དངོས་བྱུང་གནས་ཚུལ།
བཀླགས་གྲངས། 799
སྤྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༩ ཉིན།
རྒྱ་གར་གྱི་ཨུ་ཊར་མངའ་སྡེ་(Uttar Pradesh)ཡི་མཱན་པུ་རི་(Mainpuri)རྫོང་། ནཱ་གུ་ལ་ སཱ་ལི་ཧི་(Nagla Salehi) གྲོང་ཚོའི་ལོ་ ༡༣ ལོན་པའི་བྱིས་པ་རོ་ཧི་ཏི་ ཀུ་མར་(Rohit Kumar) གྱིས་སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༤ ཉིན་ཡུར་བའི་ནང་ཆུ་རྐྱལ་བྱེད་སྐབས་ཆུར་བྱིངས་ནས་གྲོངས། བྱིས་པ་དེའི་ཕའི་མིང་ལ་པ་རཱ་མོ་ཏི་ ཀུ་མར་(Pramod Kumar) དང་། མའི་མིང་ལ་ཨུ་ཤཱ་ དེ་ཝི་(Usha Devi) ཟེར།
ནཱ་གུ་ལ་ སཱ་ལི་ཧི་གྲོང་ཚོའི་ཐག་ཉེར་ནཱ་གུ་ལ་ ཨ་མར་ སིན་(Nagla Amar Singh) ཟེར་བའི་གྲོང་ཚོ་ཞིག་ཡོད་པའི་ནང་། མིང་ལ་རཱམ་ན་རེ་ཤཱི་ ཤང་ཁཱ་ཝར་(Ramnaresh Shankhwar) ཟེེར་བའི་སྐྱེས་པ་ཞིག་ལ་ལོ་ ༨ ལ་སོན་པའི་བྱིས་པ་མིང་ལ་ཙནྡི་ར་བེར་ ཨ་ལི་སི་ ཆོ་ཏུ་(Chandraveer alias Chotu) ཟེར་བའི་བྱིས་པ་ཞིག་ཡོད། བྱིས་པ་ཙནྡི་ར་བེར་སྐད་ཆ་བཤད་ཐུབ་ཙམ་ནས་རྒྱུན་དུ་ཁོའི་ཕ་ཡུལ་ནཱ་གུ་ལ་ སཱ་ལི་ཧི་ཡིན་པ་དང་། དེར་ཕ་མ་དང་སྲིང་མོ། དགེ་རྒན་སོགས་ཡོད་རབས་བཤད་པར་མ་ཟད། འགྲོ་ཐུབ་ཙམ་ནས་རྒྱུན་དུ་ནཱ་གུ་ལ་ སཱ་ལི་ཧི་གྲོང་ཚོའི་ཕྱོགས་སུ་བྲོས་འགྲོ་བས། བྱིས་པ་ཙནྡི་ར་བེར་གྱི་ཨ་ཕས་ཉིན་གཅིག་ཁོའི་བྱིས་པ་དེ་བོར་ས་རེད་བསམ་ནས་རྒྱུན་དུ་སེམས་ཁྲལ་བྱས་པ་རེད།
ཉིན་ཞིག་བྱིས་པ་ཙནྡི་ར་བེར་བྲོས་སྟབས་ཀྱིས་ནཱ་གུ་ལ་ སཱ་ལི་ཧི་གྲོང་ཚོའི་ཚེ་སྔོན་མའི་ཕ་ཁྱིམ་ལ་སོང་བར། ཁྱིམ་ན་ཚེ་སྔོན་མའི་ཨ་ཕ་པ་རཱ་མོ་ཏི་ ཀུ་མར་དང་མ་ཨ་ཨུ་ཤཱ་ དེ་ཝི་གཉིས་བསྡད་ཡོད། བྱིས་པ་ཙནྡི་ར་བེར་གྱིས་”ཨ་ཕ། ཨ་མ། ང་ཁྱོད་གཉིས་ཀྱི་བུ་ཡིན་”ཞེས་བཤད་པར་ཡིད་མ་ཆེས། བྱིས་པ་ཙནྡི་ར་བེར་གྱིས་ཚེ་སྔོན་མའི་ཕ་མ་གཉིས་དྲན་པའི་གདུང་བ་དང་། ཚེ་སྔོན་མར་ཁོ་རང་ཆུ་ཡུར་ནང་ཇི་ལྟར་ཤི་བའི་རྒྱུ་མཚན་བཤད་པར། ཚེ་སྔོན་མའི་ཨ་ཕ་རཱ་མོ་ཏི་ ཀུ་མར་རེ་ཞིག་ཧང་སངས་ཏེ་ལུས་ན་ཡང་། ཨ་མ་ཨུ་ཤཱ་ དེ་ཝི་འཕྲལ་མ་ཉིད་དུ་འཐམ་ནས་འོ་བྱས། ཚེ་སྔ་ཕྱིའི་མ་བུ་ལྷན་འཛོམས་ཀྱི་དགའ་སྐྱོའི་མིག་ཆུ་ཤམ་ཤམ་དུ་བཞུར།
