Back To Top

རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་མཛད་མཁན་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ཡིན།

རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་མཛད་མཁན་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ཡིན

བཀླགས་གྲངས། 822

༄༅།།རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་མཛད་མཁན་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ཡིན།

གསུང་བ་པོ།ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ།

ཡིག་འབེབས་པ།འཇམ་དབྱངས་དཀར་པོ།

གསུང་གནས།རྒྱ་གར་གྱི་རྒྱལ་ས་དྷི་ལི།

གསུང་ཡུལ།རྒྱལ་སྤྱིའི་ནང་པའི་ཆེས་མཐོའི་ལྷན་ཚོགས།

གསུང་ཚེས།སྤྱི་ལོ་༢༠༢༣ཟླ་ཚེས་༢༡ཉིན།

གང་གིས་རྟེན་ཅིང་འབྲེལ་བར་འབྱུང་།།འགག་པ་མེད་པ་སྐྱེ་མེད་པ།།ཆད་པ་མེད་པ་རྟག་མེད་པ།།འོང་བ་མེད་པ་འགྲོ་མེད་པ།།ཐ་དད་དོན་མིན་དོན་གཅིག་མིན།།སྤྲོས་པ་ཉེར་ཞི་ཞི་བརྟེན་པ།།རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།།དམ་པ་དེ་ལ་ཕྱག་འཚལ་ལོ།།

འཛམ་བུའི་གླིང་འདིའི་སྒང་ལ་སྟོན་པ་མང་པོ་ཡོད་ཀྱང་།རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་མཛད་མཁན་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ཡིན།རྟེན་ཅིང་འབྲེལ་བར་འབྱུང་བའམ་རྟེན་འབྱུང་གི་གཏན་ཚིགས་ལ་བརྟེན་ནས།སེམས་ཀྱི་ངར་འཛིན་ཏེ་ཉོན་མོངས་གཞན་སྐྱེ་བའི་གཞི་བྱེད་མཁན་དེར་ཁ་གཏད་གཅོག་གི་ཡོད།

འགྲེལ་བ་དེ་འདྲའི་ནང་ལ།རྟེན་ཞེས་ཆོས་ཉིད་མི་འདོར་ལ།།འབྱུང་ཞེས་འཇིག་རྟེན་ཚུལ་ཡང་སྟོན།།རིགས་ཚུལ་ཀུན་ལས་རྒྱལ་པོ་བཞིན།།རྟེན་ཅིང་འབྲེལ་འབྱུང་ཚད་མའི་བཀའ།།ཞེས་རྟེན་འབྱུང་ཞེས་པའི་ཚིག་གཉིས་པོ་དེ་ཧ་ལས་པའི་གལ་ཆེན་པོ་ཞིག་བཤད་ཡོད།རྟེན་ཞེས་པས་གཞན་ལ་རག་ལས་ཏེ་ཡོད་པ་ལས།གཞན་ལ་རག་མ་ལས་པར་རང་དབང་གིས་གྲུབ་པ་ཁྱོན་ནས་མེད་པ།འབྱུང་ཞེས་པས་གཞན་ལ་བརྟེན་ནས་བཏགས་པ་ཙམ་ཞིག་མ་གཏོགས་མེད་ཀྱང་།རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་སོགས་པ་མཐོང་ཆོས་ཀྱི་ཉམས་མྱོང་ཡོད་པ་དེ་དག་རྒྱུ་རྐྱེན་ལ་བརྟེན་ནས་ཡོད་པས།རྟོག་པས་སྒྲོ་བཏགས་པ་ཙམ་ཞིག་མ་གཏོགས་ཕན་གནོད་འདྲེན་མཁན་མེད་པ་ཡང་མིན་པ།

འབྱུང་ཞེས་པས་ང་ཚོའི་བསམ་བློའི་འགྲོ་སྟངས་ཀྱི་ཐོག་ནས་"ང་"ཞེས་ཧ་ཅང་རྩ་ཆེན་པོར་བརྩིས་ཡོང་བ་ན།དེ་དང་འབྲེལ་བའི་གཉེན་གྱི་ཕྱོགས་ལ་ཆགས་སེམས་སྐྱེ་བ་དང་།ང་ལ་ཏོག་ཙམ་མི་འགྲིག་པ་ཡོང་མཁན་དེ་དག་ལ་དགྲ་བོའི་འདུ་ཤེས་བཞག་སྟེ་སྡང་སེམས་ཡོང་བས།ཆགས་སྡང་གཉིས་གཙོ་བོ་ངར་འཛིན་པའི་བློ་དེས་ཡོང་གི་འདུག་པར་བརྟེན།ཟླ་བ་གྲགས་པས་དབུ་མ་འཇུག་པའི་མཆོད་བརྗོད་ཀྱི་ནང་ལ།གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི།།ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ།།ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ།།དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི།།ཞེས་གསུངས་པ་ལྟར།ཆགས་སྡང་གཉིས་པོས་རྙོག་དྲྭ་ཚང་མ་བཟོས་ཡོང་གི་ཡོད་སྟབས།བརྩེ་བ་དང་ཀུན་ལ་ཕན་པའི་བསམ་པ།ཀུན་ལ་སྡུག་བསྔལ་དང་བྲལ་ན།བདེ་བ་དང་ལྡན་ན་བསམ་པའི་བརྩེ་བའི་བློ་དེ་ཧ་ཅང་རྩ་ཆེན་པོ་ཡིན།

དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་རྩོམ་པའི་སྐབས་སུ་མཆོད་བརྗོད་ཀྱི་ཡུལ་གཞན་མ་བཟུང་བར་སྙིང་རྗེ་གཙོ་བོར་བཟུང་བ་དེ།སངས་རྒྱས་པའི་ཆོས་ཀྱི་ཐོག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བ་བཅས་ལ་སྙིང་རྗེ་དེ་ཧ་ལས་པའི་རྩ་ཆེན་པོ་ཡིན་པས་རེད།དེར་བརྟེན།སྲིད་པའི་ས་བོན་རྣམ་ཤེས་ཏེ།།ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ།།ཡུལ་ལ་བདག་མེད་མཐོང་ན་ནི།།སྲིད་པའི་ས་བོན་འགག་པར་འགྱུར།།ཞེས་རྣམ་པར་ཤེས་པ་ལ་ཆོས་གང་སྣང་ན་ཡང་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་།སྣང་བ་ལྟར་དུ་དོན་གྱི་ངོས་ནས་ཡོད་པར་འཛིན་པའི་བློ་དེས་ཆགས་སྡང་གི་བློ་དེ་དག་སྐྱེས་ཡོང་གི་ཡོད་པས།སྣང་སྲིད་ཀྱི་ཆོས་འདི་དག་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་ཡོང་གི་ཡོད་ཀྱང་།སྣང་བ་ལྟར་དུ་གྲུབ་པ་གཏན་ནས་མེད་སྙམ་དུ་ཐག་ཆོད་པའི་བསམ་བློ་ཞིག་བསླེབས་ཡོང་ན།གང་སྣང་ཡུལ་སྟེང་ནས་ཡོད་པ་ཞིག་བློ་ལ་ཤར་བ་དེ་ལྟར་དུ་མི་འདུག་སྙམ་དུ་སེམས་གཏིང་ནས་ཁོ་ཐག་ཆོད་པའི་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་ཡིན།

