Back To Top

ལྷན་འཛོམས།

ང་ཚོ་ནི། ཐུག་པ་ལས་གྱེས་པ་གཙོ་བོར་འཛིན་མཁན་དེ་ཡིན་དགོས།
ང་ཚོ་ནི། ཁ་ཕོ་ལས་ལག་འཇུ་དམ་པོར་འཆང་མཁན་དེ་ཡིན་དགོས།
ང་ཚོ་ནི། ཞོ་གསར་ལས་ལོ་ཆང་བདུད་རྩི་བསིལ་མ་དེ་ཡིན་དགོས།

བཀླགས་གྲངས། 1196

 

ལྷན་འཛོམས།


                     དོལ་སྨྱོན། 

 

       སྤྱི་ལོ་གསར་པའི་ལྷན་འཛོམས་ལ་བྲིས་པ།

 

 

 

མི་ཚེ་ནི་མཆོད་མེ་ཞིག་སྦར་བ་ཙམ་ཡིན་ནམ།

དུས་ཚོད་ནི་མེ་ཏོག་ཅིག་བཞད་པ་ཙམ་ཡིན་ནམ།

ལང་ཚོ་ནི་གློག་དམར་ཞིག་འཁྱུགས་པ་ཙམ་ཡིན་ནམ།

 

བརྒྱུགས་བརྒྱུགས་པའི་དེ་རིང་ང་ཚོར་ཐོབ་པ་ཅི་ཙམ་འདུག

འདུར་འདུར་བའི་དེ་རིང་ང་ཚོར་ཤོར་བ་ག་ཚོད་ཅིག

བྲེལ་བྲེལ་བའི་དེ་རིང་ང་ཚོར་ནོམ་པ་ཅི་ཙམ་བདོག

 

འཛེགས་ནས་མི་ཚར་བའི་སྤྲེའུའི་ཁྱུ་ཚོགས་དེ་ང་ཚོ་ཡིན་ནམ། 

འཁྱུགས་ནས་མི་ཚར་བའི་ཉ་ཆུང་གསེར་མིག་དག་ང་ཚོ་ཡིན་ནམ། 

བརྡབས་ནས་མི་ཚར་བའི་རྒོད་པོའི་གཤོག་ཟུང་དེ་ང་ཚོ་ཡིན་ནམ། 

 

འདོད་རྔམ། རང་མཐོང་། བྲན་གཤིས། 

ང་ཚོ་བསླུས་པ་མང་དྲགས་སོང་། 

སུན་བཙིར། དབང་བསྒྱུར། ལོག་སྤྱོད།

ང་ཚོ་བཅིངས་པ་མང་དྲགས་སོང་། 

 

ཚེ་གཅིག་ལ་སྐྱིད་མིན་མི་ཤེས་ཀྱང་། 

ཉིན་གཅིག་ལ་སྐྱིད་ནའང་སྐྱིད་བདེན་ཡིན།

 

གྲོགས་པོ་ཚོ། 

ཇ་བཏུང་ནས་སྨྲེ་ངག་འདོན་པ་ལས། 

ཆང་བཏུང་ནས་གླུ་ཆུང་བླང་ན་དགའ་བས། 

ང་ཚོས་ཆང་འཐུང་། གླུ་ལེན། བྲོ་འཁྲབ། 

 

རི་རྩེ་ནས་ཐུག་ཅིང་རི་གཤམ་ནས་གྱེས་དུས།

ཁྱེད་ཀྱིས་ཕྱིར་མིག་བལྟ་བར་འདོད་དམ།

མིག་གིས་འཚོས་ཤིང་སེམས་ཀྱིས་གཤིབས་རྗེས།

ཁྱེད་ཀྱིས་སེམས་གཏམ་བརྗོད་པར་འདོད་དམ།

 

ང་ཚོ་ནི། ཐུག་པ་ལས་གྱེས་པ་གཙོ་བོར་འཛིན་མཁན་དེ་ཡིན་དགོས།

ང་ཚོ་ནི། ཁ་ཕོ་ལས་ལག་འཇུ་དམ་པོར་འཆང་མཁན་དེ་ཡིན་དགོས།

ང་ཚོ་ནི། ཞོ་གསར་ལས་ལོ་ཆང་བདུད་རྩི་བསིལ་མ་དེ་ཡིན་དགོས།

 

