བཀླགས་གྲངས། 828
བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད་ཀྱང་གཞན་ལ་ཕན་ཐོགས་པར་དད་པ་དང་དམ་ཚིག་གི་འབྲེལ་བ་ཡོད་དགོས།
གསུང་བ་པོ།སྐྱེས་མཆོག་ལྷ་མོ་དོན་གྲུབ།
གསུང་ཚེས།སྤྱི་ལོ་༢༠༢༣ཟླ་༤ཚེས་༥ཉིན།
དེ་རིང་འདིར་བརྟན་བཞུགས་ཤིག་གནང་གི་ཡོད།ལུས་པོ་ཡོད་པ་དེ་བཙན་བྱོལ་བ་ཉུང་ཤས་ཤིག་ཆགས་ཡོད་ཀྱང་།བསམ་བློའི་ཐོག་ནས་བོད་མི་ས་ཡ་དྲུག་སྟེ།ཆོལ་ཁ་གསུམ་གྱི་བོད་མི་ཚང་མས་ང་ལ་བློ་རྩེ་གཏད་ཡོད།བོད་མི་ཙམ་དུ་མ་ཟད་རྒྱ་རིགས་དང་།སོག་རིགས།གང་ལྟར་རྒྱ་ཧོར་བོད་གསུམ་གྱི་ནང་རྒྱལ་བ་རིན་པོ་ཆེ་ལ་དགའ་མོས་བྱས་ཏེ།རྒྱལ་བ་རིན་པོ་ཆེ་ཚེ་རིང་པོར་སྡོད་ཐུབ་པ་ཞིག་དང་།རྒྱ་ཧོར་བོད་གསུམ་གྱི་ས་ཁུལ་དེ་སྔ་སངས་རྒྱས་ཀྱི་ཆོས་དར།བར་སྐབས་ཉམས་པ་དེ་སོར་ཆུད་པ་དང་།མི་ཉམས་གོང་འཕེལ་ཡོང་ཐུབ་པའི་རེ་བ་རྩེ་གཅིག་ཏུ་ཡོད།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་ནས་ཀྱང་དངོས་གནས་ང་ལ་རྩེ་གཅིག་ཏུ་དད་པ་དང་དགའ་མོས་བྱེད་མཁན་ཧ་ཅང་ཕོན་ཆེན་པོ་འདུག
ང་རང་གི་ངོས་ནས་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད་པ་དང་།བྱང་ཆུབ་ཀྱི་སེམས་ཀྱིས་ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་ཐོགས་བྱེད་པ་དེ་དད་པ་དང་དམ་ཚིག་ལ་འབྲེལ་བ་ཡོད་པས།ཁྱོད་ཚོས་ཀྱང་ལྷག་བསམ་རྣམ་དག་གིས་བརྟན་བཞུགས་གནང་བ་དང་།ང་ལ་ཆ་བཞག་ཀྱང་རྒྱ་ཧོར་བོད་གསུམ་གྱི་ཆོས་དད་ཡོད་མཁན་རྣམས་གཙོ་བོར་གྱུར་པའི་འཛམ་བུའི་གླིང་འདིའི་སྒང་དེ་སྔ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་མེད་པའི་མི་མང་པོ་ཞིག་གིས་ང་ལ་དགའ་བོ་བྱེད་ཅིང་།མདོར་ན།ཚན་རིག་པའི་ནང་ནས་ཀྱང་ཧ་ཅང་དགའ་བོ་བྱེད་མཁན་ཡོང་གི་འདུག
རྒྱ་མི་ལ་ཆ་བཞག་ན་གུང་ཁྲན་ཏང་ཡོན་དེ་འདྲའི་ནང་ནས་ཀྱང་ང་ལ་དགའ་མོས་བྱེད་མཁན་ཤུགས་ཆེན་པོ་འདུག་པས།ང་རང་འཚོ་བ་དེ་ང་གཅིག་པུའི་ཆེད་དུ་མ་ཡིན་པར།ཆོལ་ཁ་གསུམ་གྱི་རྒྱ་ཆེའི་མི་དམངས་དང་།འཛམ་བུའི་གླིང་འདིའི་སྒང་གི་མི་མང་པོ་ཞིག་གི་བློ་རྩེ་གཏད་ས་བྱས་ཏེ་དགའ་བོ་བྱེད་ཀྱི་ཡོད་པས།ང་ཚེ་རིང་པོར་སྡོད་ཐུབ་པར་ངས་སྨོན་ལམ་རྒྱག་གི་ཡོད།དེ་རིང་འདིར་ཚེ་ཆོག་གནང་གི་ཡོད་པས།ཁྱོད་ཚོས་ཀྱང་ཐུགས་སྨོན་རྒྱ་གང་ཆེ་གནོངས།ངའི་ངོས་ནས་ཀྱང་ལོ་རིང་པོར་སྡོད་ཐུབ་པ་ཞིག་དང་།ལོ་བརྒྱ་ལྷག་ལྷག་སྟེ།ལོ་བརྒྱ་དང་བཅུ་ཙམ་ཞིག་སྡོད་ཐུབ་པར་སེམས་ཤུགས་ཡོད་ལ།སྨོན་ལམ་ཡང་རྒྱག་གི་ཡོད།ཕྱོགས་གང་ཅིའི་ཐོག་ནས་བསྟན་པ་དང་འགྲོ་བའི་དོན་དུ་ཕན་ཐོགས་ཡོང་ཐུབ་ཀྱི་འདུག་ལ།ང་རང་གི་སེམས་ཤུགས་ཀྱང་དེ་འདྲ་ཡིན།
