གངས་ལྗོངས་ལྷ་མི་གཉིས་ཀྱི་བརྟན་བཞུགས།
བཀླགས་གྲངས། 741
ལུས་རྟེན་འདི་རིང་པོར་འཚོ་ཐུབ།
གསུང་བ་པོ། སྐྱེས་མཆོག་ལྷ་མོ་དོན་གྲུབ།
གསུང་དུས། སྤྱི་ལོ་༢༠༢༣ཟླ་༣ཚེས་༡༥ཉིན།
དེ་རིང་གཞན་པ་ཅང་ཞུ་རྒྱུ་མེད།བོད་ཀྱི་གཟུགས་ཅན་མི་ལྟ་ཅི་སྨོས།གཟུགས་མེད་ཚོས་ཀྱང་འདིར་ང་ལ་བརྟན་བཞུགས་བྱེད་པ་དང་།བརྟན་བཞུགས་བྱེད་པ་དེ་ཡང་བོད་ཀྱིས་གནས་སྟངས་དཀའ་ངལ་ཅན་མང་པོ་ཞིག་བརྒྱུད་པའི་དུས་ཚོད་ལ།ངས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་མེད་པར་བཟུང་བསྡད་པར་མ་ཟད།དེ་ཡང་རྒྱ་ཧོར་བོད་གསུམ་ལ་བསྐྱར་དུ་ཡག་པོ་ཞིག་དར་ཐུབ་པ་དང།དེ་སྔ་བོད་ཀྱི་རིག་གཞུང་དང་འབྲེལ་བ་མེད་པའི་ནུབ་ཕྱོགས་ཀྱི་ཡུལ་ལུང་ཚོའི་ནང་ལ་ཡང་དོ་སྣང་གསར་པ་སླེབས་སྡོད་པ།གལ་ཆེ་བ་ཞིག་ལ་སེམས་ཁམས་རིག་པ་དང་འབྲེལ་ནས་ཚན་རིག་པའི་ནང་ནས་ཀྱང་དོ་སྣང་གསར་པ་ཞིག་ཡོང་གི་ཡོད་པ་དེ་དག་ལ་ངས་བསྟན་པའི་ཞབས་འདེགས་ཕྲན་བུ་ཞིག་བསྒྲུབས་ཡོད།ད་དུང་ཡང་ལོ་བཅུ་ཕྲག་ཁ་ཤས་ཤིག་བསྡད་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེགས་གང་ལ་གང་འཚམས་ཤིག་བྱེད་ཐུབ་པར་བརྟེན།དེ་རིང་འདིར་བོད་རྒྱ་ཆེ་མི་དམངས་ཀྱི་ཚབ་བྱེད་མཁན་གྱི་མི་དམངས་ཚོ་དང།དེ་བཞིན་གནས་ཆུང་ཆོས་སྐྱོང་དང་མཁའ་འགྲོ་ཚོས་མཚོན་པའི་གཟུགས་མེད་ཀྱི་ལྷ་རྣམས་ཀྱིས་ཀྱང་རེ་འདུན་ཆེན་པོ་བྱེད་ཀྱི་ཡོད་པས།ངའི་གཟུགས་པོ་བདེ་ཐག་ཆོད་ཡོད་ལ།ད་དུང་མུ་མཐུད་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང།ཡང་སྒོས་བོད་གངས་ཅན་གྱི་ལྗོངས་ཀྱི་ཆོས་དང་རིག་གཞུང་།དེ་ནས་ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་གྱི་མི་དམངས་དེ་དག་གིས་ཆོས་དང་རིག་གཞུང་གི་ཐོག་ནས་ང་ལ་དད་པ་རྩེ་གཅིག་བྱེད་ཀྱི་ཡོད་པས།དེ་དག་གི་རེ་འདུན་ཡང་སྐོང་ཐུབ་པ།གང་ལྟར་སྐྱེས་པའི་དགོས་དོན་དེ་གཞན་ལ་ཕན་པ་སྒྲུབ་རྒྱུ་དེ་ཡིན།ད་ལྟའི་ངའི་ལུས་རྟེན་འདིའི་ཐོག་ནས་ཏན་ཏན་མི་ལ་ཕན་པ་སྒྲུབ་ཐུབ་ཀྱི་འདུག་པར་བརྟེན།ཕན་པ་སྒྲུབ་ཐུབ་མཁན་གྱི་ལུས་རྟེན་འདི་རིང་པོར་འཚོ་ཐུབ་པ་ཞིག་ངས་ཀྱང་སྨོན་ལམ་རྒྱག་གི་ཡིན་ལ།འཕེན་པ་གཏོང་གི་ཡིན།ཁྱོད་ཚོ་ཚང་མས་ཀྱང་ཐུགས་སྨོན་གནང་ནས།དེ་རིང་འདིར་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།བཀྲ་ཤིས་བདེ་ལེགས།