Back To Top

སྒེའུ་ཁུང་།

ང་རང་སྐྱེས་པ་གང་གི་ཆེད་དུ་ད་ལྟ་གསོན་པའང་སུ་ཡི་དོན།།

ནམ་ཞིག་འཆི་བར་གྱུར་པ་དེའང་ཅི་ཞིག་ཆེད་དུ་ཡིན་པར་འགྱུར།།

འདུས་པ་གང་ཞིག་བྲལ་བ་ཅི་ཞིག་ངོ་གདོང་དེ་དག་སུ་ཡི་ཡིན།།

ཞོགས་པ་སྔ་པོར་མལ་ལས་ལངས་རྗེས་བདག་གིས་བསམ་བློ་དེ་ལྟར་འཁོར།།


བཀླགས་གྲངས། 428

སྒེའུ་ཁུང་།

                     

              དོལ་སྨྱོན།

 

 

དོ་དགོང་ཅི་ཞིག་འབྲི་བར་འདོད་ནའང་བདག་གི་རྣམ་ཤེས་ལྐུགས་པར་གྱུར།།

སྒེའུ་ཁུང་ཕྱི་ལ་རྒྱང་ལྟ་བྱེད་ཞོར་སེམས་ཀྱི་བུ་ཆུང་སྐྱོ་ཞིང་གདུང་།།

གནམ་ངོ་རབ་རིབ་མི་ཚོགས་ཐར་ཐོར་ཆར་པའང་ཟམ་ཟིམ་འབབ་པར་བྱེད།།

ང་རང་ཧ་ཅང་སྐྱོ་བའི་ཚུལ་གྱིས་རྒྱང་རིང་ཕྱོགས་ལ་མིག་ཟུང་ཅེར།།

 

མཉེན་ཞིང་འཇམ་པའི་འདབ་ལོ་དག་ནི་སྦྲང་ཆར་བསིལ་མས་བརླན་ཙམ་བྱེད།།

ཤིན་ཏུ་མཛེས་པའི་མེ་ཏོག་དག་ནི་དཔྱིད་རླུང་ཡང་མོས་སྒུལ་ཙམ་བྱེད།།

བདག་གིས་ལག་ཟུང་འགྲམ་པར་བསྐྱོར་ནས་བསམ་གཞིགས་འཕར་མའི་སྒོ་གླེགས་ཕྱེས།།

འཁྲུལ་སྣང་ལྟ་བུའི་བྱ་བཞག་ཀུན་ལ་དབུགས་རིང་ཞིག་ཀྱང་ཤུགས་ཀྱིས་ཤོར།།

 

ཡལ་གའི་སྟེང་གི་ཕུག་རོན་དེ་ཚོ་ཧ་ཅང་འཁྱགས་པའི་ཚུལ་དུ་སྣང་།།

སྒོ་ཆེན་ཟུར་གྱི་རྒད་པོ་དག་ནི་ཕྱི་མའི་ལམ་ལ་སྒུག་དང་མཚུངས།།

གཞོན་ནུ་ཕོ་མོ་སྣང་སྐྱིད་ཅན་དག་ལག་ཟུང་སྦྲེལ་ནས་འགྲོ་བར་བྱེད།།

བདག་གིས་མིག་ཟུང་རྒྱང་ལ་ཅེར་ནས་སུ་ཞིག་སེམས་ཀྱིས་དྲན་གསོ་བྱས།།

 

ཨེ་མ་ལོ་ཟླ་ཉིན་ཞག་དག་ནི“ཆང་ཕོར་གང་གི་འཁྲུལ་སྣང’’སྟེ།།

ཐོབ་པ་ཅི་ཞིག་ཤོར་བ་གང་ཞིག་བདག་གིས་ཚང་རྩིས་ཇི་ལྟར་རྒྱག།

མདུན་ལམ་མག་མོག་རྐང་རྗེས་རབ་རིབ་གོམ་ཟུང་དེའང་ཁྱར་ཁྱོར་ཞིག།

དབུགས་ཀྱི་རྒྱུ་བ་མ་འགགས་བར་དུ་ད་དུང་རྒྱུག་ཅིང་འདུར་དགོས་ཨང་།།

 