ང་ཚོ་ལ་རེ་བ་སློབ་མཁན་གཙོ་བོ་དེ།སྲིད་པ་ངོ་བོ་ཉིད་ཀྱིས་སྟོང་།།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱེད།།ཅེས་སྲིད་པ་སྟེ་སྣང་ཞིང་སྲིད་པའི་ཆོས་འདི་དག་ཚང་མ་རྣམ་བདུན་གྱི་རིགས་པ་དང་།རྣམ་ལྔའི་རིགས་པ།གཅིག་དུ་བྲལ་གྱི་རིགས་པས་བཙལ་ཡོང་ན།ངོ་བོ་འདི་རེད་ཅེས་ང་ཚོར་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་བ་ལྟར་གཏན་ནས་མེད་པ་ཞིག་ཐག་གིས་ཆོད་ཀྱང་།སྲིད་པ་ངོ་བོ་ཉིད་ཀྱིས་སྟོང་པའི་གནས་ཚུལ་དེར་ང་ཚོས་ཕྱིན་ཅི་ལོག་ཏུ་རྟོག་ནས།གཏི་མུག་བདེན་འཛིན་གྱིས་ཆགས་སྡང་གི་བློ་དེ་དག་དྲངས་ཡོང་གི་ཡོད་པས།སྲིད་པ་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལ་བསམ་བློ་ཡག་པོ་ཞིག་གཏོང་ཐུབ་པ་དང་།སྲིད་པའི་ངོ་བོ་རང་བཞིན་གྱིས་སྟོང་པ་དེ་བློ་ལ་ཡག་པོ་ཞིག་འཁོར་ཡོང་ན།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱེད།།ཅེས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་གྱི་ངོས་ནས་མེད་པ་ཐག་ཆོད་པའི་བསམ་བློ་ཞིག་སྐྱེས་ཡོང་བའི་ཚེ།"ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱེད་"པར་བརྟེན།སྟོང་ཉིད་ཀྱི་ལྟ་བ་ལ་བསམ་བློ་བཏང་ན།རང་བཞིན་དག་པའི་སེམས་ལྡན་པས།།སྲིད་པ་དམ་པ་བྱེད་པར་འགྱུར།།ཞེས་གསུངས་པ་ལྟར།ཕྱོགས་གཅིག་ནས་གོང་དུ་ཞུས་པའི་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་མཆོད་བརྗོད་ཀྱི་ནང་དོན་བཞིན།བརྩེ་བ་སྙིང་རྗེ་ཆེན་པོ་དེ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་དང་།ད་ལྟའི་ཚིགས་བཅད་འདིས་ཆོས་རྣམས་བདེན་གྲུབ་ཏུ་སྣང་ཞིང་།སྣང་བ་ལྟར་དུ་འཛིན་པའི་བློ་དེར་སྣང་བ་ལྟར་དུ་གྲུབ་པ་ཞིག་གཏན་ནས་མེད་པའི་བསམ་བློ་འཁོར་ཡོང་བ་ན།རང་བཞིན་དག་པའི་སེམས་ལྡན་པས།།སྲིད་པ་དམ་པ་བྱེད་པར་འགྱུར།།ཞེས་རིམ་པས་བདེན་འཛིན་བག་ཆགས་དང་བཅས་པ་སྤངས་པའི་མྱང་འདས་ཀྱི་གོ་འཕང་མངོན་དུ་བྱེད་ཐུབ་ཅེས་གསུངས་པ་དེས་ཧ་ལས་པའི་རེ་བ་ཞིག་སློབ་ཀྱི་འདུག

སྡུག་བསྔལ་ལ་བསམ་བློ་བཏང་ནས་ཡི་མུག་སྟེ་མི་སྡོད་པར།སྡུག་བསྔལ་གྱི་རྩ་བ་བདེན་འཛིན་གྱིས་བྱེད་ཀྱི་ཡོད་པ་དང་།བདེན་འཛིན་དེ་ཞེན་ཡུལ་ལ་འཁྲུལ་བའི་ལོག་ཤེས་ཡིན་པ།དེར་ཇི་ལྟར་སྣང་བ་བཞིན་དུ་དོན་གྱི་ངོས་ནས་གྲུབ་མེད་པ་ཁོ་ཐག་ཆོད་ནས་ཡོང་སྐབས།ཆོས་རྣམས་བདེན་པར་སྣང་ཞིང་།སྣང་བ་ལྟར་དུ་བདེན་པར་འཛིན་པའི་འཛིན་པ་དེ་ག་ལེར་ཤུགས་ཆུང་དུ་འགྲོ་ཡི་ཡོད།

