བཀླགས་གྲངས། 895
"འགྲོ་བསམ་པའི་རྟ་ཕོ་ང་ལ་མེད།། རྐང་ལྷམ་ཆུང་བྱུང་ན་རྟ་ཕོ་ཡིན།།
འདུག་བསམ་པའི་གནས་མོ་ང་ལ་མེད།། ཆུ་མེ་ཤིང་བྱུང་ན་གནས་མོ་ཡིན།།"
དོལ་སྨྱོན།
ང་ཡི་ཁ་པར་གྱི་འཆར་ངོས་སུ་ཁྱེད་ཀྱི་འདྲ་པར་བཞག་ཡོད།།
ཁ་པར་དང་གློག་ཀླད་ཀྱི་གསང་གྲངས་སྔོན་མ་ལྟར་རང་འཇགས་ཡིན།།
པར་མཛོད་ནང་ད་དུང་ཡང་ཁྱེད་ཀྱི་འདྲ་པར་མང་པོ་ལྷག་འདུག།
ཟིན་བྲིས་ནང་གི་སྙན་ངག་མང་ཆེ་བའང་ཁྱེད་ལ་བྲིས་པ་ཤ་སྟག་རེད།།
ངས་ཞོགས་པ་སྔ་པོ་ནས་འཁྱག་སྒམ་ནང་གི་ཁུ་ནག་འཐུང་གི་མེད།།
ལས་ཀར་མ་ཕྱིན་སྔོན་ལ་ཆུ་ཤེལ་ཕོར་རེ་རྒྱུན་དུ་འཐུང་གི་ཡོད།།
འཁྱག་སྒམ་ནང་ཤིང་ཏོག་དང་སྔོ་ཚལ་མ་ཆད་པར་འཇོག་གི་ཡོད།།
མེ་འཁོར་ནང་འགྲོ་དུས་རྐུབ་བཀྱག་ཐོག་རྐང་པ་ནམ་ཡང་རྐྱོང་གི་མེད།།
ངས་ཇ་མངར་མོ་འཐུང་དུས་དཀར་ཡོལ་དེ་ག་རང་དུ་འཐུང་གི་ཡོད།།
ངའི་རྒྱུད་གསུམ་གྱི་ཕྱི་འཐུམ་ཁྲ་ཁྲ་དེ་ད་དུང་རང་འཇགས་ཡིན།།
ཕངས་པ་ཞིག་ལ་ལག་གི་སྐུད་པ་དགུ་སྒྲིལ་དེ་སྔོན་ནས་ཆད་སོང་།།
ཁྱེད་ཀྱི་ཆེད་དུ་ཉོས་པའི་ཁུག་མ་དེ་ད་དུང་གྱང་ངོས་སུ་དཔྱངས་ཡོད།།
ཁྱེད་ཀྱིས་མཛུབ་གནོན་བྱས་པའི་ཟིན་བྲིས་མང་པོ་མང་པོ་ཞིག།
ཧ་ཅང་མཛེས་སྡུག་གིས་ངའི་གློག་ཀླད་ནང་ད་དུང་བཞུགས་འདུག།
ཡིག་འབྲུ་རེ་རེ་ལས་འོད་ཟེར་ཁྲི་ཕྲག་གི་སྤྲོ་བསྡུ་བྱེད་པ།།
ང་ཁོ་ན་ལས་གཞན་པ་སུ་གཅིག་གིས་ཀྱང་མཐོང་བར་མི་ནུས་སོ།།
ཁ་ཙང་ངས་ཚོད་ཚོད་ལ་ཐ་མག་ཅིག་ཚོད་ལྟ་བྱས་པའི་མཚན་དེར།།
ཁྱེད་རང་རྨི་ལམ་དུ་ཕེབས་ནས་བཀའ་བཀྱོན་ཞེ་དྲག་བཏང་སོང་།།
སྔོན་མ་ཞིག་ལ་ཁྱེད་རང་ངའི་རྨི་ལམ་ནང་ཕེབས་ནས་ང་ལ།།
ངོ་ཚ་གི་མི་འདུག་གམ་ཆང་འཐུང་ག་བྱས་ནས་ཞེས་གཤེ་གཤེ་གནང་བྱུང་།།
སྔོན་ཆད་ཅིག་ལ་ངས་ཁྱེད་ཀྱི་བྱིས་པའི་ཆབ་རྟེན་བརྗེ་བ་རྨིས་བྱུང་།།
ཁྱེད་ཀྱིས་ཀྱང་ངའི་སྙན་ངག་ཅིག་སྐད་གསང་ཐོན་པོས་གྱེར་གྱིན་འདུག།
རྨི་ལམ་ནང་གི་འཇིག་རྟེན་དེ་དག་ཅི་འདྲའི་མཛེས་པ་ལ་ཨང་།།
ཐུག་རེག་བྲལ་བའི་འབྲེལ་བ་དེ་དག་དེ་འདྲའི་མཚར་བ་ལ་ཨང་།།
ལ་ལུང་ལ་བར་མཚམས་ཡོད་ཀྱང་སེམས་ཀྱི་ནུས་པར་བར་མཚམས་མེད།།
ཉིན་གྱི་བྱ་བཞག་ལ་ཚད་བཀག་ཡོད་ཀྱང་མཚན་མོའི་རྨི་ལམ་ལ་ཚད་བཀག་མེད།།
མཚན་གྱི་མུན་པ་ལ་འོད་སྣང་བྱེ་བ་བསྐྲུན་མཁན་གྱི་སེམས་ཀྱི་གནས་ཚང་།།
ཞལ་རས་སྒོ་རེར་དང་ཞལ་མདངས་འཛུམ་མེར་གཏན་དུ་བཞུགས་པར་མཛོད།།
22-09-2020
