོགས་ཀྱི་རྦ་རླབས་ཕྱོ།
བཟོ་ལས་དང་དཔེ་གསར་ངོམ་སྟོན་གྱི་འགྲན་རྩོད་མེ་ལྟར་འབར།
ཤར་ལྷོ་ནུབ་བྱང་གི་ཟ་བཏུང་ཞལ་ཟས་རོ་བརྒྱའི་ཚོགས་འཁོར་འདི་ན་བཤམས།
ལོ་ན་དྲུག་ཅུ་ཐལ་བའི་ཕོ་མོ་རྣམས་རྒས་ཡོལ་གྱི་ངལ་གསོ་ལྷོད་ཅིང་དལ་ཡང་།
ན་གཞོན་རྣམས་དཔལ་འབྱོར་འདུ་འགོད་ཀྱི་བྲེལ་བ་རླུང་ལྟར་འཚུབ།
བྱིས་པ་རྣམས་ནི་ཤེས་རིག་གི་མེ་ཏོག་འཐུ་ཞིང་རྩེད་གར་གྱིས་དུས་འདའ།
བརྒྱད་གཉིས་ལང་ཚོ་དར་བའི་བུ་མོ་རྣམས་འདོད་ལྡན་བསླུ་བར་བྱེད་པའི་སྒྱུ་འཕྲུལ་སྟོན།
དབྱིན་མོ་རྣམས་གཟུགས་བྱད་ལེགས་ཤིང་མཚར་སྡུག་ལྡན་ལ།
ཁ་ཆེ་བུ་མོ་ནི་མཛེས་ཤིང་ཡིད་དུ་ཡོང་བ་ལྷ་ཡི་སྲས་མོ་འདྲ།
ཤར་ཕྱོགས་ཀྱི་བུ་མོ་རྣམས་ནི་དཀར་ཞིང་གཙང་བའི་འོད་མདངས་ལྡན་ཞིང་།
ནག་མོ་རྣམས་ནི་སྨྱོས་འབུམ་རི་ལྟར་མཐོ་ཞིང་འཕོངས་ཤ་གཉིས་བྲག་རི་ལྟར་ཉིལ་ཉིལ་བྱེད།
ལ་ལ་ནི་ལང་ཚོའི་པདྨ་རབ་ཏུ་བཞད་ནས་སྟག་ཤར་གཞོན་པའི་སེམས་རྩ་འཁྲུག།
ལ་ལ་ནི་འདོད་པས་སྨྱོས་ཤིང་ཆགས་པའི་ཅ་ཅོ་ཕྱོགས་བཅུར་སྒྲོག།
མགོ་སེར་གྱི་མི་རྣམས་བཟོ་ལས་དང་མ་རྐང་ཁྲོམ་རའི་ཚོང་ལས་གཉེར།
ཉི་ཧོང་དང་ཁོ་རི་ཡ་རྣམས་ནི་འཕྲུལ་ཆས་ཁྱད་ལས་ཀྱི་སྒྱུ་རྩལ་ངོམ།
རྒྱ་ནག་དང་རྒྱ་མི་རིགས་རྣམས་ནི་ཟ་ཁང་དང་སྐྱེལ་འདྲེན་ཚོང་གི་རྟ་རྒྱུག་གཏོང་།
རྒྱ་གར་བ་རྣམས་འབྲུ་རིགས་དང་གསེར་དངུལ་རྒྱན་ཆའི་ཚོང་ལས་ཙག་ཙིག་བྱེད།
ཁ་ཆེ་བ་རྣམས་ཤ་ཚོང་དང་རྐུན་ཇག་མི་ངན་ལས་ལ་བྲེལ།
མི་ནག་ཡུལ་ལུང་ལྔ་བཅུ་ང་གཉིས་ཀྱི་མི་རྣམས་ཕལ་ཆེ་བ་གཡོག་ལས་ཀྱི་དུས་འདའ་ཡང་།