ང་ལ་ཆ་བཞག་ན་ཉམས་ལེན་ཆེན་པོ་ཡོང་གི་མི་འདུག་སྟེ།ཐབས་ཀྱི་ཆ་ནས་བྱང་ཆུབ་ཀྱི་སེམས་དང་།ཤེས་རབ་ཀྱི་ཆ་ནས་སྟོང་ཉིད་ཀྱི་ལྟ་བ་གཉིས་ལ་ལོ་ཉི་ཤུ་སུམ་ཅུར་བསམ་བློ་བཏང་བ་ཡིན་ལ།ད་དུང་ཡང་ཉིན་རེ་བཞིན་དུ་ནན་ཏན་བྱས་ནས་བསམ་བློ་གཏོང་གི་ཡོད།བསམ་བློ་བཏང་བའི་ལག་རྗེས་སུ་སེམས་ལ་འགྱུར་བ་ཆེན་པོ་འགྲོ་ཡི་འདུག་པས་དབུ་མ་འཇུག་པར།དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི།།རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ།།སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར།།རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།།ཞེས་གསུངས་པ་ལྟར།འཇོག་སྒོམ་ཡག་པོ་ཞིག་ཡོང་གི་མི་འདུག་མ་གཏོགས།སྦྱོར་ལམ་ཐོབ་པའི་རེ་བ་ཏན་ཏན་ཡོང་གི་འདུག་པས།དབུ་མ་འཇུག་པའི་ཚིག་དེའི་གཞུག་ཏུ།རྟག་ཏུ་འགོག་པར་གཏོགས་པའི་བསམ་ལྡན་ཡིན་མོད་ཀྱི།།འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད།།དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི།།མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན།།ཞེས་དང་།ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།།ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོ་ངང་པ་ཡིས།།མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།།རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ།།ཞེས་གསུངས་པ་དེ་སོས་པ་ལྟ་བུ་ཞིག་ཆགས་ཀྱི་འདུག

ང་ལ་ཆ་བཞག་ན་ལོ་བརྒྱད་ཅུའི་ནང་ལ་བསླེབས་ཡོད་ཀྱང་།ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་བསམ་བློ་བཏང་ཡོང་བ་ན་རེ་བ་ཞིག་སླེབས་ཡོང་གི་འདུག་པས།ཕལ་ཆེར་ཚེ་འདི་ལ་མཐོང་ལམ་ཁག་པོ་མིན་འགྲོ་སྟེ།སྦྱོར་ལམ་ཐོབ་ཀྱི་རེད་བསམ་པའི་ཚོད་ཐིག་གི་འདུག

ང་ཆུང་ཆུང་སྐབས་ནས་ལྷ་ཡི་རྣལ་འབྱོར་སྒོམ་གྱི་ཡོད་པ་ལས།འཇིགས་བྱེད་ལྟ་བུར་ཆ་བཞག་ན་ཞལ་དགུ་ཕྱག་སོ་བཞི་ཡོད་པ་དང་།དེ་ཆུང་ཆུང་སྐབས་ནས་སྒོམ་གྱི་ཡོད།ཡིན་ན་ཡང་ངོ་ཐོག་སེམས་ལ་འགུལ་སྐྱོད་ཐེབས་མཁན་དེ།ད་ལྟ་བཤད་མ་ཐག་པ་བཞིན་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་སེམས་ལ་འགུལ་སྐྱོད་ཐེབས་ཡོང་གི་འདུག་པ་ལས།ཞལ་དགུ་ཕྱག་སུམ་ཅུ་སོ་བཞི་སྒོམ་པ་དེ་ཙམ་གྱིས་སེམས་ལ་བཟོ་ལྟ་ཆགས་ཀྱི་མི་འདུག(བཞད་མོ་བཞད།དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་བསམ་བློ་བཏང་ནས།དེ་ལ་དད་པ་སྦྱོང་གི་ཡོད་པས།ངས་རང་གི་ཉམས་མྱོང་གི་ཐོག་ནས་དངོས་སུ་ལག་ལེན་བཀལ་ནས་ཡོང་བ་ན།སེམས་ལ་འགུལ་སྐྱོད་དང་འགྱུར་བ་ཐེབས་ཏེ།སྦྱོར་ལམ་ཐོབ་ཐུབ་པ་དེ་དགའ་རབ་དམིགས་འོག་ལ་ཆུད་ཀྱི་ཡོད་བཟོ་ཞིག་འདུག་པར་བརྟེན།ཁྱོད་ཚོ་ཆོས་གྲོགས་རྣམ་པ་ཚོས་ཀྱང་སྒོམ་བརྒྱབ་ནས་བསམ་བློ་བཏང་ན།ག་ལེར་སེམས་མ་རུང་བ་དེ་ཞི་ཞིང་དུལ་བ་ཞིག་ཆགས་ནས།ཟབ་མོ་དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་ཇེ་ཉེ་ཇེ་ཉེར་འགྲོ་ཡི་འདུག

ངས་ལོ་དེ་དག་གི་རིང་ལ་སྒོམ་བརྒྱབས་པ་ཡིན།ཁྱོད་ཚོས་ཀྱང་དེ་བཞིན་དུ་བྱས་ནས།ཟབ་པ་དང་རྒྱ་ཆེ་བའི་ཆོས་སྐོར་དེ་དག་ལ་ཉིན་རེ་བཞིན་དུ་བསམ་བློ་ཐོངས།བསམ་བློ་བཏང་ན་འགྱུར་བ་ཏན་ཏན་འགྲོ་ཡི་འདུག་པས།ཆོས་གྲོགས་ཚོས་ཀྱང་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་།སྟོང་ཉིད་ཀྱི་ལྟ་བ་སྒོམ་པར་ཤུགས་སྐྱོན་ནས་ཧུར་ཐག་གནོངས།

ནམ་རྒྱུན་དགོན་པ་གྲྭ་ཚང་ཚོས་སྦུབ་དཀྲོལ།རྔ་རྡུང་།དུང་དང་རྐང་གླིང་གཏོང་བ་ལ་སོགས་པས་རྣ་ཚ་ཚ་ཧ་ལས་པ་ཞིག་བྱེད་ཀྱི་ཡོད་ཀྱང་།སྒོམ་རྒྱག་པའི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་ཏན་ཏན་འཐུས་ཤོར་འགྲོ་ཡི་ཡོད་བཟོ་འདུགརྔ་རྡུང་སྦུབ་དཀྲོལ་གྱིས་ཆོབ་སྒྲ་ཆེན་པོ་བྱེད་པ་དེ།སྔགས་པ་གྲྭ་ཚང་དེ་དག་ལ་དགོས་ཀྱི་ཡོད་ཀྱང་།གཙོ་བོ་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་བསམ་བློ་གཏོང་རྒྱུར་ཚང་མས་ཤུགས་བརྒྱབ་ནས་ཧུར་ཐག་གནོངས།

ངས་ཁ་ནས་བཤད་པ་གཅིག་པུ་མ་ཡིན་པར།རང་གི་ཉམས་མྱོང་གི་ཐོག་ནས་བསམ་བློ་བཏང་།བསམ་བློ་བཏང་ནས་རྩེ་གཅིག་པའི་སྒོམ་ག་ཚོད་ཐུབ་ཐུབ་ཅིག་བརྒྱབས་ཡོང་བ་ན།དངོས་གནས་ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་འགྱུར་བ་ཐེབས་པ་ཡོང་གི་འདུག་ཀྱང་།རྔ་རྡུང་བ་དང་སྦུབ་དཀྲོལ་ནས་ཧ་ལས་པ་ཞིག་བྱས་ཀྱང་དེ་ཙམ་གྱིས་འགུལ་སྐྱོད་ཐེབས་རྒྱུ་ཁག་པོ་ཡིན།ཚིག་ཙམ་མ་ཡིན་པར་རང་གི་ཉམས་མྱོང་གི་ཐོག་ནས་བསམ་བློ་བཏང་ན།དེ་དག་སོས་པ་ལྟ་བུ་ཆགས་ཡོང་གི་འདུག་པས།ཆོས་གྲོགས་ཚང་མས་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་རོགས་གནང་ཞེས་ཞུ་རྒྱུ་ཡིན།འདི་ནི་ངའི་ཆོས་ཀྱི་ལེགས་སྐྱེས་ཀྱི་ཚོད་ལྟ་བུ་དེ་ཡིན་པས།ཚང་མས་དགོངས་པར་བཅངས་ནས་ཧུར་ཐག་གནོངས།

ཧོབ་ཏེ་བོད་པའི་གནས་སྟངས་ལ་བལྟས་ན།གནས་སྟངས་སྐྱོ་བོ་ཧ་ལས་པ་ཆགས་འདུག་ཀྱང་།བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་བསམ་བློ་ཏོག་ཙམ་ཡོད་པ་དང་།རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཤེས་པ་ཞིག་བྱུང་ན།ཅི་ཙམ་གྱིས་རྐྱེན་ངན་མང་བ་བྱུང་བའི་ཚོད་ཀྱིས་སེམས་ནང་ལ་བློ་སྐྱེད་ཡོང་བ་དང་།རྣམ་མཁྱེན་སྒྲུབ་པའི་རྒྱུ་ལ་ཇེ་ཉེ་ཇེ་ཉེར་འགྲོ་བར་བརྟེན།ཚང་མས་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་།སྟོང་ཉིད་ཀྱི་ལྟ་བ་ལ་ཤུགས་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན།རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཤེས་པ་ཞིག་བྱུང་ན་ང་ཚོའི་དཀའ་ངལ་ཚང་མ་སེལ་ཐུབ།

