ང་དར་མའི་སྒང་ཡིན།
བཀླགས་གྲངས། 1668
༄༅། །ང་ན་རྒས་རྫི་རྡིབ་ཀྱི་རྒན་འཁོགས་ཤིག་མིན་པར་དར་མའི་སྒང་ཡིན།
གསུང་བ་པོ། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ།
དེ་རིང་འདིར་གྲོགས་པོ་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ངས་ནམ་རྒྱུན། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་པའི་སྨོན་ལམ་འདི་རྒྱག་གི་ཡོད་ལ། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་སྲིད་དུ་ང་ཡང་སྐྱེ་བ་བླང་ནས། སྒོ་གང་ས་ནས་གཞན་གྱི་སྡུག་བསྔལ་སེལ་བ་དང་། གཞན་གྱི་བདེ་བ་སྒྲུབ་པར་སྙིང་ཁོང་རུས་པའི་གཏིང་ནས་སེམས་ཤུགས་བསྐྱེད་ནས་ཡོད། ད་ལྟ་སྐབས་སུ་བབ་པ་ལས་དང་སྨོན་ལམ་གྱི་དབང་གིས་ང་བོད་མདོ་སྨད་ཀྱི་ཨ་མདོའི་ལུང་པར་སྐྱེས་པ་དང་། དུས་ད་ལྟའི་བར་ལྷག་བསམ་མ་དོར་བའི་ཐོག་ནས་གང་ཡོང་ཅི་ཡོང་དང་། ག་ཚོད་ཐུབ་ཐུབ་ཀྱིས་གཞན་ལ་ཕན་བདེ་སྒྲུབ་པ་ཡིན། དེ་རིང་འདིར་སྐབས་སུ་བབ་པ་ང་ལོ་བརྒྱད་ཅུ་གྱ་བརྒྱད་ལ་སླེབ་པའི་འཁྲུངས་སྐར་དུས་ཆེན་ཞེས། ངའི་རང་ལོ་རྩིས་ན་ལོ་བརྒྱད་ཅུ་གྱ་བརྒྱད་ལ་སླེབ་ཡོད་ཀྱང་། ངས་ཤེལ་སྒོའི་ནང་ནས་རང་གི་གདོང་ལ་ལྟ་དུས་ང་ལོ་ང་བཅུ་ང་གྲངས་ཤིག་མིན་ནམ་བསམ་གྱི་འདུག(བཞད་མོ་བཞད། ཀུན་གྱིས་དགའ་སྤྲོའི་ཐལ་མོ་བརྡབས།) ངའི་གདོང་པོར་ཏོ་(ཡུལ་སྐད། རྒན་འཁོགས་ཀྱི་དོན།)ལག་པས་འཁྱོགས་ཚད་ཅིག་ཆགས་མེད་པར་མ་ཟད། སོ་ལ་ཆ་བཞག་ན་ཡང་གཅིག་ཀྱང་བུད་མེད་པར། ལྟོ་ཆས་ཅི་ཞིག་ཟ་དགོས་ཀྱང་ཨང་གསར་བྱས་ནས་བསྡད་ཡོད།(བཞད་མོ་བཞད།) ད་ལྟའི་བར་དུ་ལས་དང་སྨོན་ལམ་གྱི་ཐོག་ནས་ང་བོད་ལ་སྐྱེས། རིམ་བཞིན་ཏཱ་ལའི་བླ་མའི་མིང་ཞིག་ཐོགས་ཏེ། ད་ལྟའི་བར་དུ་ཏཱ་ལའི་བླ་མའི་མིང་དེ་འཁྱེར་ནས་དངོས་ཤུགས་བརྒྱུད་གསུམ་ནས་སེམས་ཅན་ལ་ཕན་བདེ་སྒྲུབ་པ་དང་། བྱེ་བྲག་ཏུ་བོད་གངས་ཅན་གྱི་བསྟན་སྲིད་ཀྱི་དོན་དག་ལ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱས་ནས་ཕན་ཐོགས་སྒྲུབ་པ་ཡིན། འགྱོད་པ་ཁྱོན་ནས་མེད། ལྷག་པར་བར་སྐབས་དུས་ཚོད་ཧ་ལས་པའི་ཁག་པོ་ཞིག་བྱུང་བའི་སྐབས་སུ་ཡང་ངས་ལྷག་བསམ་དང་། སེམས་ཤུགས་ཞུམ་པ་མེད་པ་བྱས་ནས་བསྡད་པ་ཡིན། བོད་པའི་ཐོག་ལ་བསམ་བཞིན་དུ་བརྣག་པོ་བྱེད་མཁན་གྱི་རྒྱ་ནག་གུང་ཁྲན་ཏང་གི་མགོ་ཁྲིད་དེ་དག་དང་། གུང་ཁྲན་ཏང་གི་ལས་ཀ་བྱེད་མཁན་རྣམས་ལ་ཡང་སྙིང་རྗེ་སྐྱེ་བར་མ་ཟད། རྨོངས་པའི་དབང་གིས་དེ་འདྲ་ཞིག་བྱས་པ་རེད་དྲན་པ་མ་གཏོགས། ཁྲོ་སེམས་སོགས་ཁྱོན་ནས་སྐྱེ་ཡི་མི་འདུག ད་ལྟའི་བར་ག་ཚོད་ཐུབ་ཐུབ་ཀྱིས་རྒྱ་ནག་མི་དམངས་ལ་ཡང་ལྷག་བསམ་རྣམ་དག་གི་ཐོག་ནས་ཕན་པ་སྒྲུབ་ཡོད། བོད་ཀྱི་ཆོས་དང་རིག་གཞུང་དེ་སྤྱིར་འཛམ་བུའི་གླིང་གི་མི་ཚང་མར་ཕན་པར་མ་ཟད། བྱེ་བྲག་ཏུ་རྒྱ་ནག་གི་མི་དམངས་མང་པོ་ཞིག་ནང་པ་ཆགས་ཡོད་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་ནང་པ་ཡིན། སྔ་མོ་རྒྱ་ནག་ལ་ཕྱིན་པའི་སྐབས་སུ་ས་སྣ་འདྲ་མི་འདྲར་ནང་པའི་ལྷ་ཁང་ཧ་ཅང་མང་པོ་འདུག་པར་ང་འགྲོ་མྱོང་། ད་ལྟ་རྒྱ་ནག་ལ་ཆ་བཞག་ཀྱང་། རིམ་པས་ནང་པ་སངས་རྒྱས་པའི་ཆོས་དར་ཡོང་གི་འདུག་ལ། གང་ལྟར་རྒྱ་ནག་མི་དམངས་རྣམས་འདི་ཕྱི་གཉིས་ཡོད་ཅིག་ཡོང་བར་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་། དེ་དང་འབྲེལ་ནས་སྟོང་པ་ཉིད་ཀྱི་ལྟ་བ་ལ་བསམ་བློ་བཏང་ན། ཚན་རིག་དང་ཡང་མཐུན་པ། ལྷག་དོན་སེམས་ཁམས་རིག་པའི་སྐོར་ལ་འབྲེལ་བ་ཡོད། རྩ་བའི་ངས་འཛམ་བུའི་གླིང་གི་ཆོས་ལུགས་ཚང་མ་ལ་དད་གུས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མས་གཞན་ཕན་གྱི་བློའི་བསླབ་བྱ་ཧ་ཅང་ཡག་པོ་གནང་གི་འདུག་ཀྱང་། ལྟ་གྲུབ་