དོལ་སྨྱོན་གྱིས།
བཀླགས་གྲངས། 695
ནམ་ཉི་མ་ཞིག་ལ།
ངེད་གཉིས་ཁ་པར་ནས་ངོ་ཤེས་པར་གྱུར།
དབྱངས་གསལ་གྱི་ལྷས་མ་བསླེ་ཞོར་ཁ་བརྡའང་མང་པོ་བྱས།
གྲོང་ཁྱེར་གྱི་འཚོ་བ་ནི།
ཧ་ཅང་གིས་ཁྱད་མཚར་པོ་ཞིག་རེད།
མེ་འཁོར་དག་གཅིག་རྗེས་གཉིས་འཐུད་དུ་རྒྱུག་གིན་ཡོད།
འབབ་ཚུགས་དེ་ན་ཁོ་མོའི་རྐང་རྗེས་ཡོད་པ་ནང་བཞིན།
ངའི་རྐང་རྗེས་ཀྱང་གྲངས་མེད་སྤར་ཟིན།
གྲངས་མེད་པའི་མི་ཚོགས་དག
ཁོ་མོ་ལ་འབྲེལ་བ་མེད་པ་ནང་བཞིན་ང་ལའང་འབྲེལ་བ་མེད།
ཁོ་མོས་ཁ་པར་ལག་ཏུ་བཟུང་ཞིང་།
རྣ་ཉན་རྣ་བར་བཅུག་ནས་འགྲོ་བ་ནང་བཞིན་ངའང་དེ་ལྟར་ཡིན།
དཔྱིད་ཉི་དྲོ་བའི་ཉི་མ་དེ་དག་ལ།
ང་རང་ཁོ་མོའི་ཁྱིམ་དུ་ལན་མང་བོས་ནས།
གྱ་ནོམ་པའི་ཟས་ཀྱིས་མགྲོན་བཤམས།
“ང་རང་དོལ་པོ་བ་ཡིན་པས་ཐབས་ཤེས་མི་འདུག
ཁྱོད་ཀྱིས་ང་ལ་གུ་ཡངས་གནང་བར་མཛོད”ཅེས་བརྗོད་ཞོར།
རྫོགས་རྒྱུ་མེད་པའི་ཁ་བརྡར།
དགོད་པའི་འུར་སྒྲ་དང་ཁ་ལག་གི་རླང་པ་གཉིས་གཅིག་ཏུ་སྦྲེལ་ནས།
ཁང་ཆུང་ནང་ལྡིང་སྐོར་བརྒྱབ།
ཉི་འོད་འཇམ་ཞིང་བསིལ་རླུང་གཡོ་བའི་ཉིན་ཞག་དེ་དག་ལ།
ངས་ཀྱང་ཁོ་མོ་ཕེ་རི་སིའི་ཡིད་དུ་འོང་བའི་ལྡུམ་ར་དེ་དག་ལ་ལན་མང་འཁྲིད།
ལྡུམ་ར་དང་ལྡུམ་ར་བརྒྱུད་ནས།
ངེད་གཉིས་ཀྱིས་ཆོས་གཏམ་བཤད། སྙན་ངག་བཤད། མི་ཚེ་བཤད།
ཐབས་ཤེས་མེད་པའི་འགྱུར་ལྡོག་གི་སྐོར་ལའང་བསམ་ཚུལ་བཤད།
ད་ནི་དགུན་མགོ་ཚེས་སོང་།
ཁུ་བྱུག་ལྷོ་ལ་འཕུར་བའི་གཤོག་རླབས་དག་མཐོང་མི་ཐུབ་ལ།
ལྡུམ་ར་དེ་དག་ནའང་།
ཉི་འོད་འཇམ་ཞིང་བསིལ་རླུང་གཡོ་བའི་རེག་བྱའང་མྱོང་མི་ཐུབ།
༡༥-༡༠-༢༠༢༣ ཉིན།