ང་ལ་ཆ་བཞག་ན་མདོ་སྨད་ཀྱི་ས་མཐའ་ནས་སྐྱེས་པའི་བྱིས་པ་ཞིག་ཆགས་ཡོད་ཀྱང་།ལྷ་སར་བསླེབས་ནས་གཞུང་ཆེན་དེ་དག་སྦྱངས་པར་མ་ཟད།བཙན་བྱོལ་ལ་བསླེབས་ནས་གཞུང་ཆེན་དེ་དག་ལ་བསམ་བློ་ཧ་ཅང་གཏོང་གི་ཡོད་ལ།བློ་ལ་ཧ་ལས་པའི་ཕན་ཐོགས་ཡོང་བ་དེ་མིག་མཐོང་ལག་ཟིན་ཡིན་པར་བརྟེན།བློ་སྦྱོང་དགོས་པའི་རྒྱུ་མཚན་ནི།སོ་སོའི་ཁེ་ཕན་ཡག་ཤོས་དེ་བློ་སྦྱངས་པའི་ཐོག་ནས་ཡོང་གི་ཡོད་པས།ཚང་མས་ཧུར་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན།

དེ་རིང་ང་ཚོ་སངས་རྒྱས་པའི་ཆོས་ཀྱི་སྐོར་ལ་ཚོགས་ཀྱི་ཡོད་ཀྱང་།ཆོས་ལུགས་ཚང་མ་མི་ལ་ཕན་ཐོགས་ཡོད་པས་ཧ་ཅང་ཡག་པོ་རེད།ཡིན་ན་ཡང་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ལ་བསམ་བློ་གཏོང་བ་དེ།ནང་པའི་ཆོས་ཀྱི་ཁྱད་ཆོས་ལྟ་བུ་ཞིག་ཆགས་འདུག་ལ།ང་ཚོར་ཕ་མེས་ནས་དེ་ལྟ་བུའི་ཆོས་ཚུལ་ཞིག་ཡོད་པ་དེ།རིན་ཐང་ཅན་ཞིག་ཡིན་པ་ངོ་ཤེས་པའི་ཐོག་ནས།ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་བྱས་ཏེ་ཤུགས་སྒྲིམ་པ་ཡིན་ན།འཛམ་བུའི་གླིང་འདིའི་སྒང་ལ་ཆོས་ལུགས་མེད་མཁན་ཡང་ཡོད་ལ།ཆོས་ལུགས་ཀྱང་འདྲ་མི་འདྲ་ཡོད་པས།དེ་དག་གི་མིག་སྔར་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་དེ་དག་ལ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་དགའ་རབ་འདུག་ཨང་སྙམ་པ་ཞིག་བྱུང་ན།དེ་བསྟན་པའི་ཞབས་འདེགས་ལ་འགྲོ་བ་དང་།སྟོན་པའི་བཀའ་དྲིན་གསོབ་པ་ཡིན་པས།དེར་ཚང་མས་དགོངས་པ་བཞེས་ཏེ་ཧུར་ཐག་གནོངས།

གཞན་ཞུ་རྒྱུ་ཅང་མེད།དྲི་བ་དྲིས་ལན་ཡོད་པ་རེད་དམ།(ཞེས་བཀའ་འདྲི་གནང་བར་དྲུང་ཆེས་ཡོད་པ་མ་རེད་ཞུས།དེས་ན་ཞོགས་ཇ་དགའ་རབ་འཇུས་ཚར་ཏེ།ད་ཡང་གྲོད་ཁོག་ལྟོགས་ཀྱི་འདུག་པས།ཟ་མ་བཟའ་རྒྱུ་རེད།(བཞད་མོ་བཞད།ཐུགས་རྗེ་ཆེ།

2023-04-28 ཆབ་བྲག་ལྷ།
བཀའ་དྲིན་ཆེ་ཞུ།
བཀའ་དྲིན་ཆེ་ཞུའི་མཚོན་རྟགས་ཤིག་ ཇག་རྟགས་ནང་ན་མི་འདུག
2023-04-28 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།