ཀྱི་ཐོག་ནས་བཤད་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་ན་ཡང་རེད། གང་ལྟར་ཡང་བསམ་བློ་གཏོང་སྟངས་དེ་ཅུང་སྦུག་སྲུབས་དོག་པོ་ཆགས་ཡོད། ངས་ད་ལྟ་ཞུས་མ་ཐག་པ་བཞིན་སངས་རྒྱས་པའི་ཆོས་ཀྱི། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་ནམ་མཁའ་མ་ཟད་ཀྱི་བར་ལ་གཞན་དོན་སྒྲུབ་རྒྱུ་ཡིན་བསམ་པའི་སྨོན་ལམ་འདི་ཧ་ཅང་ཤུགས་ཆེན་པོ་འདུག ངས་ཀྱང་ཉིན་རེ་བཞིན་དུ་དོན་དག་དེར་བསམ་བློ་བཏང་ནས། ད་ལྟའི་བར་དུ་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་ཕན་ཐོགས་སྒྲུབ་པ་ཡིན། ད་ལྟ་ཁྱོད་ཚོས་འདིར་<<ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པ་>>ཞེས་པ་ལྟར། ང་ལོ་ ༨༨ ལ་སླེབ་པའི་འཁྲུངས་སྐར་དུས་ཆེན་ཡིན། ཡིན་ན་ཡང་ངས་ཤེལ་སྒོའི་ནང་ནས་རང་གི་གདོང་ལ་ལྟ་དུས་ལོ་བརྒྱད་ཅུ་གྱ་གྲངས་ཡིན་པའི་བཟོ་འདྲ་ཞིག་མི་འདུག་པར། ལོ་ལྔ་བཅུ་སྐོར་ཞིག་མིན་ནམ་བསམ་པ་དང་། གྲུང་ཐག་ཆོད་བྱས་ནས་བསྡད་ཡོད་མ་གཏོགས། པོ་རྫི་རྡིབ་ཅིག་ཁྱོན་ནས་ཆགས་མེད། ངས་འབྱུང་འགྱུར་ལ་ཚོད་དཔག་དང་། ལུང་བསྟན་རིགས་ལ་བསམ་བློ་བཏང་ན། སླད་ཆད་ཀྱང་ང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཐུབ།(དགའ་སྤྲོས་ཐལ་མོ་བརྡབས།) ད་ལྟ་ཕན་ཆད་བོད་རྒྱ་ཆེའི་མི་དམངས་གཙོ་བོར་གྱུར་པའི་འཛམ་བུའི་གླིང་འདིའི་སྒང་གི་མི་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་དང་ཞབས་འདེགས་གང་འཚམ་སྒྲུབ་ཡོད། འབྱུང་འགྱུར་ཡང་ལོ་སུམ་ཅུ་བཞི་བཅུར་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཤུགས་བསྐྱེད་ནས་བསྡད་ཡོད་ལ།(དགའ་སྤྲོས་ཐལ་མོ་བརྡབས།) ཁྱོད་ཚོས་ཀྱང་སྨོན་ལམ་རྒྱག་རོགས། ཁྱོད་ཚོས་ངའི་འདྲ་རིས་བྲིས་པ་ཡིན་ན། ལོ་བརྒྱད་ཅུ་གྱ་བརྒྱད་ཀྱི་པོར