དོལ་སྨྱོན།
བཀླགས་གྲངས། 650
གནམ་ངོ་དྭངས་འདུག
གནམ་ངོ་ཧ་ཅང་གིས་དྭངས་འདུག
འོན་ཀྱང་སེམས་ཀྱི་འཁྲུལ་སྣང་འདི་ལ་ཚད་བཀག་མ་མཆིས།
དེ་ནི། ཁ་བ་དང་བུ་ཡུག་འཚུབ་པ་ནང་བཞིན།
གནམ་ངོ་དྭངས་འདུག
གནམ་ངོ་དྭངས་པའི་རྐྱེན་གྱིས།
ལྗང་ལོ་དང་རྩི་ཤིང་དག་ལ་འོད་མདངས་རྒྱས་འདུག
དེ་ནི། ཞལ་རས་སྒོར་སྒོར་དེའམ།
དེའི་ངོས་ལ་ཆགས་པའི་འཛུམ་མདངས་ལྟ་བུ།
གནམ་ངོ་དྭངས་འདུག
གནམ་ངོ་དྭངས་པ་ནང་བཞིན།
སེམས་ཀྱི་འཁྲུལ་སྣང་འདི་ལའང་དྭངས་རྒྱུ་ཡོད་ན་ཅི་མ་རུང་།
འཁྲུལ་སྣང་ཁོ་ནས།
ང་རང་ད་བར་གཉིད་སྟུག་པོ་ཁུག་པ་ལས་སད་ཐབས་མ་བྱུང་།
གནམ་ངོ་དྭངས་འདུག
གནམ་ངོ་ཧ་ཅང་གིས་དྭངས་འདུག
འོན་ཀྱང་སེམས་ཀྱི་འཁྲུལ་སྣང་འདི་ལ་ཚད་བཀག་མ་མཆིས།
འཁྲུལ་སྣང་དེའི་དབང་གིས།
ང་རང་། མེ་འཁོར་འབབ་ཚུགས་དེ་རུ་ལན་མང་ཕྱིན།
ཁང་ཆུང་གྲུ་བཞི་དེ་རུའང་ལན་མང་ཕྱིན།
ད་ནི། འཁྲུལ་སྣང་ལྟ་བུའི་ཁོ་མོ་ལ།
འཁྲུལ་སྣང་ལྟ་བུའི་སྙན་ངག་ཀྱང་འབྲི་དགོས་ཨང་།
༡༥/༠༩/༢༠༢༤