བཀླགས་གྲངས། 724
ཧྥ་ཇག་གི་ཇག་པ་ཁ་ཤས་མཇལ་བ།
རྒན་ཆབ་བྲག་ཕོ་ཉ།
ཐོས་རྟགས་ངོ་མ་ཡོད་ཞི་ཞིང་དུལ་བ་ཞིག།
དལ་དལ་ལྷོད་ལྷོད་ཡིན་འཆད་རྩོམ་ཞིབ་མོ་ཡིན།།
བདུད་རྩི་འཇོང་ཞོར་ལ་དགོད་གཏམ་གློད་འཇོག་ག།
དགེ་རྒན་ངོ་མ་ཞིག་སུ་དང་མཐུན་པ་ཞིག།
རྒན་བློ་བྷེ།
བོད་ཡིག་ཧྥ་ཡིག་ལ་དངོས་གནས་ཧྥ་མ་ཡིན།།
རྩོམ་རྩལ་འཇིགས་ནི་རེད་གདེང་འཇོག་མཐོ་ནི་རེད།།
གསེག་ཟིག་འབྲི་དགོས་ན་རྒན་འདིར་སྐལ་ཟིག་ཡོད།།
ཕ་རོལ་ལོག་བཤད་ཚོར་རྣག་ཐོག་གཙག་འཁེལ་ཡིན།།
རྒན་འབའ་སྲས།
སྙན་ངག་མེ་ལོང་མ་རྦད་དེ་ཟོས་འཇོག་ག།
ཁ་ལ་ཡོང་ཡོང་གོ་ཚིགས་བཅད་བྲིས་འཇོག་ག།
རོང་སྐད་སོང་དང་བཞག་རོང་བའི་མཚན་གཞི་ཞིག།
བོད་ཡིག་བོད་སྐད་ཆེད་བྱུང་གི་བསྟིམ་འཇོག་ག།
རྒན་ཟླ་ཚེ།
སྐུ་གཟུགས་གྱོང་ན་ཡང་སེམས་ཁམས་རློན་པ་ཡིན།།
དཔྱད་ནས་འཇུག་པ་ལས་གང་ལ་ཧོལ་རྒྱུགས་མེད།།
རང་སྣང་གང་དྲན་དང་རང་ཉིད་སངས་རྒྱས་ཚོའི།།
གདོང་ལ་མཆོང་ཕོད་ཀྱི་བཤད་ཕོད་སྒྲུབ་ཕོད་ཡིན།།
ཨ་བོ་མགོན་བཀྲ།
རྒྱུན་དུ་བགད་བསྡད་ཡོད་ཀུན་དང་མཐུན་པ་ཞིག།
བོད་རྒྱ་ཡིག་རིགས་དང་སྐད་རིགས་འགའ་ཤེས་ཀྱང་།།
ཤེས་རློམ་མི་ཤེས་ཤིང་ཤེས་ཚད་སྒྲུབ་མཁན་ཞིག།
ལར་ཞེན་ཤེས་རིག་དང་འབྲེལ་ནས་དལ་མོ་ཞིག།
ཤེད་བུ།
རྟག་པར་འཛུམ་བསྡད་ཡོད་འཛུམ་དེ་རྒས་བསྡད་ཡོད།།
ཁ་ན་སྤུ་ཞིག་ཡོད་དེ་ཡང་བགད་བསྡད་ཡོད།།
སྙན་ངག་བཞུར་འཇོག་ག་བཞུར་ནོ་བཞེངས་བཞག་ཡོད།།
དགོད་གཏམ་ཏག་ཏག་ཡིན་དེ་ཡང་རྩེད་མཚར་ཡིན།།
རྨི་ལམ་དཀར་པོ།
བལྟས་ན་སྒམ་པོ་ཞིག་འགྲོགས་ན་གུ་ཡངས་ཤིག།
བོད་པའི་ཞལ་མདངས་ཅན་རོགས་པར་བསྟུན་མཁས་ཤིག།
སྙན་ངག་མི་འབྲི་ཡང་བྲིས་ནོ་སྤུས་དག་ཡིན།།
ཁ་ནས་བཤད་པ་ལས་ཤེས་རྒྱ་ཁོག་ན་ཡོད།།
པཱ་ར་མི་ཏ།
བལྟས་ན་ཆུང་ཆུང་ཞིག་ཆུང་ཆུང་གཟི་མོ་ཞིག།
བཤད་ལ་དགའ་བ་ཞིག་ཁ་ཁོག་མེད་པ་ཞིག།
རྒན་བཀུར་གཞོན་བྱམས་ཀྱི་ལྷག་བསམ་གཙང་མ་ཅན།།
ཕྱོགས་ཞེན་མེད་པ་ཞིག་རྩོམ་ལ་དུངས་པ་ཞིག།