་ཏོ་ལག་པས་འཁྱོགས་ཚད་ཅིག་མ་འབྲི་ཨ།(བཞད་མོ་བཞད།) ལོ་བརྒྱད་ཅུ་གྱ་བརྒྱད་ལ་སླེབ་ཡོད་ཀྱང་། ཁྱོད་ཚོས་བལྟས་ན་ཡང་གཟུགས་པོའི་འགྲོ་སྟངས་དེ་ལོ་ལྔ་བཅུ་ང་གྲངས་ཤིག་ཡིན་པའི་ཚོད་ཅིག་མི་འདུག་གམ། ངའི་སོ་གཅིག་ཀྱང་བུད་མེད་པར། ཕ་མས་སྤྲད་པའི་སོ་ཆ་ཚང་བསྡད་ཡོད་པས། ག་རེ་ཟ་དགོས་ཀྱང་སོ་དེ་དག་ཨང་གསར་བྱས་ནས་བསྡད་ཡོད། བྱིས་པ་ཆུང་ཆུང་སོ་དང་པོ་བུད་སྐབས། ནམ་རྒྱུན་གྲོང་གསེབ་པའི་སྐད་ཆ་ཞིག་ལ། རྟ་སོ་མ་སྐྱེས། བོང་སོ་མ་སྐྱེས། གཡང་དཀར་ལུ་གུའི་སོ་སྐྱེ་བར་ཤོག་ཅེས་བཤད་པ་ལྟར། ངའི་སོ་འདི་གཡང་དཀར་ལུ་གུའི་སོ་ཆགས་ཡོད། ད་ལྟའི་བར་ལྟོ་ཆས་ཞིམ་རུ་ཞིམ་ཚད་ཟས་ཏེ་སོ་འདི་དག་ཕན་ཐོགས་ཧ་ཅང་ཡག་པོ་བྱུང་ལ། འབྱུང་འགྱུར་མ་འོངས་པའི་ལོ་བཞི་བཅུ་ལྔ་བཅུར་ཡང་ངས་སོ་འདི་དག་བེད་སྤྱོད་བྱས་ནས་ཟས་ཞིམ་པོ་ཟ་རྒྱུ་ཡིན། ངས་ཐད་ཀར་འཛམ་བུའི་གླིང་འདི་དང་། བརྒྱུད་ནས་བོད་རྒྱ་ཆེའི་མི་དམངས་ཀྱི་ཆོས་དང་རིག་གཞུང་ལ་འབྲེལ་བ་ཡོད་པའི་ཤར་ནུབ་ཀྱི་ཡུལ་གྲུ་ཁག་གི་མི་ཚང་མ་ལ་ཕན་ཐོགས་གང་ལ་གང་འཚམ་བྱེད་ཐུབ་ཀྱི་ཡོད་པས། ད་དུང་ཡིན་ན་ཡང་སེམས་ཤུགས་བསྐྱེད་ནས། སེམས་བཟང་པོ་བྱེད་པ་དང་། ལྷག་བསམ་རྣམ་དག་གི་ཐོག་ནས་མི་གཞན་ལ་ཞབས་འདེགས་སྒྲུབ་པའི་སེམས་ཤུགས་ཡོད་མཁན་གྱི་ཆོས་པ་ལྟ་ཅི་སྨྲོས། ཆོས་མེད་ན་ཡང་སྤྱི་སེམས་འཁྱེར་མཁན་ཚང་མར་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཤུགས་བསྐྱེད་ནས་བསྡད་ཡོད་ལ། དམ་བཅའ་ཡང་འཇོག་གི་ཡོད། ང་སྔ་མོ་རྒྱ་ནག་ལ་ཕྱིན་པའི་སྐབས་སུ་མའོ་ཙེ་ཏུང་ལ་ཚར་མང་པོ་ཐུག་ཡོད། མའོ་ཙེ་ཏུང་གིས་ང་ལ་མཇལ་འཕྲད་ཐ་མའི་སྐབས་སུ། ཁྱོད་ཀྱི་བསམ་བློ་ལ་ཚན་རིག་གི་བསམ་བློ་ཤུགས་ཆེན་པོ་ཡོད་པ་ཧ་ཅང་ཡག་པོ་རེད། ཆོས་ཟེར་བ་དུག་རེད་ཅེས་བཤད་མྱོང་། སྐབས་དེར་ངས་ཅང་ལབ་པར་སྤམ་པོ་བྱས་ནས་བསྡད་པ་ཡིན། གལ་ཏེ་དེང་སང་མའོ་ཙེ་ཏུང་ཡོད་པ་དང་། ངེད་གཉིས་ཐུག་ནས་བགྲོ་གླེང་ལྷོད་ལྷོད་བྱུང་ན། མའོ་ཙེ་ཏུང་གི་སྐད་ཆ་དེར་རྦད་དེ་འགྱུར་བ་འགྲོ་བར་མ་ཟད། ཏན་ཏན་ངས་མའོ་ཙེ་ཏུང་ནང་པར་བསྒྱུར་ཐུབ།(བཞད་མོ་བཞད།) གང་ལྟར་ཆོས་ཀྱིས་བཤད་པའི་སྐད་ཆ་དེ་བདེན་པ་ཡིན་པས། ཆོས་ཞེས་པ་དེ་ལྷ་ཁང་ཞིག་གི་ནང་ནས་སྨོན་ལམ་བརྒྱབ་ནས་སྡོད་པའི་སྐད་ཆ་མིན་པར། ཆོས་ཞེས་པ་དེ་སེམས་རྒྱུད་བཟང་པོ་དང་། གཞན་ལ་རོགས་ཕན་བྱ་རྒྱུ་དེ་ཡིན་པས། གུང་ཁྲན་རིང་ལུགས་ལ་ཆ་བཞག་ཀྱང་གཞན་ཕན་བྱ་རྒྱུ་དེ་གཙོ་བོར་བཤད་ནས། གྲལ་རིམ་གྱི་ཐོག་ནས་འབྱོར་ལྡན་སོགས་ཀྱིས་དབང་ཆ་འཛིན་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་དེར་རྒྱུ་མཚན་འདུག་པས་འགྲིག་ཡོད། ཆོས་ལུགས་ཀྱི་འཐེན་འཁྱེར་དང་གྲུབ་མཐའི་འཐེན་འཁྱེར་བྱེད་པའི་སྐད་ཆ་མིན་པར། མི་སེམས་བཟང་པོ་ཞིག་དང་། མི་ཚེ་སྐྱིད་པོ་ཞིག་ཡོང་བར་སྐད་ཆ་བཤད་ཀྱི་ཡོད། རྒྱ་ཆེ་ས་ནས་ཚེ་འདི་ཙམ་མ་ཡིན་པར་ཚེ་རབས་ནས་ཚེ་རབས་བདེ་ཞིང་སྐྱིད་པའི་ངང་ནས། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་ལ་འགྲོ་བ་སེམས་ཅན་གྱི་དོན་བྱེད་ཐུབ་པར་བསམ་བློ་གཏོང་གི་ཡོད་པ་དེ་ཧ་ལས་པ་རེད། དེ་ལྟ་བུའི་སེམས་ཤུགས་དེ་སངས་རྒྱས་པའི་ཆོས་དང་། ལྷག་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནས་གསུངས་པའི་བསླབ་བྱ་དེ་དག་ཧ་ཅང་ཟབ་པོ་འདུག་པས། ང་ལ་ཆ་བཞག་ཀྱང་བསླབ་བྱ་དེ་དག་སེམས་ལ་བཞག་ནས། ག་ཚོད་ཐུབ་ཐུབ་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ཕན་བྱེད་པ་དང་། གཞན་ཕན་ཞེས་པ་དེ་ཡང་ཁམས་དང་མོས་པ་དང་འཚམ་པའི་ཐོག་ནས་འགྲོ་དགོས་པས། ད་ལྟའི་བར་དེ་ལྟར་བྱས་པ་ཡིན། ད་ཅི་བཤད་པ་བཞིན། ད་ལྟ་ཁྱོད་ཚོས་ང་ལོ་ ༨༨ ལ་སོན་པའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་ཀྱང་། ངའི་གདོང་ལ་བལྟས་ན་ལོ་བརྒྱད་ཅུ་གྱ་གྲངས་ཀྱི་པོར་ཏོ་ཞིག་གི་རྣམ་པ་འདུག་གམ། ད་ལྟ་ང་ལོ་དར་མ་ཞིག་རེད་མི་འདུག་གམ། ངའི་རྨི་ལམ་ལ་ཡང་ཡོང་གི་འདུག་ལ། འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུར་གཞན་ཕན་སྒྲུབ་པ་ལ་ཨང་གསར་བྱས་ནས་སྡོད་རྒྱུ་ཡིན།(དགའ་སྤྲོས་ཐལ་མོ་བརྡབས།) དེའི་རིང་ལ་འཛམ་བུའི་གླིང་གི་གནས་ཚུལ་མང་པོར་འགྱུར་བ་འགྲོ་བ་དང་། ལྷག་པར་འཛམ་བུའི་གླིང་ལ་ཞི་བདེ་ཡག་པོ་ཞིག་ཡོང་ཐུབ་པའི་རེ་བ་འདུག གོ་མཚོན་མེད་པ། མེ་མདའ་འཁྱེར་བའི་དམག་མི་མེད་པ། དངོས་གནས་འཚེ་བ་མེད་པའི་འཛམ་བུའི་གླིང་ཞིག་དང་། ཚང་མ་གྲོགས་པོ་གྲོགས་མཆེད་ཀྱི་འདུ་ཤེས་ཀྱི་ཐོག་ནས་འཛམ་གླིང་འདིར་འཚོ་ཐུབ་པ་ཞིག་ཡོང་གི་རེད་སྙམ། འཛམ་བུའི་གླིང་ལ་དངོས་གནས་དོན་དམ་པའི་གོ་མཚོན་མེད་པ། འཁྲུག་པ་རྒྱག་རེས་མེད་པ། མི་དང་མིའི་བརྩེ་བ་མ་དོར་བའི་ཐོག་ནས་འགྲོ་བ་ཞིག་བྱུང་ན། འཛམ་གླིང་ལ་ཞི་བདེ་དངོས་གནས་ཤིག་ཡོང་ཐུབ་རྒྱུ་བསམ་བློའི་ནང་ལ་འཇོག་གི་ཡོད། རིམ་པས་འཛམ་བུའི་གླིང་འདི་གོ་མཚོན་མེད་པ། དྲག་པོའི་དམག་ཤུགས་མེད་པ། ཚང་མ་ཨ་མའི་ཁོག་ནས་སྐྱེས་པའི་སྐབས་ལ་གོ་མཚོན་མེད་ཅིང་། བྱིས་པ་གཅིག་གིས་གཅིག་ལ་བརྩེ་བ་བྱས་ནས་མི་ཚེ་མགོ་བཙུགས་པ་བཞིན། མི་ཚེ་ཡོངས་རྫོགས་གཅིག་གིས་གཅིག་ལ་བརྩེ་བ་དང་། ཕན་པའི་བསམ་པ་བཟང་པོ་ཞིག་གི་ཐོག་ནས། འཛམ་བུའི་གླིང་འདིའི་སྒང་ལ་མི་ཐེར་འབུམ་བརྒྱད་ལྷག་ཡོད་པ་ཚང་མས། གཅིག་གིས་གཅིག་ལ་བརྩེ་བའི་བསམ་བློ་འཁྱེར་ནས་འཛམ་གླིང་འདིར་གནས་ཐུབ། གང་འཚམ་ཞིག་ནས་འཛམ་བུའི་གླིང་གི་ཚ་དྲོད་ཆེ་རུ་ཆེ་རུ་ཕྱིན་ནས་བསྐལ་བ་མེ་འཇིག་དང་ཆུ་འཇིག་ལས་མེ་འཇིག་ཡོང་རྒྱུ་དེ། ཚན་རིག་པ་ཚོས་ཀྱང་དེ་ལྟར་བཤད་ཀྱི་འདུག