ངའི་གཟུགས་པོ་བདེ་ཐག་ཆོད་ཡོད།པུས་མོ་ཏོག་ཙམ་མི་བདེ་བ་འདུག་མ་གཏོགས།མི་བདེ་བ་གཞན་ཅི་ཡང་མི་འདུག་པས།ཨབ་ཏང་(སྦེ་གའཇུ་རེས།)རྩེ་དགོས་ཀྱང་རྩེ་ཐུབ་པ་འདྲ་ཞིག་ཡོད།(བཞད་མོ་བཞད།)
དེ་རིང་ཁྱོད་ཚོ་ཚང་མས་བརྟན་བཞུགས་གནང་གི་ཡོད།དངོས་སུ་ཁྱོད་ཚོ་དང་།གཞིས་ལུས་ཆོལ་ཁ་གསུམ་གྱི་མི་དམངས།རྒྱ་རིགས་མི་དམངས།དེ་བཞིན་དུ་འཛམ་བུ་གླིང་འདིའི་སྒང་ལ་ཆོས་ཙམ་མ་ཡིན་པར་སེམས་པ་བཟང་པོའི་ཐོག་ནས་མི་ཚེ་སྐྱེལ་འདོད་ཡོད་པའི་མི་མང་པོ་ཞིག་གིས་ང་ལ་དགའ་བོ་བྱེད་ཀྱི་ཡོད་པས།ངའི་ཚེ་རིང་དུ་གནས་ཐུབ་པ་ཞིག་བྱུང་ན་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་ཐུབ་པ་དེ་ང་རང་གིས་དངོས་སུ་མཐོང་གི་འདུག
རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།།བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།།བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།།སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།།བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།ཅེས་པའི་སེམས་བསྐྱེད་དེ་ངས་ཉིན་རེ་བཞིན་དུ་འདོན་གྱི་ཡོད་ལ་སྒོམ་གྱི་ཡང་ཡོད།
དེ་རིང་འདིར་དངོས་སུ་འདུས་སྡོད་མཁན་ཁྱོད་ཚོས་སྨོན་ལམ་རྒྱག་གི་ཡོད་པས།ཇི་ལྟར་སྙིང་ཁོང་རུས་པའི་གཏིང་ནས་ཆོ་ག་འདོན་གྱི་ཡོད་པ་དེ་བཞིན་འགྲུབ་ཐུབ་པ་ཞིག་དང་།ང་རང་གི་ངོས་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་དང་།བོད་ཆོལ་ཁ་གསུམ་གཙོ་བོར་གྱུར་པའི་འཛམ་བུའི་གླིང་འདིར་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད་པ་མཐོང་གི་འདུག་པས།རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།།བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།།བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།།སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།།བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།ཅེས་གསུངས་པ་ལྟར་ངས་སྨོན་ལམ་རྒྱག་གི་ཡོད་ལ།ཁྱོད་ཚོ་ཚང་མས་ཐུགས་སྨོན་བདེན་ཚིག་གཟབ་གཟབ་བྱས་ནས་གནང་རོགས་གནང་།
དེ་རིང་འདིར་མཁའ་འགྲོའི་བསུན་བཟློག་བྱེད་ཀྱི་ཡོད་པས།གང་ལྟར་སྙིང་པོ་འཛམ་བུའི་གླིང་འདིའི་སྒང་ལ་ངའི་མི་ཚེ་འདིས་ཕན་ཐོགས་གང་འཚམ་ཡོད་པ་ཞིག་མཐོང་གི་འདུག་ཅིང་།ད་དུང་ཤུགས་ཆེ་རུ་ཆེ་རུ་འགྲོ་ཡི་འདུག་པས།མ་འོངས་པར་རྒྱ་ཧོར་བོད་གསུམ་ལ་བསྟན་པ་ཉམས་པ་སོར་ཆུད།མི་ཉམས་གོང་འཕེལ་ཡོང་བར་ངས་ཞབས་འདེགས་དགའ་རབ་བསྒྲུབ་ཐུབ་ཀྱི་རེད་བསམ་པའི་གདེང་སྤོབས་ཡོད་པས།ང་ཚེ་རིང་པོར་གནས་ཐུབ་པར་ངས་ཀྱང་འཕེན་པ་གཏོང་གི་ཡོད་ལ།ཁྱོད་ཚོས་ཀྱང་ཐུགས་སྨོན་གནོངས།བཀྲ་ཤིས་བདེ་ལེགས།