ནག་རིལ་གཞོན་སྐྱེས་རྣམས་ནི་རྩེད་མོའི་ཁྱད་ལས་འབུར་དུ་འཐོན།
ཧི་མ་ལ་ཡ་དང་བོད་རིགས་རྣམས་ནི་མ་གཡོག་དང་ཞབས་ཞུ་བའི་ལས་ལ་ཅུང་ཟད་བརྩོན་ན་ཡང་། ནམ་རྒྱུན་ཤོ་བག་རྒྱན་རྩེད་ཀྱིས་ཉི་མ་འདའ།
མདོར་ན།
ཚོང་པ་དང་ཚོང་ཆེན་རྣམས་ལོངས་སྤྱོད་སྤེལ་བའི་སྒྱུ་འཕྲུལ་སྣ་ཚོགས་ངོམ་ཞིང་།
ཆབ་སྲིད་ཀྱི་འགོ་དཔོན་ཚོ་ནི་ཤར་ནུབ་འཇིག་རྟེན་བྱུས་ཀྱིས་སྣ་ནས་འཐེན།
མང་གཙོའི་རིང་ལུགས་ཐོག་མར་དར་བ་ལོ་རྒྱུས་ཀྱི་དྲན་ཐོ་རང་དབང་ལྷ་མོ་འདི་ནས་འཁྲུངས་ཤིང་།
སྒྱུ་རྩལ་གྱི་ངོ་མཚར་ལྕགས་རིང་གྲུ་བཞི་མཚོན་རྟགས་ཀྱི་རྨང་གཞི་འདི་ན་འཚུགས།གྲགས་ཅན་རི་མོའི་གཟུགས་བརྙན་མོ་ནཱ་ལི་ཛཱ་ལའང་༼Mona Lisa༽ འདི་ན་བཞུགས་ཤིང་།
ནམ་མཁའི་དབྱིངས་ན་གནམ་གྲུའི་ཚང་ཁ་འཁྲིགས་ཤིང་ས་སྟེང་གཞུང་ལམ་ཐམས་ཅད་སྣུམ་འཁོར་སྣ་ཚོགས་ཀྱིས་འཁེངས།།
ས་འོག་ན་མེ་འཁོར་ཆེ་འབྲིང་ཆུང་གསུམ་རྒྱུ་ཕྱོགས་མི་འདྲ་བ་བཅུ་ཕྲག་གསུམ་ལྷག་ཙམ་ཉིན་མཚན་ཀུན་ཏུ་འགྲུལ་བ་འབུམ་ཐེར་མང་པོ་འདྲེན་པར་བྱེད།།
སུམ་རྩེན་ལྷ་ཡི་ཁང་བཟང་ལྟ་བུའི་རྒྱལ་ཁང་མང་པོའི་གཟི་བརྗིད་འདི་ན་ཡོད།།
རི་མོ་དང་ཟློས་གར་ལོ་རྒྱུས་སོགས་ཀྱི་འགྲེམ་སྟོན་མང་པོས་འཛམ་གླིང་གི་གསང་མཛོད་འདི་ན་ཉར།།
དེ་ལྟར་སྒྱུ་མའི་འཇིག་རྟེན་འདིར།།
སྣང་བའི་རི་མོ་ཅིར་ཡང་བཀྲ།།
ཤེས་རབ་རིག་པའི་མེ་ལོང་ནང་།།
ཐམས་ཅད་ངོ་བོ་སྟོང་པར་ཤར།།
ཞེས་སྔ་དགོང་ལས་ཞོར་ལ་མཐོང་བའི་སྣང་བརྙན་ལ་བརྟེན་ཉམས་མཚར་ཙམ་དུ་ལྷོ་རི་བ་ཀརྨ་དབང་རྒྱལ་གྱིས 26/08/22 ཉིན་མེ་འཁོར་ནང་ནས་ལོག་འགྲོ་ཞོར་བྲིས་པའོ།།