ང་རང་སྐྱེས་པ་གང་གི་ཆེད་དུ་ད་ལྟ་གསོན་པའང་སུ་ཡི་དོན།།

ནམ་ཞིག་འཆི་བར་གྱུར་པ་དེའང་ཅི་ཞིག་ཆེད་དུ་ཡིན་པར་འགྱུར།།

འདུས་པ་གང་ཞིག་བྲལ་བ་ཅི་ཞིག་ངོ་གདོང་དེ་དག་སུ་ཡི་ཡིན།།

ཞོགས་པ་སྔ་པོར་མལ་ལས་ལངས་རྗེས་བདག་གིས་བསམ་བློ་དེ་ལྟར་འཁོར།།

 

ནམ་ཞིག་བདག་ནི་འཆི་བར་འགྱུར་རོ་ཤུལ་དུ་ལྷག་པ་ཅི་ཞིག་ཡོད།།

གཅེས་པར་བསྐྱངས་པའི་ལུས་པོ་འདི་ཡང་ཐལ་བ་སྤར་མོ་གང་ཞིག་སྟེ།།

རླུང་ལ་བསྐུར་རམ་ཆུ་ལ་འདེབས་པ་བདག་ལ་མཚོན་ན་ལྐོག་གྱུར་ཞིག།

དེ་བས་རྣམ་ཤེས་རྟ་རྔ་འདི་ལ་བདག་གིས་འོ་བརྒྱལ་བཟོ་མི་བྱ།།

 

རོལ་དབྱངས་དེ་ལ་སེམས་པ་གཏད་ཚེ་ཞལ་རས་གཞན་ཞིག་མིག་ལ་འཆར།།

བརྩེ་དང་འཛུམ་པའི་ཞལ་རས་དེ་ཡིས་ནམ་ཡང་ང་རང་བསྲུངས་ནས་ཡོད།།

ཁྱོད་རང་འཛུམ་གྱིས་བཞུགས་པར་མཛོད་ཅིག་ང་ལ་དགོས་པ་དེ་ག་རང་།།

ཁྱོད་རང་ཤར་གྱིས་མདུན་དུ་སྐྱོད་ཅིག་བདག་གི་སེམས་ཀྱིས་སྐྱོར་མ་བྱེད།།
 

འདུ་འབྲལ་ཞེས་པའི་ཐ་སྙད་དེ་ནི་རགས་པ་བེམ་པོའི་མིང་བྱང་ཙམ།།

བརྩེ་དང་འཛུམ་པའི་འབྲེལ་ཐག་དེ་ལ་ཐུག་དང་གྱེས་པའི་རྣམ་གཞག་མེད།།

ཁྱོད་རང་གང་དུ་ཇི་ལྟར་བཞུགས་ཀྱང་བདག་ལ་ཁྱད་པར་སྤུ་ཙམ་མེད།།

གཟུགས་མེད་སེམས་ཀྱི་འབྲེལ་ཐག་དེ་ཉིད་དམ་པོར་བཅིངས་ན་དེ་གས་ཆོག།

 

སྒེའུ་ཁུང་ཕྱི་ཡི་སྣང་ཚུལ་དག་ནི་སྐྱོ་གདུང་འཐབས་པའི་ཟློས་གར་ཏེ།།

ཆར་པ་འབབ་འདྲ་བསིལ་རླུང་ལྡང་འདྲ་ལན་རེར་གློག་འོད་འཁྱུགས་པ་འདྲ།།

ངལ་བས་དུབ་པའི་ཁེར་རྐྱང་སེམས་ལ་བསིལ་བ་སྟེར་བའི་འབབ་སྟེགས་ཏེ།།

རང་སེམས་གསོ་བའི་བརྡ་དང་དབྱངས་ཀྱི་ལྷས་མ་བསླ་སའང་དེ་ཉིད་དོ།།


2023-03-29 གསལ་ལེ་རྒྱལ།
2023-03-20 ཤེད་བུ།
ཡགས་ཀི

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།