འཛམ་བུའི་གླིང་གི་ཚ་དྲོད་རྒྱས་ནས་བསྐལ་བ་མེ་འཇིག་མ་བྱུང་གོང་ལ། ང་ཚོས་ཀྱང་མི་ལུས་ཐོབ་པ་དོན་ལྡན་ཞིག་བྱས་ནས་མི་ཚེ་བསྐྱལ་ཏེ། བསྐལ་བ་མེ་འཇིག་བསླེབས་ནས་གླིང་གཞན་དང་གཞན་ལ་སྐྱེས་སྐབས་ཀྱང་གཞན་ཕན་གྱི་བློ་དང་། ལྷག་བསམ་རྩེ་གཅིག་ཏུ་འཁྱེར་ནས། མུ་མཐུད་འཛམ་གླིང་བྱེ་བ་ཕྲག་བརྒྱ་བཤད་པ་དེ་དག་ལ་ཡང་བསམ་པ་བཟང་པོ་དང་། སློབ་སྦྱོང་བྱས་ནས་ལག་ལེན་བཀལ་བ་འདིས་མིག་ལྟོས་སྤེལ་ཐུབ། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་པའི་སྨོན་ལམ་འདི་དེ་ལྟར་བྱས་ནས་འགྲུབ་ཀྱི་ཡོད། ངའི་བསམ་བློ་གཏོང་སྟངས་དེ་འདྲ་ཞིག་ཡིན། རྒྱལ་བ་རིན་པོ་ཆེ་སེམས་ཤུགས་ཆགས་པ་རྩ་བ་ཉིད་ནས་མེད་པར། ནམ་མཁའ་མ་ཟད་ཀྱི་བར་ལ་གཞན་དོན་སྒྲུབ་བསམ་པའི་ལྷག་བསམ་དང་སྙིང་སྟོབས་བསྐྱེད་ནས་བསྡད་ཡོད། ལུས་འདི་བླང་ཕྱིན་ཆད་ཁ་སྐོམ་དུས་འཕྲལ་སེལ་ཇ་འཐུང་བ་དང་། གྲོད་ཁོག་ལྟོགས་དུས་ཟས་མི་ཟ་ཐབས་མེད་ཡིན། དེ་ལྟར་བྱེད་དགོས་ཀྱི་འདུག་ཀྱང་། བསམ་བློའི་ཐོག་ནས་ནམ་མཁའ་མ་ཟད་ཀྱི་བར་དུ་གཞན་དོན་སྒྲུབ་བསམ་པའི་སེམས་ཤུགས་ལ་འགྱུར་བ་མེད་པར་བསྡད་ཡོད། དེའི་ཤུགས་རྐྱེན་ལ་ངའི་གདོང་ཡང་གཞོན་སྐྱེས་ཀྱི་གདོང་གི་རྣམ་པ་མ་གཏོགས། པོར་ཏོ་ལོ་བརྒྱད་ཅུ་གྱ་གྲངས་ལ་སླེབ་པའི་བཟོ་ཞིག་མི་འདུག ངས་རྩེ་གཅིག་ཏུ་གཞན་ཕན་གྱི་བསམ་བློ་བསྐྱེད་ནས། ཕན་པ་རྒྱ་ཆེན་པོ་ཞིག་སྒྲུབ་པའི་བསམ་བློ་གཏོང་གི་ཡོད། བསྐལ་བ་མེ་འཇིག་བསླེབ་པའི་སྐབས་སུ་ང་འཛམ་གླིང་གཞན་ལ་སྐྱེ་བ་དང་། འཛམ་གླིང་གཞན་པར་ཡང་མུ་མཐུད་གཞན་དོན་བསྒྲུབ་སྟེ། མདོར་ན་ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་ལ་གཞན་དོན་སྒྲུབ་རྒྱུ་དེ་ངའི་ཉམས་ལེན་གྱི་གཙོ་བོ་ཡིན་ལ། དེ་ལྟར་སེམས་ཤུགས་ཀྱང་བསྐྱེད་ཡོད། ཐུགས་རྗེ། བཀྲ་ཤིས་བདེ་ལེགས།