“སྐྱེས་དུས་མིག་ལ་ཐོགས་པའི”ཕ་ཡུལ།
“རྒས་དུས་ཞེ་ལ་འཁོར་བའི”ཕ་ཡུལ།
བཀླགས་གྲངས། 762
ཕ་ཡུལ།
དོལ་སྨྱོན།
མཚམས་རེར།
ངས། རང་ཉིད་མེ་ལོང་གི་མདུན་དུ་ལངས་ནས།
རང་ཉིད་ཀྱི་མགོ་མཇུག་བར་གསུམ་ལ་ཞིབ་ཀྱིས་བལྟས།
རང་ཉིད་ཀྱི་ཕྱི་ནང་གསང་གསུམ་ལ་བསམ་བློ་བཏང་།
དེ་ནི། ཧ་ཅང་བག་ཉལ་གྱི་ཚུལ་དུ།
ཧ་ཅང་ལྐོག་གྱུར་གྱི་ཚུལ་དུ།
གྲོང་ཁྱེར་གྱི་འཚོ་བས།
ང་རང་ཁུ་སིམ་མེར་གཏོང་ཉེན་ཆེན་པོ་འདུག
གྲོང་ཁྱེར་ན་ཡོད་པ་ནི།
འཕྲུལ་ཆས་དང་འཕྲུལ་མི་རྐྱང་པ་རེད།
གྲོང་ཁྱེར་ན། ཁང་བརྩེགས་ཐོན་པོ་མང་དུ་ཡོད་རུང་།
“ཀ་བཞི་གདུང་བརྒྱད”འདྲ་བའི་ཁང་ཁྱིམ་ཡོད་ཚོད་མི་འདུག
གྲོང་ཁྱེར་ན། འཕྲུལ་མི་འདྲ་བའི་མི་ཚོགས་མང་དུ་ཡོད་རུང་།
“ཤེས་རབ་རྒྱལ་མཚན་དང་ཉང་ཚ་དཀར་རྒྱན”ལྟ་བུའི་སྣ་མི་ཡོད་ཚོད་མི་འདུག
ངས། གྲོང་ཁྱེར་འདིའི་འཁྲུག་ཆ་དང་འུར་ཟིང་མགོ་ལ་འཁུར་ནས།
སྟོང་སང་སང་གི། ཞེ་མེར་མེར་གྱི།
ཐ་སྙད་སྣ་ཚོགས་རུམ་ལ་བཅུག་ནས་བསམ་བློ་བཏང་།
བསམ་བློ་གཏོང་གིན་གཏོང་གིན།
ཡིད་ལ་དྲན་འོང་བ་ནི་ཕ་ཡུལ་རེད།
དོན་ངོ་མར། ཕ་ཡུལ་ནི་ཕྱེད་ཀ་ལྷ་ཡུལ་ཡིན་འདུག་ལ།
ཕྱེད་ཀ་མི་ཡུལ་ཡིན་འདུག
བསམ་བློ་གཏོང་གིན་གཏོང་གིན།
ཡིད་ལ་འཁོར་འོང་བ་ནི་ཕུ་ནུ་རེད།
དོན་ངོ་མར། ཕ་ཡུལ་གྱི་མི་དག་ནི་ཕྱེད་ཀ་ལྷ་ཡིན་འདུག་ལ།
ཕྱེད་ཀ་མི་ཡིན་འདུག
ཕ་ཡུལ་གྱི་གཙང་པོ་ནི་གྲོང་ཁྱེར་འདིའི་གཙང་པོ་དང་གཏན་ནས་མི་འདྲ།
ཕ་ཡུལ་གྱི་གཙང་པོ་ལ་ཆུ་མགོ་ཟེར་བ་ཞིག་ཡོད།
ཆུ་མགོ་དེ་གངས་ལ་ཐུག་ཡོད།
དེ་བས་ཕ་ཡུལ་གྱི་མི་དག་ནི།
གངས་ཆུ་ཧུབ་ཀྱིས་འཐུང་མཁན་དེ་ཡིན།
ཕ་ཡུལ་གྱི་སྐར་ཚོགས་ནི་གྲོང་ཁྱེར་འདིའི་སྐར་ཚོགས་དང་གཏན་ནས་མི་འདྲ།
ཕ་ཡུལ་གྱི་སྐར་ཚོགས་ཀྱིས་ཕ་ཡུལ་གྱི་མཚན་གཞུང་སྲུང་ཡོད།
དེ་བས་ཕ་ཡུལ་གྱི་མི་དག་ནི།
སྐར་ཚོགས་གོས་སུ་གྱོན་མཁན་དེ་ཡིན།
ཕ་ཡུལ་གྱི་མི་དག་གིས།
ས་ལ་ས་གཉན་དང་ཆུ་ལ་ཆུ་གཉན་ཞེས་བརྗོད་ནས།
དེ་དག་ལ་བརྩི་བཀུར་བྱེད་པ་ཡིན།
དེ་ནི་དོན་ངོ་མར། རང་བྱུང་ཁམས་ལ་བརྩི་བཀུར་བྱེད་སྟངས་ཤིག་ཡིན།
དེ་བས། ཕ་ཡུལ་གྱི་ནམ་མཁའ་གཡའ་དག་ཅིང་།
ཕ་ཡུལ་གྱི་ས་གཞི་རྡུལ་དག་དོན་ཡང་དེ་རེད།
གྲོང་ཁྱེར་ནས་འཚོ་བར་རོལ་བ་ནི།
ཆང་ཁང་ནས་ཆང་འཐུང་བ་དང་ཧ་ཅང་འདྲ་བོ་འདུག
དེ་བས། གྲོང་ཁྱེར་གྱི་མི་དག་ནི།
ནམ་ཡང་བཟི་མེ་རེ་བ་ལས་དྭངས་ཐབས་མེད་པ་འདྲ་ཨང་།
འཕྲུལ་ཆས་དང་འཕྲུལ་མིས་གང་བའི་མིའི་རིགས་ཀྱི་འདུ་རྭ་ཆེན་པོ་འདི་ནས།
ངས། ཧ་ཅང་དྭངས་གཙང་ཡིན་པའི་ཕ་ཡུལ་དྲན་འོང་།
ཕ་ཡུལ་གྱི་ནམ་མཁའ་དང་ཕ་ཡུལ་གྱི་ས་གཞི་དྲན་འོང་།
ཨེ་མ། “སྐྱེས་དུས་མིག་ལ་ཐོགས་པའི”ཕ་ཡུལ།
“རྒས་དུས་ཞེ་ལ་འཁོར་བའི”ཕ་ཡུལ།
༢༤-༡༠-༢༠༢༤