ན་ཚོད་ཀྱི་དམིགས་ཡུལ་ནི་ན་ཚོད་དང་མཐུན་པར་འགྱུར་འགྲོ་ལ།

ཁོར་ཡུག་གི་མཛེས་སྡུག་ཀྱང་ཁོར་ཡུག་དང་བསྟུན་ནས་བརྗེས་འགྲོ་བས།

ང་ཚོས་ཕྲན་ཚེགས་ཤིག་ལ་འཐམས་ནས་ཆེན་པོ་དག་ཆུད་ཟོས་སུ་གཏོང་མི་ཉན།

གཤོག་ཟུང་ཆུང་ཆུང་ཡིན་ཡང་དགུང་སྔོན་དལ་གྱིས་གཞལ་བར་གོམས་དགོས།

 

རེ་འདོད་ལ་རྫོགས་རྒྱུ་མེད་ཅིང་།

སང་ཉིན་ལའང་ཟད་མཐའ་མེད་པས།

ང་ཚོས་དེ་རིང་གི་ལྷན་འཛོམས་འདི་ལ།

དགའ་བའི་གླུ་ལེན། སྐྱིད་པའི་བྲོ་འཁྲབ།

 

ཤེལ་ཕོར་ནང་ལྟེམ་མེར་འཁྱིལ་བ་འདི།

ང་ཚོ་ཚང་མའི་དྭངས་གཙང་གི་སེམས་པ་ཡིན་ཆོག

དེ་ནི་བསྐལ་མེས་སྲེག་མི་ནུས་པའི། རི་རབ་ཀྱིས་འགོག་མི་ནུས་པའི།

ཁ་བ་དང་གངས་རི་ལྟ་བུའི། མེ་ཏོག་དང་ལྗང་ལོ་ལྟ་བུའི།

 

སྟག་ཤ་རའི་སྣང་བ་དགུང་ཡིན། རྟ་མདོ་བའི་གོམ་ཁ་རླུང་ཡིན།

སྣང་བ་དམའ་ན་གཏན་ནས་མི་ཆོག ང་ཚོ་ཚང་མ་མེས་པོའི་རྒྱུད་འཛིན་ཡིན།

སྤྲུལ་སྒྱུར་མེད་ན་གཏན་ནས་མི་ཆོག ང་ཚོ་ཚང་མ་རྟེན་འབྲེལ་གྱི་བདག་པོ་ཡིན།

 

ལྟོས་དང་།

བརྗིད་ཆགས་པའི་རི་བོ་དེ་ན་ནིང་གི་ཁ་བས་གཡོགས་ཟིན།

ཁོད་སྙོམས་པའི་རྒྱ་མཚོ་དེ་དུས་ཀྱི་འཁྱགས་པས་བཏུམས་ཟིན།

ཡིད་དུ་འོང་བའི་ཞལ་རས་དེ་ལོ་ཟླའི་གཉེར་མས་གང་ཟིན།

 

གཡུགས་ཤོག

བདེ་སྡུག་དང་ཐོབ་ཤོར་མོད་པའི་གཡུལ་ས་འདི་ནས།

ང་ཚོས་རང་སེམས་ལ་བྱི་དོར་བྱེད་ཞོར། 

དཀར་བ་གངས་རི་ལྟ་བུའི་དྲན་ཤིང་འཇོག 

དམར་བ་མེ་ལྕེ་ལྟ་བུའི་དྲན་ཤིང་འཇོག

 ༡༠-༠༡-༢༠༢༣

2023-07-15 བསྟན་པ།
སྙན་ངག་སྙན་སོང་། 
2023-04-27 ཇག་ལྷ་དཀར་པོ།
འདི་འདྲ་བཀླགས་ན་ཇག་ཆང་འཐུང་ན་འདོད། 
2023-03-29 གསལ་ལེ་རྒྱལ།
2023-03-14 ཤེད་བུ།
རྒུན་ཆང་དམར་པོས་སྣང་བ་དགུང་ལ་སྤུར་ནས
སེམས་ལ་ཉལ་བའི་ན་ཟུག་སྟོབས་ཀྱིས་འཕྱོ་བའི
སྙན་ངག་དེ་ཧ་ཅང་སྙན་པོ་བྱུང་། 

2023-03-14 མཚམསྤྲིན།
སྐུ་ཉིད་བྱོན་པར་དགའ་བསུ་ཞུ། 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།