ཕྱི་དྲོ་ཚེ་སྔོན་མའི་ཨ་ཅེ་སློབ་གྲྭ་གྲོལ་ནས་ཁྱིམ་ལ་ལོག་ཡོང་བར་”ཨ་ཅེ་སླེབས་སོང་”ཞེས་ཡུན་རིང་བྲལ་བའི་དྲན་གདུང་གིས་དམ་དུ་འཁྱུད། གནས་ཚུལ་དེ་སྡེ་མི་གཅིག་ལས་གཉིས་ལ་མཆེད་དེ་སྡེ་བ་གཉིས་ཀྱི་ནང་ངོ་མཚར་བའི་གསར་འགྱུར་ཞིག་ཏུ་གྱུར། བྱིས་པ་ཙནྡི་ར་བེར་ཚེ་སྔོན་མའི་ཕ་མ་སྤུན་མཆེད་ལ་ངོ་ཐུག་པ་ནས་བཟུང་། ཚེ་སྔ་ཕྱི་གཉིས་ཀའི་ཕ་མ་སྤུན་མཆེད་ཀྱི་ངོས་ནས་སོ་སོའི་བྱིས་པར་ཁས་བླངས་ཏེ་གཅེས་སྐྱོང་བྱས་དང་བྱེད་བཞིན་མཆིས།
བྱིས་པ་ཙནྡི་ར་བེར་གྱི་ཚེ་འདིའི་ཕ་མ་གཉིས་ཀས་ཕྱིས་སུ་སྡེ་བ་གཉིས་དང་། ཁྱིམ་ཚང་གཉིས་བར་རྙོག་གླེང་མི་འབྱུང་ཆེད་དོན་དངོས་རྣམས་ཉེན་རྟོག་པར་སྙན་ཞུ་ཕུལ་ཏེ། སྤྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༩ ཉིན་ཙནྡི་ར་བེར་གྱི་ཚེ་སྔོན་མའི་ཁྱིམ་ཚང་ལ་མགྲོན་དུ་སོང་། སྐབས་དེར་གྲོང་མི་རྣམས་ངོ་མཚར་དང་བཅས་སྐྱེ་བ་སྔོན་མའི་བྱིས་དུས་ཀྱི་གནས་ཚུལ་སྣ་ཚོགས་དྲིས་བར་བྱིས་པ་ཙནྡི་ར་བེར་གྱིས་ལན་འཆུག་མེད་དུ་བརྒྱབ་པར་སྡེ་བའི་མི་རྣམས་ཧང་སངས།
ཚེ་སྔོན་མའི་དགེ་རྒན་སུ་བྷཱ་ཤཱི་ ཙནྡི་ར་ ཡ་དྷི་བི་(Subhash Chandra Yadav) བྱིས་པ་དེའི་ཉམས་སད་དུ་ཡོང་བར། “དགེ་རྒན་སུ་བྷཱ་ཤཱི་རྗེ་ཕེབས་སོང་”ཞེས་བཤད་དེ། རྒྱ་གར་གྱི་ཡུལ་སྲོལ་ལྟར་དགེ་རྒན་གྱི་ཞབས་ལ་ཕྱག་འཚལ། དགེ་རྒན་སུ་བྷཱ་ཤཱི་ནི་ཁོའི་སྐྱེ་བ་སྔོན་མའི་དགེ་རྒན་ཡིན། དགེ་རྒན་སུ་བྷཱ་ཤཱིས་སྐྱེ་བ་སྔོན་མའི་བྱིས་པ་རོ་ཧི་ཏི་ ཀུ་མར་ལ་ཁྲིད་པའི་སློབ་ཚན་དང་འབྲེལ་ཡོད་ཀྱི་དྲི་བ་དྲིས་པར་ལན་ཐོགས་མེད་དུ་བཏབ་སྟེ། དགེ་ལས་རྣམས་ཀྱང་ངོ་མཚར།
ཙནྡི་ར་བེར་གྱི་སྐྱེ་བ་སྔོན་མའི་བྱིས་པ་དེ་ནཱ་གུ་ལ་ སཱ་ལི་ཧི་སྡེ་བའི་སློབ་འབྲིང་གི་སློབ་མ་ཞིག་ཡིན་འདུག་པ་ལྟར། ནཱ་གུ་ལ་ སཱ་ལི་ཧིའི་ཡུལ་མི་དང་སློབ་གྲྭའི་དགེ་རྒན་རྣམས་ཀྱི་རེ་འདུན་བཞིན་ཙནྡི་ར་བེར་སྐྱེ་བ་སྔོན་མའི་སློབ་གྲྭར་བླངས་ཡོད་པར་མ་ཟད། ད་ལྟའི་ཁོའི་དགེ་རྒན་མང་ཆེ་བ་ཡང་སྐྱེ་བ་སྔོན་མའི་དགེ་རྒན་ཏག་ཏག་ཡིན་པ་རེད།
ད་ལྟའི་ཆར་གནས་ཚུལ་འདི་རྒྱ་གར་རྒྱལ་ཡོངས་ནང་གསར་འགྱུར་གྲགས་ཅན་ཞིག་ཏུ་གྱུར་ཏེ། གསར་འགྱུར་བརྒྱུད་ལམ་ཁང་དང་། དྲྭ་ལམ་ཁག་ན་ཚ་ཚ་འུར་འུར་གྱིས་གླེང་སློང་བྱེད་འདུག